བྱིས་དུས་ཀྱི་རྐང་ལམ་དང་ཨ་མ་དྲན་པ།
ཐོག་མེད་སྲིད་པ་ཚང་གི་མངལ་ཁྱིམ་ནང་དུ།།
ངེས་མེད་སྲོང་རྒྱ་འགྲིམ་པའི་རྣམ་ཤེས་བཅུག་ནས།།བརྗོད་མེད་ས་བོན་དཀར་དམར་བཏབ་རབས་འདུག་ཀྱང་།།
བརྩེ་དུང་བདེ་བའི་ལབ་གླེང་གོ་སྣང་མི་འདུག།
མེར་མེར་ནུར་ནུར་པོ་ཡི་བསྟར་ཕྲེང་རྒྱས་ནས།།
ཡན་ལག་གཟུགས་བཞི་དོད་པའི་ཉི་མ་ཞིག་ལ།།
ཨ་མའི་ལྟོ་ཁོག་དཀྱིལ་དུ་ཟླ་དགུ་འཛུལ་ཡང་།།
ནང་རྟེན་དོན་སྣོད་ལྔ་པོ་མཐོང་སྣང་མི་འདུག།
ལྟེ་འཚལ་མལ་དུ་ཟཊ་པའི་ཉིན་མོར་ཞིག་ལ།།
འགག་འཕྲང་སྐྱེ་བའི་སྡུག་བསྔལ་ཆེ་རབས་འདུག་ཀྱང་།།
ཚོར་བ་སྡུག་གིས་མནར་བའི་མུན་པའི་ཉི་མ།།
ཕྱིར་ལྟས་དྲན་པ་བཀོལ་ཡང་འཆར་སྣང་མི་འདུག།
དལ་བརྒྱད་འབྱོར་བས་ཕྱུག་པའི་ལང་ཚོ་བསྐྲུན་ལ།།
མངར་མོ་འོ་མའི་དུང་བ་བདག་ལ་སྤྲིང་ནས།།
སྙན་མོ་འཇམ་པོའི་བརྩེ་བ་བུ་ལ་འཁོར་བའི།།
དྲིན་ཅན་ཨ་མ་ཁྱོད་ནི་བརྗེད་དུ་མི་སྲིད།།
ལོ་ཆུང་བྱིས་པའི་གོམ་ལག་མཉམ་དུ་རྒྱས་ལ།།
ཉམ་ཆུང་སྡེ་པའི་བུ་ལ་ལག་འཛིངས་བྱེད་སའི།།
གྱེས་བྲལ་འདུ་འཛོམས་རྒོད་པའི་ཐལ་རྩེད་གསེང་གི།
གྱང་ཁུག་ཉི་མའི་རྩེད་གྲོཊ་བརྗེད་རྒྱུ་མི་འདུག།
འཛུམ་གྱི་ལང་ཚོ་དར་མ་མཛེས་སུ་མ་ཁོམ།།
ཡོད་ཚད་བུ་ཡི་ཆེད་དུ་གཏོང་ཕོད་ཆེ་བའི།།
ཨ་མ་མགྲོན་དུ་ཆས་པའི་ཉིན་མོར་ཞིག་ལ།།
རྗེས་དེས་བྱས་པའི་ཨོ་རལ་བརྗེད་རྒྱུ་མི་འདུག།
བྱིས་གཉིད་བདེ་བ་ཅན་གྱི་ཞིང་ཁམས་དཀྲོག་ནས།།
འབྲི་མོའི་འོ་མ་ཤག་ཤག་བཞོ་རུ་ཆས་ལ།།
གྲང་ཆེན་ལྷས་རའི་འདབས་སུ་འཁུམ་འཁུམ་བྱེད་ཉིན།།
རྫ་རྩེའི་ཞོགས་ཀའི་སྐྱ་རེངས་བརྗེད་རྒྱུ་མི་འདུག།།
དཀར་དམར་ཤུག་པའི་བཞོ་ཟོ་འོ་མས་གང་ལ།།
མཚན་བཟང་གངས་ཀྱི་དབུ་རྩེར་གསེར་ཉི་ཕོག་པའི།།
ནུས་ཆུང་བྱིས་པའི་ལག་ཆུང་འཁོབ་ཏུ་དྲོས་ཉིན།།
ནོར་གཡག་རྫ་རྩེར་བཀྲམ་པ་བརྗེད་རྒྱུ་མི་འདུག།
སོན་བཟང་ནོར་གྱི་བེའུ་ཆུང་རི་ལ་ཁོད་ཤོག།
མཚན་བཟང་གཡག་གི་ལྕི་བ་ཚུར་ལམ་བཏུས་ཤོག།
ཞིམ་བཟང་འབྲི་ཡི་མར་རིལ་ཨ་མས་ཉར་འདུག།
མ་བུ་ཁ་བརྡ་ལབ་པ་བརྗེད་རྒྱུ་མི་འདུག།
ཨ་མའི་བརྩེ་བའི་བྱམས་ལག་ཆུ་ཡིས་གཤལ་ནས།།
མར་དཀར་དྲི་བསུང་འཐུལ་བའི་སྦྱར་བྱུང་དྲོ་ལ།།
ཁ་བ་དབུ་ནག་ཚང་གི་ཟས་ཀྱི་གང་བ།།
རྩམ་དཀར་པག་ཟན་ཞིམ་པོ་བརྗེད་རྒྱུ་མི་འདུག།
གསོན་གསོན་མི་ཚེའི་དུང་བ་བུ་རུ་ཆགས་ལ།།
ལྷང་ལྷང་ཁ་བརྡའི་སློབ་གསོ་ཁྱེད་ཀྱིས་གནང་ལ།།
དབུ་ལོ་མི་དཀར་འགོག་ཐབས་བཙལ་ཀྱང་མ་རྙེད།།
གོར་གོར་ཨ་མའི་ཞལ་རས་བརྗེད་རྒྱུ་མི་འདུག།
བརྗེད་རྒྱུ་མེད་པ་དེ་ནི་ཨ་མ་ཡིན་ལ།།
བརྗེད་ན་མི་རུང་པ་དེ་ཨ་མ་ཡིན་ལ།།
བརྗེད་ན་མི་ཆོག་པ་དེ་ཨ་མ་ཡིན་ལ།།
མི་བརྗེད་བཀའ་དྲིན་ཆེ་བ་ཨ་མ་ཡིན་ནོ།།
ཉོབ་ཉོབ་ཤོ་ལོ་ཀ་ཡི་བསྟར་ཕྲེང་འདི་ནི།།
བྱིས་པའི་གཟུཊ་བཞི་དོད་པའི་སྔ་རོལ་དེ་ནས།།
དར་མའི་རྐང་བཞི་ཧྲག་པའི་ཚུར་རོལ་ཡན་དུ།།
ཕྱིར་བལྟས་ཐེངས་གཅིག་བྱས་པའི་གཏམ་ཞིག་ཡིན་ཆོག།
༢༠༡༥--༢--༡༦--ཞོཊ་པ་ཁྱུང་བསོད་བློ་འམ་མཁར་པ་བསོད་ནམས་བློ་གྲོས་ནས་བྲིས་སོ།།