ཀུན་ལ་དགོས་རྒྱུ་འདི་རེད།
སེར་ཁྲི་ཆེན་བླ་མ་སེར་རིལ་ལེ།།
འགངས་ཁྲི་ཐོག་དལ་དུ་བཞུགས་མ་བཟོད།།
དབུ་ཞུམ་ཞུམ་གསུང་སྐད་འཕང་དམའ་དམའ།།
ལྷས་རྫིང་གུར་གསེབ་ཏུ་དབྱར་རྩྭས་བསུས།།
མཐོ་དཔོན་ལོ་གཞུང་ལས་སྒྲུབ་མ་ཁོམ།།
དྲང་ཁྲིམས་ར་ལྟག་རྒོས་ཚལ་པར་གཤག།
ལྐོག་ཕྱི་མི་དབྱར་རྩྭའི་གཡོག་ཏུ་ཚུད།།
ཁ་མཆིན་པ་འདྲ་བ་དབྱར་རྩྭས་བཟོས།།
འབྲོག་རོང་མིས་སྒོ་ཕྱུག་སྒོ་ལ་བཀར།།
བྱིན་རྟེན་གསུམ་སྨག་ནག་དགུ་རུ་སྦས།།
དྲིན་ཕ་མ་དྲོ་ལྟོ་མ་འགྲངས་གཡུགས།།
རྒྱང་ལ་ལུང་དགུ་རྒྱབ་དབྱར་རྩྭས་ཁྲིད།།
དོན་བསྟན་པའི་བསླབ་གསུམ་མ་ཕྱུག་ཀྱང་།།
ཕྱི་རྒྱ་ཕིབས་རྒྱལ་མཚན་མཐོན་པོ་དེ།།
གྲོགས་དབྱར་རྩྭ་བསུ་བའི་འབོད་རྟེན་བྱས།།
དགོན་མཚན་ཅན་དབྱར་རྩྭའི་གྲངས་ལས་མང་།
ངོ་མ་ཤེས་གོང་ནས་འདྲིས་མདོག་སྟོན།།
འདྲིས་མ་ཆེ་གོང་ནས་ཉེ་མདོག་སྟོན།།
དམར་ཤམ་ཤམ་མགོ་ཟླུམ་སྒེར་བུ་ཕལ།།
ལྕེ་ནར་ནར་བྱེད་བཞིན་དབྱར་རྩྭས་ཁྲིད།།
མགྱོཊ་འགྲུལ་བསྐྱོད་མེད་སའི་ལུང་ཁུཊ་སུ།།
ཚོང་ཁྲོམ་ཆེན་བཞི་མདོའི་སྲང་ཁ་བསྐྲུན།།
འབགས་ཁོར་ཡུག་བཙོག་པའི་གད་སྙིག་ཅིག།
སུས་མ་འདོད་ས་འོག་འབུ་རོས་དཔུང་།།
ཕོ་ཚོད་མེད་རྒྱ་ཁོག་གསེང་ཏུ་འཕང་།།
མོ་ཆོ་མེད་རྒྱུ་མའི་ལོང་ག་འགྲིམ།།
གོ་མ་མྱོང་ཞག་གསུམ་ཕྱུག་པོ་ཞིག།
གཞོན་ལོ་ཆུང་འགའ་ལ་དབྱར་རྩྭས་བསྐྲུན།།
༢༠༡༤-༦-༥-དགོང་མོ་འཚོགས་གྲོལ་རྗེས་དཔེ་ཆ་བློ་འཛིན་བྱེད་སྐབས་རི་མཚོ་གངས་གསུམ་འཛོམ་པའི་རྩ་ཐང་དཀྱིལ་དུ་གང་དྲན་ཞིག་ཁྱུང་བསོད་བློ་ནས་བྲིས།།