ཁྱུང་ཡུལ་སྒྱུ་རྩལ་བ་ལ་ཚིག་གིས་གྱེར།
ཁྱུང་བསོད་བློ།
གངས་ཀྱི་དཀར་ཤམ་གནམ་ལ་ཟུག་པའི་འཁྱགས་རོམ་ཏི་སེའི་ཁ་བད་ཆེ།།
ལྷ་བྲིས་མགར་བྲོ་གཞོན་ནུ་འཁྲུངས་སའི་ཁ་ཞེང་ཆེ་བའི་ཁྱུང་ཡུལ་ཕྱུག།
མེས་པོའི་རིག་གནས་གཞོན་ཤ་དོད་པའི་རིག་པ་འབྱུང་བའི་ཕ་ས་ཆེ།།
ལེགས་ཚོགས་སྟོང་གི་ཐོན་ཁུང་མོད་པས་གཏེར་ཁའི་ཁྱུང་ཆུ་ཤག་ཤག་བཞུར།།
མྱེས་པོ་སྟོང་གི་ཐབ་ལྷ་འཁོར་སའི་ར་བ་སྒོ་བཞིའི་གཡང་ཁྱིམ་སྟེ།།
ཕྱོགས་བཞིའི་ཆོན་ཕུར་ས་ལ་བཀྲབ་པའི་སྦྲ་ནག་སྨུག་པོའི་ཐུ་འོག་ནས།།
རྩྭ་ཆུ་གཙང་རོལ་སྤུ་ཁ་བཙན་པའི་བེའུ་ཆུང་མ་བུ་ཆ་འགྲིག་འཚོས།།
ཉིང་ཁུ་རང་བྱུང་འཚོ་བ་ཞིམ་པོ་དཀར་གསུམ་འོ་ཞོ་ལྷུག་ལྷུག་རྡོལ།།
རྩྭ་ལྗང་སིལ་ཏོག་ཚང་ཚིང་མཐུག་པའི་གནམ་ས་གཉིས་ཀྱི་ག་འུ་ནང་།།
གནག་སྣུམ་ལན་བུ་ཕྱང་ཕྲུལ་བསྟར་བའི་ཡིད་ཀྱི་མེ་ཏོག་ཚོམས་དཔུང་མཐུག།
ཚོར་བ་མངར་མོའི་ལག་འཇུ་ཚ་བའི་དབྱར་གཞུང་སྒེག་མོའི་སྤང་ཁ་ནས།།
གྲོས་སུ་གཉིས་ཆར་སུམ་ཆར་སྡེབ་པའི་ཆར་གདུཌ་འོག་གི་ཞིབ་འགྲོས་མཛེས།།
ཆེ་བརྗིད་ཁྲོམ་གཏུམ་རྔམ་པའི་གར་གྱི་ཕོ་རྒོད་འགྱིང་པའི་གཟི་རྔམ་དང་།།
ཕྱི་ནང་ལང་ཚོར་མེ་ཏོག་དགུ་སླས་སྒྱུ་རྩལ་མཉེན་ལྕུགས་འཁྲིལ་ལྡེམ་ལ།།
ཡིད་ཀྱི་མཐིལ་ནས་ཟུར་མིག་ཤོར་ཞོར་བྱང་ཁོག་སྟོད་ནས་ཁོག་དགོད་ཤོར།།
མི་རུང་མི་འོས་ཚིག་གི་གསང་རྒྱ་དམར་ཆུང་ལྗགས་ཀྱིས་ཤོར་གྲབས་བྱས།།
ལྟད་མོ་ཁ་གང་མིག་གི་ལོངས་སྤྱོད་གཟུགས་ཀྱི་ལྷ་མོ་ཁྱོད་ཚོས་བཞེངས།།
ཚངས་སྲས་བུ་མོའི་སྙན་སྦུག་རིང་མོས་ཐོས་འཛིན་དབང་པོ་སྒྲ་ཡིས་གསོས།།
ཕྱོགས་བཞིའི་བསིལ་རླུང་དལ་བུ་རྒྱུད་ནས་ཤ་འུ་དྲི་བསུང་སྣ་ལ་སྐུར།།
ཁོར་ཡུག་གཙང་མའི་དཀར་གསུམ་ཟས་ཐུད་འོ་མ་མངར་མོའི་སྡེར་ཁ་འབེལ།།
སྤྲིན་དཀར་བལ་འདབ་ཚོམས་དཔུང་མཐུག་པའི་སྤུ་རྒྱལ་ཏི་སེ་སྟོད་ནས་འགྱིང་།།
ལུག་ཆུང་ཚར་བུ་དཀར་ཆ་བཙན་པའི་སྤུ་བཟའ་འབྲོག་མོ་མཐའ་ནས་ལྡེམ།།
ལྡིང་གར་གནའ་དེང་སྲོལ་རྒྱུན་ཟིན་པའི་ཁྱུང་པོ་རལ་པའི་རོལ་ཆ་མཛེས།།
ཁྱུང་མོ་ལྡིང་གར་”ཁྱུང་ནས་སྒྱུར་དུས་སྤྲེད་རྒན་ཉོབ་རྟོ་གཉིས་ལས་དཀྲོགས།།
གངས་རི་མཚོ་ལ་རྟེན་ཞིང་འཁྲས་ནས་ལྷགས་རླུང་སྒང་དུ་མཚེར་སྒར་རྒྱབ།།
རྫ་སྤང་མཚམས་ནས་འཚོ་བ་རོལ་ཏེ་གཡའ་ཤ་བཟས་པའི་མཐུ་སྟོབས་དང་།།
རྔ་རྩིད་དགུ་སྒྲིམ་སྦྲ་ནག་འོག་ནས་འོ་ཞོ་བཏུང་བའི་དན་རྟགས་ཀྱིས།།
ས་རྡོ་ལྗི་མོ་རྒྱ་མ་སུམ་བརྒྱའི་ཤེད་རྡོ་གནམ་ལ་ཤུགས་སུ་བཏེགས།།
ཀ་ཁའི་ཚེ་སྲོག་དབྱངས་ལ་འཁྱུད་པའི་སྒོ་བཞི་མཛོད་ལྔའི་ཐབ་ལྷ་བཙན།།
སངས་རྒྱས་བསྟན་པ་སེམས་ལ་བཅང་བའི་བསླབ་པ་གསུམ་གྱི་བྱིན་ཁ་མཐོ།།
ཕས་རྒོལ་ལོག་ལྟ་ཡུག་ནས་ཕུད་པའི་དགག་སྒྲུབ་ཙན་དན་མེ་དཔུང་ཚ།།
སྐུ་ཚེ་གང་པོར་བསྟན་ལ་བྲེལ་བའི་བཤད་སྒྲུམ་སྒོམ་གསུམ་ཁྱུང་ཡུལ་རྒྱས།།
མ་བཅོས་འཛུམ་པའི་མཛེས་སྡུག་གླེང་ན་ཉི་མ་བརྒྱ་ལ་གླེང་ཚོད་མེད།།
ལྷ་ལས་བབས་ནས་མི་ལ་འགྱུར་བས་མི་རིགས་ཁྲག་རྒྱུན་གཙང་མ་ཡིན།།
ལྷ་མོའི་ཆས་ཀ་མཛངས་མས་སྤྲས་དུས་ཆ་ལུགས་མཛེས་མིན་ཅི་ལ་བཤད།།
འཕུར་ལྡིང་མཉེན་ལྕུགས་སྒྱུ་རྩལ་བདག་པོ་ཁྱོད་ཚོ་ཡོད་པས་ང་ཚོ་སྤྲོ།།
ཁྲག་རྩ་འཁྲུགས་ནས་ཁྲོ་ཞིང་མ་གཏུམ་ཁྲོ་བོ་རྔམ་པའི་གར་དགུ་ཅན།།
ཕ་བཟང་བུ་ཡི་གསོན་ཉམས་དོད་པ་གླིང་དཀར་སྟོད་ཀྱི་ཕོ་རྒོད་འབེལ།།
པིར་གྱི་མ་ཚོན་རྫས་ཀྱིས་མ་སྦྱོར་དཀར་ཆ་གྲུང་ཆ་ཡོངས་རྫོགས་པའི།།
འོད་ཀྱིས་འཚེར་ཞིང་མཁུར་ཚོས་དམར་བའི་ཡིད་ལ་བབ་པའི་མི་མོ་མང་།།
མི་རིགས་ཤིག་གི་སྲོལ་རྒྱུན་འཛིན་ལ་དམ་བཅའ་ཧྲག་པའི་རུ་ཤོག་ཅན།།
དཀའ་བརྒྱ་འབད་སྟོང་རྔུལ་ཆུ་གསེབ་ནས་ཁྱོད་ཚོ་གསོན་པའི་མི་ཚེ་ལ།།
ཆད་ས་མཐུད་བྱེད་ཆུང་ས་གསོ་བྱེད་རྒྱུ་དང་འབྱོར་བ་མ་ཐེངས་ཀྱང་།།
བག་ཆགས་ཟབ་སར་ཁྱོད་ཚོ་འཆང་བས་སེམས་ཀྱི་ཡི་རངས་མ་ཆུང་ཡོད།།
དཀར་འཇམ་སྐུ་ལོ་གཞོན་ཤ་དོད་པའི་གསར་སྐྱེས་ཕོ་མོའི་གསོན་ཉམས་དང་།།
མེ་ཏོག་རྐང་པའི་སྟངས་སྟབས་རེ་དང་ཡན་ལག་འདབ་མའི་གར་སྟབས་རེར།།
མགོ་བོ་གཡུག་ཞོར་མིག་ཟུང་བགྲད་ཞོར་ཁོ་བོ་དབུཌ་ཀྱི་འབྱིན་རྔུབ་བརྗེད།།
སྒྱུ་སྩལ་འཁྲབ་ཚན་མ་རྫོགས་བར་དུ་མིག་ཟུང་མ་འགུལ་ཧྲིག་གེར་གཡེང་།།
ཤེས་རིག་ཅིག་གི་བླ་ཚེ་བསྲུང་ལ་མཚོན་གྱིས་མི་ཚུགས་གོ་ཁྲབ་དགོས།།
མི་རིགས་ཤིག་གི་རིག་གནས་སྤེལ་ལ་སྐད་དང་ཡི་གེ་སྒྱུ་རྩལ་དགོས།།
ཁོར་ཡུག་ཅིག་གིས་སྔོན་ཐོན་འགྲིམ་ལ་ཆ་ལུཌ་ཆས་ཀ་སྤུས་གཙང་དགོས།།
དགོས་པ་གསུམ་གྱི་ལྟ་བས་ཕྱུག་ལ་འབད་པ་སྟོང་གི་ལག་རྗེས་གསལ།།
སྤྱི་ལོ་/༢༠༡༨/༨/༣༠/ཉིན་ཏེ།
དུས་ཆེན་སྟོན་མོ་ལྟ་རུ་ཐེངས་གཅིག་ཆས་པའི་ཚོར་བ་དངོས་བྲིས་མ་ཞིག་༢༠༡༨/༩/༢/ཉིན་གྱི་ཞོགས་ཀ་ཤར་བྲིས་བྱས་ནས་འཁྱུག་གོ།