དགའ་སྐྱིད་ཀྱི་ཕ་ཡུལ།
དྭངས་གཙང་གི་ཡུལ་གྲུ་དང་།
རིགས་གཙང་གི་ཕ་ཡུལ། སྲིད་པ་འོད་གསལ་ལྷ་སྲས་ལས་གྱེས་པའི་སྤྱི་བོ་གནམ་སྟོན་གྱི་མི་བུ་གདོང་དྲུག་གི་དམུ་ཐག་མ་ཆད་པའི་བུ་བརྒྱུད་སུ་ཡིན་རུང་། དཀར་དམར་དབུགས་ཀྱི་རྒྱུ་བ་དང་འབྲེལ་བའི་ལྟེ་འཚལ་དམར་པོ་ཐང་དུ་འཕོས་སའི་དགའ་སྐྱིད་ཀྱི་ཡུལ་གྲུ་སྔོན་མོ་རེ་ཡོད་པའི་སྡོད་གནས་ཆེན་པོ། ཕྲག་དོག་པོ་དང་ཞེ་ནག་པོའི་ཟུར་ཟའི་གདོན་གྱི་མ་བཟི་བའི་ང་བྱིས་པ་སྣབས་ལྷུག་གི་དུས་སུ་ཡང་། མ་ཡུམ་དྲིན་ཆེན་མའི་མངར་མོའི་འོ་མ་ལ་རོལ་བའི་དཀར་དམར་མེ་ཏོག་འཐུ་ས། སྔོན་གསང་བདག་རིག་འཛིན་དུ་མའི་ཤེས་རིག་གི་ཟུངས་ཁྲག་རྒྱས་སའི་ཁྱུང་ནག་རུ་ཤུགས་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ།
ལྷ་མཐོང་གྲོང་ཚོ་ཞེས་པའི་རི་མཚམས་སུ་ད་ལན་ཐེངས་གཅིག་འབྱོར་བ་ལ་བརྟེན། གློ་བུར་དུ་ཆུང་བྱིས་པ་ཚོའི་རོལ་རྩེད་ལྷན་དུ། རྩམ་སྐྱོ་དང་ཐལ་སྐྱོ་མཉམ་དུ་བསྲེས་ཏེ་དགའ་སྐྱོའི་དཔལ་ལ་རོལ་སའི་གྲོང་གསེང་གི་སྲང་ལམ་དེ་མཐོང་རྗེས། འོ་ཀ་ཁའི་སྨྲེ་ངག་ཐེངས་དང་པོ་གྱེར་སའི་ངེད་མཁར་པ་ཚང་གི་ཁང་པའི་ཉི་ར་དང་། དབྱངས་གསལ་སུམ་བཅུའི་ཚག་བསྡོམ་ཡ་འཁྱོག་དེ་ཁྱེར་ནས། ལས་དང་པོ་བ། དུད་གཅིག་གིས་ཡི་དམ་ཁྲོ་བོ་དབང་ཆེན་གྱི་གཞུང་ཞལ་ཕྱེ་བའི་ཉིན་འཚོགས་སྐབས་འདུ་ཚོགས་གསེང་དུ་ཡ་ཐོད་ཀྱི་རྔུལ་ཆུ་པང་ཁུག་ཏུ་ཟགས་པའི་སྐྱིད་སྡུག་འདྲེས་མའི་མྱོང་ཚོར་གྱི་དྲན་པ་དེ་ཁྲ་ལམ་མེར་དི་རིང་འཆར་སོང་།། ༢༠༡༤-༧-༡༡-ཁྱུང་བསོད་བློ་ནས།