སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1
2345678
9101112131415
16171819202122
23242526272829
30
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38454


 
དེ་རིང་གི་ཚོར་བའི་སྤྲིན་དཔུང་།
[ 2018/9/3 19:05:00 | By: vase ]
 


དེ་རིང་ཚོར་བའི་སྤྲིན་སྤུང་།



ད་ནངས་ཞོགས་པའི་སྐྱ་རེངས་ཤིག

ཤར་མཐའི་ཕྱོགས་ནས་དལ་དུ་འཐེན།

ཨ་སྔོན་གནམ་གྱི་ཐིག་ལེའི་འོད།

ནུབ་རི་གངས་ལ་ལྷམ་མེར་འཚེར།


དུས་བཅད་ཐུན་གྱི་རྡོ་ཏིང་ཞིག

ཐོན་འཛིན་སྦུག་ལ་ཁྲིགས་སེ་གྲགས།

གསེར་ཞག་འོ་མའི་ཞོགས་ཇ་དེ། 

ལྟོ་བའི་ཁུད་ལ་ལྟེམ་མེར་འཁྱིལ།


སྔོ་བསང་གཡུ་ཡི་མེ་ལོང་ཞིག

ཡང་སྟེང་དགུང་ནས་ཡང་སྟེང་འཕག

ཚོར་འདུ་རྩེད་འཇོ་ཡིད་ཀྱིས་འཁྲབ།

དགོད་སྒྲའི་གཏམ་གླེང་གྲོས་སུ་བཀུག


རླབས་བསྐྱོད་རླངས་འཁོར་ལག་གིས་དཀྱུས།

གནམ་མཐའི་ལྷོ་ལ་མྱུར་དུ་བགོམ།

ལབ་གླེང་ཚོར་འདུ་ཟེགས་མ་ཞིག

གཤོང་ལུང་རྒྱུད་ནས་མཁའ་ལ་ཐོན།


གཡང་རི་གངས་བྲག་རྔམ་མཐུག་པའི།

སྨུག་པོ་རི་ཡི་སྒལ་གཞུང་དང་།

དྭངས་གཙང་ཟེགས་མའི་རྫ་ཆུ་བཞུར།

སིལ་ཏོག་རྩི་ཡི་སྤང་ཁུད་འཁྱིལ།


བལ་དཀར་འཐོར་འདྲའི་རྫ་ཤུལ་གསེབ།

གཡང་དཀར་མེ་ཏོག་ཁྱུ་ཚོགས་བཞད།

གྲུ་ཁུག་ཐེམ་གྱི་ཐོག་བརྩེགས་མཛེས།

ཝ་ལ་དཀར་པོའི་ཉམས་དེ་བརྗིད།


སྤྲིན་དཀར་བང་རིམ་བསྟར་ས་སྟེ།

བསིལ་ལྗོངས་རི་བོའི་ཉག་ཀ་ནས།

ང་དང་མཆེད་པོ་དགོད་སྒྲ་ལྷང་།

སྤྲོ་སྐྱིད་དཔལ་ལ་དེ་རིང་བསྐྱོད། 


ལྷུན་པོའི་དབུ་རྩེ་གནམ་ལ་བཀན།

རྫ་རྡོ་དཀར་པོའི་ངོས་ལ་འཁྲས།

ཡལ་འདབ་གཡུ་ལོའི་ཚང་ཚིངས་མཐུག

ལྗོན་ཤིང་སྟོང་གི་གྲལ་ཁ་བསྟར།


གཡུ་གཞོང་སྤང་ལ་རང་བྱུང་བརྡོལ།

རྩི་ཏོག་སྟོང་གིས་སེར་ཕྲེང་བསྟར།

ར་བ་སྒོ་བཞིའི་ནོར་གནག་གསེབ།

གཞོན་ནུ་སྐེད་པ་ལྡེམ་ལྡེམ་འཁྱུག


དཀར་གསུམ་ཐུད་ཀྱི་དབྱར་ཤེ་རྒྱས།

གསེར་ལུང་ཕྱུག་མོའི་འདབ་ཞོལ་དུ།

གཡག་རྒོད་རོག་པོས་ངར་ལྷབ་ལྡིར།

གད་ལ་རྭ་རྩེད་སྒྱུར་བཞིན་འདུག


མེ་ཏོག་དྲི་བསུང་འཐུལ་ས་ནས།

ལྷ་འབྲི་དྲུད་མས་ངུར་རྒྱང་འཐེན།

དྭངས་གཙང་རྩྭ་ཆུ་རོལ་བཞིན་འདུག

ལྷགས་རླུང་གཤག་པའི་གནག་རྫི་ཅག


འུར་ཐག་ཁྲ་རིལ་ཀླད་ལ་སྐོར།

རྫ་སྤང་མཚམས་ནས་དལ་དུ་ཆས།

ནོར་གནག་མ་བུ་ཆ་འགྲིག་ཅན།

གཡང་ཐག་གདང་ལ་བཏགས་གྲབ་འདུག


འཕྲུལ་གྱི་རླབས་ལ་ལག་གིས་འཇུས།

རྒྱང་གི་ཐང་ཆེན་གོམ་གྱིས་བགོམ།

ཚང་ཚིངས་རི་ཡི་སྐེད་ནས་ཆས།

འདུ་འཛི་བྲལ་བའི་གཞིས་སུ་སླེབས།


གདམས་ངག་ཚན་ཁ་རྒོད་ས་སྟེ།

མན་ངག་བྱིན་ཁ་འབར་ས་ཞིག

ཉམས་ལེན་ཆར་ཆེན་འབྲུག་པ་ཡི།

རྣལ་འབྱོར་ཆེན་མོ་མཇལ་ཁ་ཐོབ།


སེམས་པ་དལ་དུ་ལྷོད་མཚམས་ནས།

ཆིབས་སུ་མྱུར་མགྱོགས་རླུང་ལ་བཅིབས།

གཡའ་རི་གངས་བྲག་ལ་ལུང་བསྡེབས།

སྨུག་མོ་རི་ཡི་རྒྱང་ནས་ཕེབས།


མར་དཀར་ནོར་བུ་སྒ་ར་ར།

བཅུད་དཀར་འོ་ཞོ་ཉི་ལི་ལི།

ཟས་ཀྱི་གཏེར་ཁ་སྤུངས་སེ་སྤུང་།

ཟད་མེད་ལོངས་སྤྱོད་འགྲིགས་སེ་འགྲིག


ལས་ཀྱིས་འབྲེལ་བའི་མཆེད་པོ་ཅག

རྩྭ་ལྗང་བལྟམས་པའི་སྤང་ཁུག་དང་།

འབྲི་གཡག་འདྲེས་པའི་ལྷས་འདབས་སུ།

ཕུན་སུམ་ཚོགས་པའི་སྐྱིད་སྒར་བཏབས།


རང་བྱུང་ལྗོན་ཤིང་དྲི་བསུང་ཞིམ།

རྫ་རྡོ་དཀར་པོ་བརྗིད་ཅིང་བདལ།

སྤང་ཐང་སྔོན་མོ་ཁོད་ཅིང་མཉམ།

“ཕུག་སྟེང་”གདོང་གི་མཚེར་ས་སྐྱིད།


མ་འོངས་ལོ་ཟླའི་ཚེ་ལྷག་ནང་།

མཐུན་པའི་མཆེད་པོ་མ་བྲལ་ན།

སྐྱིད་པའི་ཉི་མ་བཟང་བརྒྱ་ལ།

ཡང་ནས་བསྐྱོད་པའི་རེ་སྨོན་ཡོད།


དེ་རིང་བདུན་ཕྲག་ངལ་གསོ་ཉིན་མོ་ཁྱུང་ནག་སྡེ་པའི་འབྲོག་ས།

ཝ་སྨད་ཕུག་སྟེང་ཁ་ནས་/ཁྱུང་བསོད་བློས/ཤར་བྲིས་བྱས།

   

སྤྱི་ལོ/༢༠༡༨/༨/༢༡/ཉིན་བྲིས།




 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.