དད་པ་རྒྱུད་ལ་སྐྱེ་དགོས་པའི་རེ་བའི་སྐད་ཆ།
ཁྱུང་བསོད་བློ།
༧ ང་རང་ཁར་རྩང་གྲྭ་སྒྲིག་བཟང་པོ་ཞིག་མེད་པའི་སྒོ་ནས་བགྲོ་གླེང་གར་སྟེགས་ཆེན་མོ་ཞིག་གི་ཐོག་ནས་༼རང་རྒྱུད་ལ་དད་པ་སྐྱེ་དགོས་པའི་སྐད་ཆ༽ཞེས་པའི་ཁ་བྱང་ཅན་ཞིག་གླེང་ཁུལ་བྱས་ཀྱང་། གྲྭ་སྒྲིག་མེད་པའི་སྐད་ཆ་དེ་ལག་ཟླུམ་བྲག་ལ་འཛེགས་པ་ལྟར་ཟེར་བ་ནང་བཞིན་གྱུར་ཡོད་ལོད་བསམ་ནས་སེམས་ཁྲལ་འགའ་བྱུང་ཐེས། དེས་རྐྱེན་བྱས་ནས་མདང་དགོང་གྲྭ་ཤག་ནང་དུ་འབྱོར་མ་ཐག་དང་དེ་རིང་གི་བར་ལ་དད་པ་ཞེས་པའི་སྐོར་ནས་ཚིག་ཁ་ཤས་ཤོག་ཐོག་ལ་ཕབ་འདོད་བྱུང་ནས་དཔེ་ཆ་ཁ་ཤས་ཤིག་བལྟས་པ་ཡིན། སྤྱིར་དད་པ་ཞེས་པའི་ཡིག་འབྲུ་གཉིས་པོ་དེ་ནི་ནང་པ་གཤེན་རབ་པའི་གཞུང་ལུགས་ནང་དུ་གསལ་བའི་ཐུན་མིན་གལ་གནད་ཅན་གྱི་ཚིག་ཅིག་དང་། ནང་པ་གཤེན་རབ་པའི་རྗེས་འཇུག་ཅིག་ཡིན་ཚུན་མཁོ་གལ་ཆེ་བའི་དངོས་པོ་ཞིག་ཡིན་འགྲོ ཡིན་པའི་རྒྱུ་མཚན་ཡོད་དེ་ནང་པ་གཤེན་རབ་པའི་བསྟན་པའི་འཇུག་སྒོ་ཐུན་མོང་མ་ཡིན་པ་སྐྱབས་སུ་འགྲོ་རྒྱུ་དེ་རེད། སྐྱབས་སུ་འགྲོ་བ་ལ་དད་པ་བརྟན་པོ་ཞིག་དགོས་ངེས་ཡིན་ཏེ། ང་ཚོའི་དཔེ་ཆ་དུ་མ་ནང་དུ་དད་པ་ནི་སྐྱབས་འགྲོའི་རྒྱུ་རུ་གསུངས་ཡོད་པ་དང་། ནང་པ་གཤེན་རབ་པའི་བོན་གཞུང་དུ་གསལ་བའི། ལས་རྒྱུ་འབྲས་དང་། ཚེ་སྔ་ཕྱི་དང་། དགེ་སྡིག་སྤང་བླང་དང་། བཟང་སྤྱོད་ཕར་ཕྱིན་བཅུ་སོགས་ཀྱི་སྤྱོད་པ་རླབས་པོ་ཆེ་ཡོངས་སུ་བསྐྲུན་པ་ལ་དད་པ་དང་ཡིད་ཆེས་ལ་རག་ལས་པས། ནང་པ་གཤེན་རབ་པའི་བསྟན་པར་ཞུགས་པ་ལ་མེད་ན་ཐབས་ཆག་ཡོད་ན་མཁོ་གལ་ཆེ་བ་དེ་ནི་དད་པ་ཞེས་པ་དེ་ཡིན་ནོ།། གོང་གི་དད་པའི་སྐོར་བཤད་བྱ་ལ་ས་བཅད་རྣམ་གྲངས་བརྒྱད་ཙམ་བཤད་རྒྱུ་ཡིན། དང་པོ་དད་པ་བཙལ་ཐབས་དང་། གཉིས་པ་དད་པའི་ངོ་བོ། གསུམ་པ་དད་པའི་དབྱེ་བ་དང་དད་པ་བཞི་པོ་རིམ་བཞིན་སྐྱེ་ཚུལ། བཞི་པ་དད་པ་མེད་ན་སྐྱོན། ལྔ་པ་ཡོད་ན་ཡོན་ཏན། དྲུག་པ་ཆོས་དད་དང་རྨོང་དད་གཉིས་ཀྱི་ཁྱད་པར། བདུན་པ་དད་པ་དགའ་བ་གཉིས་ལ་མུ་བཞི། བརྒྱད་པ་དད་པ་སྐྱེ་བའི་དགོས་པ་སོགས་ས་བཅད་བརྒྱད་ཙམ་བཤད་རྒྱུ་ཡིན།
དང་པོ་དད་པ་བཙལ་ཐབས་ནི། སྡུག་བསྔལ་ལ་སྐྲག་པའི་བློ་རང་གི་རྒྱུད་ལ་སྐྱེ་བར་བྱ་རྒྱུ་དང་། རང་ཉིད་མི་རྟག་ཡིན་པར་བསམ་པ་དང་། རང་ཉིད་ག་དུས་འཆི་ཡང་ངེས་པ་མེད་པར་སོགས་དྲན་པར་བྱ་ནས་རང་གིས་རང་ལ་འཁོར་བ་ལ་སུན་སྣང་དང་སྐྱོ་བ་སྐྱེ། འཁོར་བའི་ངོ་བོ་སྡུག་བསྔལ་གྱི་རྣམ་པ་རུ་དྲན་དགོས་པ་དང་། ཡང་ན་དད་པ་སྐྱེ་བར་བྱེད་པའི་རྒྱུ་བཞི་སྟེ། སྒྲོན་མ་མུན་སེལ་གྱི་ཟུར་རྒྱན་ནང་གསུངས་པ་ལྟར། བླ་མ་བཟང་པོ་དང་། བདེར་གཤེགས་ཀྱི་བཀའ་ལུང་ཟབ་མོ་དང་། དགྲ་ཡིས་མནར་བ་དང་། གཉེན་ཉེ་འབྲེལ་ཤི་བ་ལུས་ལ་ནད་རིམས་ངན་པ་འབྱུང་བ་སོགས་དད་པ་སྐྱེ་བའི་རྒྱུ་དུ་མ་བཙལ་དགོས། སྡེ་སྣོད་མཛོད་ལས། འཇིགས་པའི་གནས་ལ་སྐྲག་པའི་སེམས་སྐྱེས་ནས། སྐྱོབ་པའི་མཐུ་མངའ་ཡུལ་ལ་དད་པའི་བློ། སྐྱེས་བུ་གསུམ་གྱི་འཇུག་སྒོའི་ཐོག་མ་བླང་། དེ་ལ་དད་པའི་དངོས་པོ་ཡུལ་ལ་མོས། བཙལ་ཐབས་ཡུལ་གྱི་ཡོན་ཏན་དྲན་པའོ། ཞེས་གསུངས། སྡེ་སྣོད་མཛོད་ལས། དད་པ་བཙལ་ཐབས་ནི་དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དག་ཡང་ཡང་དྲན་པར་བྱེད་ནས་བཙལ་བའོ་ཞེས་གསུངས། སེམས་ལུང་ལས། དད་དང་གཏོང་བ་ཤེས་རབ་བརྩོན་འགྲུས་དང་། ཚུལ་ཁྲིམས་ཐོས་དང་ལྷག་བསམ་དཀར་བའོ། ཞེས་གསུངས། སྡེ་སྣོད་མཛོད་ལས། དད་པ་དེ་འཕགས་པའི་ནོར་བདུན་གྱི་གཙོ་བོ་ཡིན་པའི་ཕྱིར། དེ་རྒྱུད་ལ་མེད་ན་འཕགས་ནོར་གཞན་དག་དང་ལྡན་ཀྱང་མི་ཕན་པའོ།། ཞེས་གསུངས་སོ།།
གཉིས་པ་དད་པའི་ངོ་བོ་ནི། འགྲོ་མགོན་གསང་བ་བསེན་ཐུབ་ལས། དད་པ་ནི་ཡུལ་ཁྱད་པར་ཅན་ལ་མོས་པའི་བློ་འཇུག་པ་སྐོམ་པ་ཆུས་གདུང་བ་ལྟ་བུ་དེ་འདིར་བསྟན་དད་པའི་ངོ་བོ་ཞེས་གསུངས། རྗེ་རིན་པོ་ཆེའི་ས་ལམ་ལས། ཡུལ་ཁྱད་པར་ཅན་ལ་མོས་པའི་བློ་གཏད་པ་དེ་དད་པའི་ངོ་བོ། ཞེས་གསུངས་སོ། སུམ་བརྒྱ་པ་ལས། གང་ཟག་སྐོམ་པ་གང་ཞིག་ཆུས་གདུང་བཞིན། དད་པའི་སྔོན་ལ་དགེ་བར་མོས་ཞེས་བཤད། མཛོད་ལས། དད་པའི་དངོས་པོ་དགེ་ལ་མོས། ཞེས་གསུངས པ་དང་། མཛོད་ལས། སྟོབས་ལྡན་བློ་གསལ་དད་ཆེ་ལ། ཀུན་གྲགས་རྒྱ་ཆེར་བསྟན་པར་བྱ། འགྲོ་མགོན་གྱིས་བསེན་ཐུབ་འགྲེལ་ལས། དད་པ་ཆེ་བ་ནི་ཡུལ་ཁྱད་པར་ཅན་ལ་ངེས་པའི་བློ་གཏོད་པ་དེའོ་ཞེས་གསུངས། དད་པའི་ངོ་བོ་བཤད་སྐབས་ཀྱི་ཡུལ་ཁྱད་པར་ཅན་ཞེས་པ་ནི་སྐྱབས་ཀྱི་ཡུལ་མཆོག་གི་རིགས་སུ་གནས་པ་ལ་འཇོག་དགོས་པ་ལས། དེ་ག་ཙམ་གྱི་རང་བློ་མོས་སའི་གཟུགས་སྒྲ་དྲི་རོ་སོགས་ཀྱི་ཡུལ་ཙམ་ལ་འཇོག་མི་བཏུབ་བོ།
གསུམ་པ་དད་པའི་དབྱེ་བ་དང་དད་པ་བཞི་པོ་རིམ་བཞིན་སྐྱེ་ཚུལ། དང་པོ་དད་པའི་དབྱེ་བ་བཞི་བསྟན་སྐབས་དད་པའི་དབྱེ་བ་བཞི་པོའི་རྣམ་གྲངས་གསལ་བ་ལམ་རིམ་སུམ་བརྒྱ་པ་ལས་གཞན་པའི་དཔེ་ཆ་ནི། ཡང་རྩེ་ཀློང་ཆེན་དང་། བསྒྲགས་པ་སྐོར་གསུམ་དང། དྲང་དོན་མུན་སེལ་སྒྲོན་མ་སོགས་ལས་གསལ་བ་དང་། ཡང་རྩེ་ཀློང་ཆེན་ལས། མོས་པའི་དད་པ་དང་། དྭངས་བའི་དད་པ་དང་། ཡིད་ཆེས་པའི་དད་པ་དང་། མཐར་ཕྱིན་པའི་དད་པ་དང་བཞིའོ་ཞེས་དད་པའི་དབྱེ་བ་བཞི་བསྟན་པ་དང་། དྲང་དོན་སྒྲོན་མ་མུན་སེལ་ལས་ཀྱང་། ཉམས་སུ་བླངས་ནས་རྒྱུད་ལ་བརྟེན་པའི་དད་པ་གསུམ། བུ་གཅིག་པོ་ལ་མ་ལྟར་མོས་པའི་དད་པ་དང་། མགྲོན་པོས་རང་ཡུལ་མཐོང་ལྟར་ཡིད་ཆེས་པའི་དད་པ་དང་། སྤྲོ་ཞིང་གུས་པ་ཤེལ་སྒོང་ལྟ་བུའི་དད་པའོ། ཞེས་གསུངས་པའི་དད་པ་གསུམ་བསྟན་ནོ།
གཉིས་པ་དད་པ་བཞི་པོ་རིམ་བཞིན་སྐྱེ་ཚུལ། སྡེ་སྣོད་མཛོད་ལས། སྤང་ལ་ཆུ་བརྡོལ་མི་ཁོག་དེ་བཞིན་སྐྱེ། དེ་ཐོབ་དེ་ཡིས་ཡོན་ཏན་ཀུན་སྣ་འདྲེན། ཞེས་གསུངས། བཤད་མ་ཐག་པའི་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པ་དང་། བཀའ་ལུང་ལ་བལྟ་རྟོགས་བྱེད་པ་དང་། གང་ཟག་ཁྱད་པར་ཅན་ལ་སྤང་ལ་ཆུ་བརྡོལ་བ་བཞིན་དུ། དད་པ་བཞི་པོ་རང་རྒྱུད་ལ་རིམ་གྱིས་སྐྱེ་སྟེ། སུམ་བརྒྱ་པ་ལས། སྤང་ལ་ཆུ་བརྡོལ་བཀག་པའི་མི་ཁོག་བཞིན། དེ་ལ་བརྟེན་ནས་དེ་ནི་སྐྱེ་བར་འགྱུར། ཞེས་གསུངས། སུམ་བརྒྱ་པ་ལས། མ་ཡི་ཕྱི་བཞིན་བུ་ལ་འབྲེང་བ་ལྟར། མོས་པའི་དད་པའི་བསྟན་པ་ལ་འཇུག་འགྱུར། ཞེས་གསུངས། མོས་པའི་དད་པ་ནི་རང་གི་རྩ་བའི་བླ་མ་རྗེས་སུ་འབྲེང་ནས་ཅི་གསུང་ཐམས་ཅད་སངས་རྒྱས་གསུང་དུ་འཛིན། ཅི་མཛད་ཐམས་ཅད་སངས་རྒྱས་ཀྱི་མཛད་པ་རུ་འཛིན་དགོས་ཏེ། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་སྟེ། ཅི་མཛད་ལེགས་པར་མཐོང་བའི་སེམས་ཅན་རྣམས། བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག་གསུངས་པ་ལྟར་ཡིན་ནོ། མོས་པའི་དད་པས་གཙོ་བོ་བླ་མའི་རྗེས་སུ་འབྲེང་རྒྱུ་དེ་གྱིས། དང་བའི་དད་པས་མི་མཐུན་ཕྱོགས་སེལ། གོང་དེས་བླ་མ་ཚུལ་བཞིན་བསྟེན་པས་ཐོས་བསམ་གྱི་ཤེས་རབ་རྒྱས་ནས་དགེ་སྡིག་གི་སྐྱོན་ཡོན་རིག་པའི་བློ་སྟེའོ། སུམ་བརྒྱ་པ་ལས། ནོར་བུ་ཆུ་དྭངས་རྫས་ཀྱིས་ཆུ་རྙོག་སེལ། དྭངས་བའི་དད་པས་སྤྲོ་འགྱུར་དགེ་སྡིག་འབྱེད། ཡིད་ཆེས་པའི་དད་པ་ནི་དགེ་སྡིག་གི་འབྲས་བུ་བདེ་སྡུག་མྱོང་བ་ལ་ཡིད་ཆེས་ནས་བླང་དོར་གྱི་གནད་ལ་མཁས་པར་བྱ་རྒྱུ། ཡང་སུམ་བརྒྱ་པ་ལས། དགུན་གཞུའི་རྒྱུན་བཞིན་ཡིད་ཆེས་དད་པ་ཡིས། ཐེ་ཚོམ་སེལ་ཏེ་ཤེས་པ་གཞུང་ཚུགས་འགྱུར། མཐར་ཕྱིན་པའི་དད་པ་དེ་ཕྱིར་མི་ལྡོག་པའོ་ཞེས་གསུངས། མཐར་ཕྱིན་པའི་དད་པ་ནི། གང་ལ་ཡང་འཇུག་ཀྱང་མཐར་མ་ཕྱིན་བར་དུ་ཕྱིར་མི་ལྡོག་པའི་བློ་སྟེ། ཡང་སུམ་བརྒྱ་པ་ལས། སྲོག་ཆད་མི་གང་ལོག་པ་མེད་བཞིན་དུ། ཕྱིར་མི་ལྡོག་པས་དད་པས་མཐར་ཕྱིན་འགྱུར། ཞེས་གསུངས་སོ། སྡེ་སྣོད་མཛོད་ལས། དད་པའི་བྱེད་ལས་ཡང་དང་པོ་བོན་སྒོར་འཇུག གཉིས་པ་དགེ་སྡིག་གི་སྐྱོན་ཡོན་ཡོན་འབྱེད། གསུམ་པ་བླང་དོར་གྱི་གནས་ལ་ཕྱིར་མི་ལྡོག བཞི་པ་མཐར་ཕྱིན་གྱི་གནས་སུ་བསྐྱལ་བར་བྱེད་དོ་ཅེས་གསུངས་སོ།
བཞི་པ་དད་པ་མེད་ན་སྐྱོན། སྡེ་སྣོད་མཛོད་ལས། མེད་སྐྱོན་མཚོ་གཏིང་རྡོ་དང་གཟིང་མེད་ཆུ། ས་བོན་མེས་ཚིག་ལག་ཟླུམ་གསེར་འཕྲད་འདྲ། ཞེས་གསུངས་པ། དཔེར་ཐར་པའི་སྐམ་ས་དང་བྲལ་བ་མཚོ་གཏིང་གི་རྡོ་ལྟ་བུ་དང་། འཁོར་བའི་རྒྱ་མཚོ་ལས་མི་ཐར་བ་ཆུ་ཆེན་ལ་གྲུ་གཟེངས་མེད་པ་ལྟ་བུ་དང། བྱང་ཆུབ་སེམས་ཀྱི་སྨུ་གུ་མི་སྨིན་པ་ས་བོན་རུལ་བ་དང་འདྲ་བ། ཡོན་ཏན་སྣ་གཅིག་མི་ཐོབ་པ་ལག་ཟླུམ་གསེར་གླིང་ཕྱིན་པ་དང་འདྲའོ། སེམས་ལུང་གསལ་སྒྲོན་ལས། གཡུང་དྲུང་གནས་བཞིར་སྐྱབས་སུ་མ་སོང་ན། བདུད་དང་མུ་སྟེགས་འཁོར་བའི་བསླུ་བྲིད་འབྱུང་།། མདོ་ལས། དད་པ་མེད་པའི་སེམས་ཅན་གང་དག་ལ། དཀར་པོ་དགེ་བའི་ཡོན་ཏན་མི་འབྱུང་སྟེ། དཔེར་ན་ས་བོན་མེ་ཡིས་ཚིག་པ་ལ། སྨྱུ་གུ་སྔོན་པོ་སྐྱེ་བར་མི་འགྱུར་རོ། ཐབས་དྲུག་ལས། དད་པ་མེད་པའི་དགེ་སྦྱོར་དེ། ཐལ་བ་དག་ལ་འབྲུ་བཏབ་འདྲ། བྱང་ཆུབ་ལམ་རིམ་བློ་སྦྱོང་ནང་དུ། དད་པ་དེ་འཕགས་པའི་ནོར་བདུན་གྱི་གཙོ་བོ་བོན་ཐམས་ཅད་ཀྱི་གཞི་མ་ཡིན་པའི་ཕྱིར་ཞེས་གསུངས་སོ། རྣམ་རྒྱལ་ལས། གང་ཞིག་མོས་པས་ཡིད་བྱེད་པ། དེ་ཡི་མདུན་དུ་གཤེན་རབ་བཞུགས། རྗེ་རིན་པོ་ཆེས། ཡུལ་ལ་མོས་པའི་བློ་གཏད་པ། དད་པ་ཡིན་ཏེ་དྭངས་བ་དང་། ཞེས་གསུངས། བསྒྲག་པ་སྐོར་གསུམ་ལས་ཀྱང་། དད་པ་མེད་ན་དཀོན་མཆོག་ལ་སྐྱབས་སུ་འགྲོ་མི་ཐུབ། དཀོན་མཆོག་ལ་སྐྱབས་སུ་མ་སོང་ན། མི་དང་མི་མ་ཡིན་བདུན་སྲིན་ལོག་པ་ཅན་རྣམས་ཀྱིས་བསམ་པ་ལ་བར་དུ་གཅོད། དེ་ནས་དགེ་བ་ལ་བར་དུ་གཅོད། དེ་ནས་ཚེ་ལ་བར་དུ་གཅོད། མཐར་ངན་སོང་གནས་སུ་འབུལ་བར་བྱེད་ཅེས་གསུངས་སོ། སྐྱབས་སུ་སོང་ན་དེ་རྣམས་ཀྱིས་བར་དུ་མི་ཆོད་ལ་ཕྱི་ནང་གསང་བའི་སྡོམ་པ་བསྲུང་བའི་རྟེན་ཁྱར་པར་ཅན་དུ་འགྱུར་བ་དང་། སྔོན་བསགས་ཉོན་མོངས་ཀྱི་སྒྲིབ་པ་ཡང་བྱང་ཞེས་གསུངས་སོ།
ལྔ་པ་དད་པ་ཡོད་པའི་ཡོན་ཏན། དྲན་དོན་མུན་སེལ་སྒྲོན་མ་ལས། དད་པས་མི་ཁོམ་གནས་བརྒྱད་སྤང་བར་བྱེད།
དད་པས་ཐར་པའི་ཕྱོགས་ཀྱི་ལམ་སྣ་འདྲེན།
དད་པས་ཁམས་གསུམ་འཁོར་བའི་ཆུ་རྒྱུན་གཅོད།
དད་པས་བདེར་གཤེགས་བཀའ་རྒྱུད་དོན་རྣམས་རྟོགས།
ཞེས་གསུངས་སོ། སྡེ་སྣོད་མཛོད་ལས། ཡོད་པས་དགེ་སྡིག་རྟེན་བྱེད་བརྩོན་འགྲུས་རྟ། གདམས་ངག་སྣོད་དང་ཤེས་རབ་འཛིན་བྱེད་པའོ། མི་ཡོད་པས་ནོར་གསོག་པ་ལྟར་དད་པ་ཡོད་ན་དགེ་སྦྱོར་གྱི་རྟེན་བྱེད་པ་དང་། རྟ་བཟང་པོ་ལ་ལྕག་གིས་བྲབ་པ་ལྟར་དད་པ་ཡོད་ན་བརྩོན་འགྲུས་ཀྱི་ལས་མྱུར་བ། ནོར་ལྡན་ལ་མཛོད་ཁང་ཡོད་བཞིན་དད་པ་ཡོད་ན་གདམས་ངག་གི་སྣོད་ལྡན་པ། གར་སྤྱིན་ལ་རླན་དྲོད་འཛོམ་པ་ལྟར་དད་པ་ཡོད་ན་ཤེས་རབ་ཀྱིས་མི་གཏོང་འཛིན་པར་བྱེད་པའོ། མ་རྒྱུད་ཐུགས་རྗེ་ཉི་མ་ལས་ཀྱང་། དད་པའི་ས་བོན་སངས་རྒྱས་ཡོན་ཏན་བསྐྱེད། ཞིང་ས་གཤིན་པོ་བཞིན་དུ་སྐྱེ་བའི་གཞི། ལྗོན་པའི་རྩ་བ་བཞིན་དུ་བརྟན་པའི་གནས། ཅེས་གསུངས་སོ། བཀའ་རྒྱུད་བྱིན་རླབས་རང་གི་དད་པས་ལེན། ཞེས་གསུངས། སོ་སོ་ལ་དད་པ་ཡོད་ན། དངོས་འབྱོར་ཏིང་འཛིན་བཤམས་ནས་འབུལ། མ་འབྱོར་ཏིང་འཛིན་དམིགས་ནས་འབུལ། གསུངས་པ་ལྟར་ཡིན་ནོ། རང་ལ་ཡོད་པའི་དཔལ་འབྱོར་གང་ལྕོགས་དང་། རང་ལ་འབྱོར་བ་ཆེན་པོ་མེད་ཀྱང་ཏིང་འཛིན་གྱི་དམིགས་ཡུལ་བྱེད་ནས་མཆོད་པར་ཕུལ་ཆོག་གོ།
སྟོན་པའི་བཀའ་སྒོ་བཞི་མཛོད་ལྔ་ཕྱི་ནང་གསང་གསུམ་འདི་མཛོད་ཕུག་ཅིག་ལ་དཔེར་མཚོན་ན་དད་པ་ནི་ལྡེ་མིག་ལྟ་བུ་ཞིག་རེད། རང་དོན་འཆད་རྩོད་རྩོམ་གསུམ་གཞན་དོན་ཐོས་བསམ་སྒོམ་སྒྲུབ་འདི་མཁར་ཆེན་པོ་ཞིག་ལ་དཔེར་མཚོན་ན་དད་པ་ནི་རྨིང་གཞི་ལྟ་བུ་ཞིག་ཡིན་ནོ།།
དྲུག་པ་རྨོང་དད་དང་བོན་དད་གཉིས་ཀྱི་ཁྱད་པར། བོན་དང་དཀོན་མཆོག་ལ་དད་པའི་དད་པ་ནི་སྐྱབས་བློ་ངེས་པ་གསུམ་དང་ལྡན་པ་ཞིག་དགོས་ཏེ། མ་རྒྱུད་ཐུགས་རྗེ་ཉི་མ་ལས། སྐྱབས་བློ་ངེས་པ་གསུམ་དང་ལྡན་པ་ཡིས། སྐྱབས་འོག་དམ་པར་རང་གཞན་ཚུད་པར་བྱ། ཞེས་གསུངས་པ་དང་། ཀུན་མཁྱེན་ཤར་རྫ་པས་གསུངས་པ་ལྟར། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ངེས་པ་དང་། དཀོན་མཆོག་ལ་སྡུག་བསྔལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ངེས་པ་དང་། སྐྱབས་སུ་སོང་ན་འཇིགས་པ་ལས་སྐྱོབ་པར་མི་བསླུ་བར་ངེས་པར་ཤེས་པ་སྟེ། ངེས་ཤེས་དེ་གསུམ་དང་ལྡན་པས་རང་གཞན་ཐམས་ཅད་དཀོན་མཆོག་གི་སྐྱབས་འོག་ཏུ་ཚུད་པའི་ཆེད་དུ་ཡུལ་ཁྱད་པར་ཅན་ལ་དད་པས་སྐྱབས་སུ་འགྲོ་འདོད་ཀྱི་བློ་ནི་སྐྱབས་སུ་འགྲོ་བའི་རྒྱུ་མ་ནོར་བ་ཡིན་པར་ཤེས་དགོས་གསུངས་པས་བོན་གྱི་དད་པ་ནི་དེ་འདྲ་ཞིག་དགོས་སོ། རྨོངས་དད་ནི་དད་པ་འཇོག་ཡུལ་སོ་སོས་བརྟགས་དཔྱད་གང་ཡང་མེད་པར། མི་ཆོས་བླ་མའི་རྫུན་མགོ་བསྐོར་ནས་མངོན་ཤེས་མེད་ན་ཡོད་མདོག་དང་གྲུབ་རྟགས་མེད་ན་ཡོད་མདོག་སྟོན་མཁན་གྱི་མགོ་སྐོར་དུ་ཚུད་པའི་དད་པ་དང་། སེམས་རྒྱུད་ལ་བྱམས་དང་བརྩེ་བ་སྤུ་ཙམ་མེད་པར་འཇིག་རྟེན་ཁེངས་དྲེགས་ཀྱི་ལྷ་དེ་ཚོ་ལ་སྐྱབས་སུ་འགྲོ་བའི་དད་པའི་བློ་དེ་ཚོ་རྨོངས་དད་ཀྱི་མཚན་གཞི་འཇོག་ཆོག་པར་སྣང་ངོ་།
བདུན་པ་དད་པ་དགའ་བ་གཉིས་ལ་མུ་བཞི་བརྩི་སྟངས། ༡ དད་པ་དང་དགའ་བ་གཉིས་ཀ་ཡིན་པ། སྟོན་པའི་བཀའ་ལ་སྐྱབས་འཇུག་ཞུ་བཞིན་དུ་འདི་ཚོ་ཅི་འདྲ་ཟབ་པོ་ཞིག་དང་། བཀའ་འདི་ཚོ་ལ་སྦྱང་བའི་གོ་སྐབས་འདི་བཟང་པོར་སྙམས་ནས་སྤྲོ་ལྷང་ལྷང་གི་དད་པ་དེ་དགའ་དད་གཉིས་ཀ་ཡིན་ལ། ༢ དགའ་བ་ཡིན་ལ་དད་པ་མ་ཡིན་པ། གཟུགས་མཛེས་པོ་ལ་སེམས་དགའ་བའི་དགའ་བ་དེ། དེ་ལ་དད་ཀྱང་དགའ་བ་ཡིན་ལ་དད་པ་མ་ཡིན། གཟུགས་མཛེས་པོ་ལ་དད་པ་མ་ཡིན་དེ། སྐྱབས་འཇུག་ཞུ་བ་མ་ཡིན་པའི་ཕྱིར། དེ་ལ་དད་ན་དད་པ་སྐྱེ་མི་དགོས་ཏེ། ཆང་དད་དང་དཀར་དད་བཞིན་ཡིན་ནོ། ༣ དད་པ་ཡིན་ལ་དགའ་བ་མ་ཡིན་པ། གཡང་དང་གད་ཁ་ནས་སྐྲག་འདར་ངང་གི་སྐྱབས་འཇུག་ཞུ་བའི་སྐབས་ཀྱི་མངོན་གྱུར་དུ་ལྡང་བའི་དཀོན་མཆོག་ལ་དད་པའི་དད་པ་དེ་དད་པ་ཡིན་ལ་དགའ་བ་མ་ཡིན། དགའ་བ་མ་ཡིན་དེ་གང་ཟག་དེ་སྤྲོ་ལྷང་ལྷང་ངང་དུ་མ་གནས་པས་སོ། ༤ གང་ཡང་མ་ཡིན་པ་ནི་མི་འདོད་བཞིན་དུ་དགྲ་ལ་གནག་པའི་སྡང་སེམས་ལྟ་བུའོ།
ས་བཅད་བརྒྱད་པ་དད་པ་སྐྱེ་བའི་དགོས་པ་ནི། རང་རྒྱུད་ལ་དད་པ་མེད་ན་ཞིང་ས་གྱོང་པོ་ནང་ལ་ལྗང་བུ་མི་སྐྱེ་བ་བཞིན་རང་རྒྱུད་ལ་ཐར་ལམ་གྱི་སྨྱུ་གུ་སྐྱེ་མི་སྲིད་པས། ང་ཚོ་ཚང་མ་ནང་པ་གཤེན་རབ་པའི་རྗེས་འཇུག་ཅིག་ཡིན་དུས་དད་པ་ཟེར་བ་དེ་མེད་ན་མེད་ཐབས་མེད་པ་དང་། ཡོད་ན་དགོས་མཁོ་ཆེ་བ་ཞིག་ཡིན་པས་རྒྱུ་མཚན་གང་ཟེར་ན། རང་རྒྱུད་ལ་དད་པ་མེད་ན་བོན་གྱི་འཇུག་སྒོ་སྐྱབས་འགྲོའི་སྡོམ་པ་དང་སེམས་བསྐྱེད་ཀྱི་སྡོམ་པ་དེ་ཚོ་རང་རྒྱུད་ལ་སྐྱེ་མི་ཐུབ་པ་དང་། སྐྱབས་འགྲོ་སེམས་བསྐྱེད་ཀྱི་སྡོམ་པ་ཙམ་ཡང་རང་རྒྱུད་ལ་མེད་ན། སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོའི་གདུལ་འཁོར་དུ་ཚུད་མི་ཐུབ་སྟེ། སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་སྡོམ་པ་སྣ་གཅིག་མེད་ན་སྟོན་པ་ང་ཡི་འཁོར་དུ་མི་གཏོགས་ཅེས་གསུངས་པ་ལྟར་ཡིན་པས་བོན་འབངས་ཚང་མའི་ཐུགས་ལ་འཇག་དགོས་རྒྱུ་གལ་ཆེའོ།། དེང་སང་གི་ལོ་ཆུང་མང་པོ་ཞིག་ལྟོ་རྒྱབ་ཉི་མས་དྲོས། ཁ་སྒོ་སྣུམ་ལྟོ་ཆུང་འབུར་གྱང་རའི་ཉིན་ཁུགས་ནས་སྐད་ཆ་སྦོམ་པོ་སྟོང་གཏམ་འདྲ་བཤད་མཁན་མང་སྟེ། དཀོན་མཆོག་ལ་ཡིད་མི་ཆེས། ལས་རྒྱུ་འབྲས་མེད་རབས། ཚེ་སྔ་ཕྱི་ལ་ཡིད་ཆེས་མེད་རབས་བཀའ་ལུང་ཚད་མ་འདི་ཚོ་སྒྲུང་གཏམ་དང་གཏམ་རྒྱུད་དུ་རློམས་ནས་དཔེ་ཆ་ཕྲན་བུ་བལྟས་རྗེས་ཧ་ལས་ཡ་ཞིག་རྟོགས་པ་སད་ཡོད་མདོག་གི་ཨོ་གཟོབ་ཅན་འདི་ཚོ་སེམས་ལ་དད་པ་མེད་པ་ཁ་སྐམ་ཚིག་སྟོངས་ཅན་ཞིག་ཡིན་འགྲོ དོན་ངོ་མ་སྡུག་བསྔལ་གྱིས་མནར་གཅོད་དྲག་པོས་འདུར་མ་མྱོངས་བའི་བར་སྣང་གི་གཏམ་རེད་བསམ་གྱིན་ཡོད། དོན་ངོ་མར་ནད་ན་ཚ་མི་འདོད་པ་ཞིག་དང་སྡུག་བསྔལ་མི་བཟོད་པ་ཞིག་རྒྱུད་ལ་སྐྱེས་པ་ཡིན་ན་ལས་འབྲས་དང་དཀོན་མཆོག་དང་ན་ཚ་སེལ་ཐབས་ཀྱི་གཏོ་མདོས་སོགས་ལ་འབད་འབུང་བྱེད་ཐག་ཆོད་པ་རེད་སྙམ་ཡོད། ང་ཚོའི་བྱང་ཆུབ་ལམ་རིམ་གྱི་གཞུང་ལས། དེང་སང་གི་སྐྱ་སེར་ཕོ་མོ་ཕལ་ཆེ་བས། ལོ་ཁ་ཤས་རེ་དང་། ཟླ་བ་ཁ་ཤས་རེ་ལ། དད་པ་ཆེ་ཆེ། ཚིག་འཇམ་འཇམ། གོམ་པ་དལ་པོ་བྱས་ཀྱང་། མཐར་ཉམས་ལེན་དང་། ཕྲེང་བ་འཁོར་ལོ། གར་སོང་ཆ་མེད་དུ་བཞག་ནས། རྐུ་ཇག་ཁྲམ་གསུམ་སོཌ་བླ་མའི་ཞབས་འདྲེན་བྱས་ནས། སྔར་ཅི་བྱས་ཅི་བསམ་ཡིད་ལ་དྲན་པ་ཙམ་ཡང་མེད་པར། རང་གིས་རང་ངོ་ཚ་བར་བྱེད་པ་མང་པོ་ཡོད་རེད་དེ་ནི་དད་པ་ཞེས་པ་ཇི་ལྟར་ཡིན་མིན་ཧ་མ་གོ་བའི་དོན་རེད་གསུངས་སོ། དེ་ལྟ་བུ་མ་གྱུར་གོང་ནས་བོན་འབངས་ཚང་མས་རང་རྒྱུད་ལ་དད་པ་བརྟན་པོ་སྐྱེ་དགོས་རྒྱུ་དང་དམིགས་བསལ་བཙུན་གཟུགས་སློབ་གཉེར་བ་ཚོའི་དཔེ་ཆ་སྦྱོང་རིམ་བཞིན་ནས་རང་རྒྱུད་ལ་དད་པ་བརྟན་པོ་ཞིག་སྐྱེ་དགོས་རྒྱུ་དེ་གནད་འགག་ཆེན་པོ་ཞིག་རེད། བཙུན་གཟུགས་སློབ་གཉེར་བ་རྣམ་པ་སེམས་ཀྱི་ནང་དུ་དད་པ་མེད་པའི་སྤྱང་ཀི་ཤམ་ཐབས་ཟེར་བ་དེ་མ་ཆགས་པར་བྱེད་དགོས་པ་གལ་ཆེའོ་སྙམ་མོ།། ༢༠༡༧/༡༡/༢༧/ཉིན་མོར་མཁར་སྤ་བསོད་ནམས་བློ་གྲོས་ནས་ཨུ་ཚུགས་སྡུག་རུས་བྱས་ཐེངས་ཤིག་ལ་སྤེལ་ལོ།།