ཇ་ཁང་དུ་བསྐྱོད་པ།
ཁྱུང་བསོད་བློ།
ཁང་ཀླད་མཁའ་རུ་ཟུག་པའི་གྲུ་ཟུར་ཤར་གྱི།།
ཚ་ཀླད་དྲོད་ཀྱིས་ཕྱུག་པའི་ཐང་དཀར་ཇ་ཁང་།།
དམར་སེར་ལྗང་བུ་ཇ་ཡིས་མཆོད་པ་བཤམས་ཏེ།།
ལུས་ངག་སེམས་ཀྱི་ཚོར་བ་ལྷོད་དུ་ཕབ་ཡོད།།
སྣ་མང་མེ་ཏོག་གཟུགས་ཀྱིས་དཔྱམ་གདུང་སྤྲས་ཏེ།།
མཚར་སྡུག་བརྙན་འཕྲིན་སྟོན་མོས་དགོད་སྒྲ་འཚེར་ལ།།
ངེས་མེད་སྤྱི་ཚོགས་འགྲུལ་པས་འཚང་ཀ་ཤིག་ཤིག།
སྐད་འཕྲིན་པང་ལེབ་རེ་ལ་གུས་ནས་བསྡད་ཡོད།།
ང་དང་དགེན་སློབ་མཆེད་གྲོགས་འདུ་ཁ་བཙན་ལ།།
མདངས་ཆེན་ན་བཟའ་དམར་སེར་སྤུ་ཁ་ངོམ་བཞིན།།
དྭངས་གསལ་མངར་མོའི་རྒྱ་ཇ་གང་མོས་བཏུང་ལ།།
སྙུག་གསར་སླས་མའི་རྐུབ་སྟེཊ་ཁྲི་ལ་འགྱིང་ཡོད།།
ཁ་ཕྱོཊ་མདུན་ལམ་བསྐྱོད་པའི་གྲོཊ་ཀྱི་བུ་ལོ།།
ཐོག་མེད་ལས་དབང་ཞིག་གིས་ཆ་རུ་བཀོད་ལ།།
མུ་མེད་ལྔ་རིག་རྒྱ་མཚོའི་མཐོང་ཁ་ཞིག་ལ།།
ལོ་ཆུང་ཆུ་འཛིན་དཀར་དམར་ཡོ་ལངས་མཛེས་སོང་།།
སྐྱིད་སྡུག་འཚོ་བའི་འཕེལ་གྲིབ་གླེང་དུ་མ་ཁོམ།།
ཡུན་རིང་འདྲིས་པའི་རྒྱུས་གཏམ་བཤད་ན་མ་མཚར།།
སྐད་ཅིག་ཉི་མའི་དུས་ཚོད་གར་སོང་མ་མཐོང་།།
ཀུ་ཤུ་ཁ་པར་རེ་ལ་ཧྲིག་ཧྲིག་བགྲད་ཡོད།།
དུས་རྒྱུན་བྲེལ་ལ་ཆེ་བའི་སློབ་བུ་ཚོ་ཞིག།
དོན་ཆེན་བོན་གྱི་བྱ་བའི་བར་གསེང་ཞིག་ཏུ།།
སོས་དལ་ལྷོད་དུ་ཁོམ་པའི་དེ་རིང་མི་ཚེས།།
ཕན་ཚུན་ལྷང་ལྷང་དགོད་སྒྲའི་ཚོར་བ་སྐྱེས་སོང།།
རྒྱང་བལྟས་དབང་པོ་དྲུག་གིས་མཐོང་ཡུལ་ཞིག་ནས།།
ཕར་ཀའི་འདོད་ཡོན་ལང་ཚོས་ཕྱིར་བལྟས་མེད་ཀྱང་།།
སུ་ལ་སེམས་དོག་མེད་པའི་གྲྭ་རྐྱང་ཁྱུ་ཞིག།
རང་མགོ་ཐོན་ན་ཆོག་པའི་འཚོ་བ་སྤྲོ་སོང་།།
རྟག་པར་འདི་བཞིན་ཁོམ་ན་དེ་བས་སྐྱིད་ཅིག།
གློ་བུར་ཧོབ་ཏུ་དྲན་པས་མཚར་ཞིག་མཐོང་ཡང་།།
དལ་འབྱོར་རིང་མོའི་མི་ཚེ་དོན་ཡོད་བསམ་ན།།
དོན་མེད་བརླག་ཏུ་མི་ཐོང་གཙིཊ་སུ་འཛིན་རྒྱུ།།
༢༠༡༥/༥/༢༣/ཁྱུང་བསོད་བློ/ནས་ཐང་དཀར་ཇ་ཁང་དུ་བྲིས་སོ།།