སྤྱི་ལོ་གསར་པ་བསུ་བའི་སྐྱ་རེངས།
ཁྱུང་བསོད་བློ།
གཤེན་ཁྱིམ་མཉམ་མེད་ཚང་གི་ཐབ་རྩ་རུ།།
རབ་འབྱམས་ཆུ་བཞི་བརྡོལ་སའི་ཆུ་མགོ་ཆེ།།
སྨྲ་སེང་མཁན་སློབ་གཤེན་གསུམ་འཛུལ་མུལ་བཞུཌ།།
སྐུ་ཁམས་བཟང་ཞེས་མཇལ་ཁ་རྒྱང་ནས་ཞུ།།
ཙན་དན་དཀར་དམར་དྲོ་བའི་རི་སུལ་དུ།།
འཆད་རྩོམ་ནོར་བུའི་མཛོད་ལ་ཅི་དགའ་རོལ།།
རྩོད་པ་ཆེན་པོས་རྒྱ་མཚོ་གྲུ་ཡིས་བསྐྱོད།།
འཁོར་ལོ་གསུམ་གྱི་བོན་སྒོ་བཙུཌ་ནས་ཡོད།།
བྲག་དམར་མེ་རི་འབར་བའི་བྲང་གཞུང་དུ།།
བྱིན་ཅན་པོད་ཀྱི་ཏི་སེའི་བང་རིམ་གསེབ།།
བླ་རྒན་འོ་མ་འདྲ་སིག་བཞུགས་ནས་ཡོད།།
ཁྱེད་ཉིད་མཇལ་ཁ་ཞུས་ཡོད་སྐུ་ཁམས་བཟང་།།
གཤེན་སྡེའི་ཡོ་ལངས་སྡེབ་པའི་ཁྱུ་ཚོགས་སུ།།
ལོག་རྟོག་ཀླད་པ་འགེམ་པའི་རིག་སྨྲ་བས།།
སྨྲ་སེང་དགྱེས་པའི་དྷི་སྒྲའི་གསོང་སྐད་མཐོ།།
ཚུལ་གསུམ་ཚད་མའི་གོ་ཁྲབ་གྱོན་ནས་ཡོད།།
འཇའ་ལུས་འཕོ་ཆེན་གཤེཌ་སའི་སྒྲུབ་ཁང་དུ།།
སྒྱུ་ལུས་ཟུང་འཇུག་སྤུད་པའི་སྒྲུབ་རྒྱུད་སྤེལ།།
ཤར་གྱི་མཛོད་ཆེན་སྡེ་ལྔ་ཉམས་ཀྱིས་གཤར།།
སྙིང་རྗེའི་རང་གཟུཌ་རྣལ་འབྱོར་བཞེངས་ནས་ཡོད།།
གཤེན་རབ་བླ་མ་གཤེགས་པའི་ཤུལ་ལམ་དུ།།
གདུལ་བྱའི་བློ་ལ་བབས་པའི་མཛད་འཕྲིན་ཏེ།།
ཕྱྭ་སྣང་སྲིད་གསུམ་བོན་གྱི་གྱེར་སྒོ་ཆེ།།
རིང་ལུགས་རྨས་མེད་གདངས་ཀྱིས་གྱེར་ནས་ཡོད།།
གངས་ལ་ཏི་སེ་འཁྲས་པའི་སྒང་གཤོང་དུ།།
སངས་རྒྱས་སྨན་ལྷ་བཞུཌ་པའི་སྐྱབས་འཇུག་འོག།
ནད་སེལ་གསོ་བའི་རིམ་གྲོ་ལག་ཏུ་བསྟར།།
དཀར་ནག་རྩིས་ཀྱི་རིག་པ་འཛིན་ནས་ཡོད།།
ཆུ་བཞིའི་ཆབ་ཀྱིས་ནེམ་པའི་ཕང་བ་རུ།།
ལྷ་སྲས་པད་མོས་པི་ཝང་ཁྲོ་ལོ་ལོ།།
སྒྱུ་རྩལ་ངག་ཏུ་རྩེན་པའི་གངས་ཕྲུག་ཚོས།།
ཚངས་སྲས་དགྱེས་པའི་དབྱངས་རྟ་འགུག་ནས་ཡོད།།
ལྷ་དབང་རྒྱལ་གྱིས་སྡོང་གྲོགས་སྔ་ནས་མཛད།།
བཞུ་ཞིང་བརྡུང་ལ་ལི་ཤོའི་ཕྱག་ལག་དོད།།
མཉེན་ཞིང་འཁྱུག་ལ་གར་མའི་སྤིར་ལག་བྱང་།།
ཞང་ཞུང་རི་མོའི་སྒྱུ་རྩལ་འཐེན་ནས་ཡོད།།
དུས་གསུམ་མཁྱེན་པའི་སངས་རྒྱས་མ་ཡིན་ཡང་།།
དུས་རབས་སྒུལ་བའི་ཆ་འཕྲིན་རྦ་ལོག་འཕྱུར།།
རྡུལ་ཕྲན་དཔྱོད་པའི་ཕྲ་མཐོང་ཆུ་ཤེལ་གསལ།།
སྟོབས་ཆེན་ཚན་རྩལ་ཀླད་པ་རྒྱས་ནས་ཡོད།།
ཀླུ་དབང་གཙུག་གིས་གཏེར་ཁ་ལྷོག་ལྷོག་ཁོལ།།
འོད་ཆེན་གསེར་གྱི་ཉིང་བཅུད་ཆེམ་ཆེམ་འཕྲོས།།
དུད་ཆེན་ཕྱུག་པོའི་གཞིས་ཀྱི་སར་ཟིན་མཁན།།
གངས་ཆེན་རི་བོའི་འདབས་སུ་འབེལ་ནས་ཡོད།།
པོད་ཆེན་རྗེས་གཞག་མཛད་པའི་ཉིན་མོ་ལ།།
སྟོན་པས་བསྐལ་པ་དུས་ཀྱི་ཕྱི་རྟིང་དུ།།
སངས་རྒྱས་ང་ཉིད་མི་འབྱོན་ཡི་གེ་འབྱོན།།
གསུངས་པའི་བཀའ་བརྟེན་དག་བཞེངས་མཛད་ནས་ཡོད།
མདུན་བསྐྱོད་གོམ་གྱི་རྡོག་སྒྲ་འཐེན་མཁན་ཚོ།།
གསར་ལོའི་སྐྱ་རེངས་སྐྱ་མདའ་གཏོང་ཞོར་དུ།།
ལུས་ཅན་ཕལ་གྱི་ཁྱད་བོན་ཡོད་དོ་ཅོག།
སྟབས་བདེའི་འཕྲིན་ལེབ་པང་དུ་གླེང་གཞག་ཡོད།།
ལས་ཀྱིས་རྒྱུ་བའི་ལུས་ཅན་འགྲོ་ཀུན་ཚོ།།
སྤྱི་ལོའི་ཉི་མ་གསར་པ་མཉམ་དུ་འདེ།།
ཚེ་ལུས་སྲོག་གི་ལང་ཚོ་མཉམ་དུ་འཚོ།།
སྒོ་གསུམ་སྟོན་མོའི་དགའ་སྐྱིད་མཉམ་དུ་རོལ།།
བཀྲིས་ཉི་མས་ཨ་སྔོན་གང་བར་ཤོག།
བདེ་ལེགས་ཟླ་བས་ས་གཞིར་ཁྱབ་པར་ཤོག།
ཕུན་སུམ་སྐར་མའི་ཚེས་བཟང་ཚོཌ་པར་ཤོག།
སྤྱི་ལོ་གསར་པར་བདེ་ཞིང་སྐྱིད་པར་ཤོག།
སྤྱི་ལོ་༢༠༡༦/༡/༡/ཉིན་ཞོགས་ཀའི་སྐྱ་རེངས་ཀྱིས་སྐྱ་མདའ་གཏོང་བ་དང་ལྷན་དུ་སྤྱི་ལོ་གསར་པ་ནང་འགྲོ་ཀུན་བདེ་སྐྱིད་ལྡན་ལ་ཁ་དགེ་བག་ཏུ་བྲོ་བའི་ལྟས་བཟང་ཞིག་གི་དོད་དང་སྤྱི་ལོ་གསར་པའི་ནང་གི་རང་རྩོམ་གྱི་ཐོག་མ་ཞིག་ཡིན་པས་/༢༠༡༦/༡/༡/ཞོགས་པ་ཆུ་ཚོད་/༧/ཐོག་ཏུ་ཤར་མར་འཁྱུག་གོ།