ཡིད་སྐྱོ་བའི་རང་ཕྱོགས།
ཡ་ཐོག་སྣོད་བཅུད་སྲིད་པ་སྒང་དུ་རལ།།
མ་ཐོག་དམྱལ་སྲིད་གཅིག་ཀྱང་སྟོང་པའི་རྐྱེན།།
རང་བཞིན་ཆཊ་འཇིག་བྱེད་པོའི་བསྐལ་པ་དེ།།
མི་འབྱུང་སུ་ཡིས་འགོག་མེད་ལས་ཀྱི་གཤིས།།
ལྔ་རིག་ཟུང་ཁྲག་གཞན་དུ་མ་འཆུག་ལ།།
ཡོངས་སྙིང་ནོར་བུའི་བཅུ་རིག་ས་བོན་བཏབས།
ཕ་ཞིང་གཤིན་པོའི་བཙན་ས་ཟིན་མ་ཟིན།།
ཕ་ཤུལ་བུ་འཛིན་ཁྱོད་ལ་རགས་ལས་སོ།།
གནའ་རྙིང་གསེར་བྲིས་དཔེ་བཙོན་ཁང་དུ་ཤོར།
བརྡ་རྙིང་བཀའ་ཤོག་ཐེམ་སྐས་འོག་ཏུ་སྦས།།
ཀླད་རྙིང་བཙན་ས་བཟུང་བའི་གནའ་མི་དཀོན།
ནམ་ཡང་ཡིད་སེམས་སྐྱོ་བས་གཞན་མ་མཆིས།།
མཐོང་འདྲིས་ཆེ་རིམ་རང་སྐད་མཐོང་ཆུང་བྱེད།།
དབྱངས་གསལ་ནོར་བུ་འདི་ལ་སུན་ཉེན་གྱིས།།
གསང་སྤྱོད་སྦུག་ཏུ་ལྷབ་ལྷུབ་རླུང་གིས་བསྐྱོད།།
རང་རིགས་དོ་དམ་མེད་པའི་བརྡ་རྟཊ་མངོན།།
ཟ་ཁ་ལྷ་ལ་གདང་བའི་ཀླད་མེད་ཚོ།།
ཟ་གོས་ལྤཊ་རྩག་སྦུབས་སུ་གཉིད་ཡུན་རིང་།།
ཟ་སྐད་ར་མ་ལུག་གིས་མི་ཚེ་བསྐྱལ།།
ཟ་རྗེས་རྐང་རྗེས་མ་ཟིན་སྐྱོ་བ་ལ།།
ཨ་མའི་བུ་ཡིས་ཚན་རྩལ་ཀླད་པ་དཀྲུག།
ཆ་མེད་རྡུལ་ཕྲན་དཔྱོད་པའི་རྒྱང་མཐོང་བཟོས།
སྣོད་བཅུད་གོ་ལའི་གསང་བ་འཚོལ་ཚར་རྗེས།།
ཡ་འཁྱོག་རྐང་པའི་མ་ཐེག་གཞི་ནས་ཚོར།།
ས་མཐའ་བསྐྱོད་པའི་རྐང་རྩ་ཧྲོང་དུ་གུག།
ལས་མཐའ་སྐྱོང་བའི་ལག་རྩ་ལྡོག་ལ་ཉེ།།
དམོད་མཐའ་སྦོད་པའི་མཐུ་རྩལ་སྒྲུབ་མ་ནུས།།
ནོར་ལུག་བཤས་འཚོང་ཤེས་ཙམ་ཟ་འགམ་མང་།།
མ་རྩ་མེད་དུས་སེམས་རྩ་སྟོང་བསམ་མེད།།
སང་ལོའི་འབུ་ལ་ད་ལོའི་ཟ་ཁ་འགུལ།།
སྒྱུ་མ་ཕུ་འདེད་ཕྲ་ཞིང་དཔྱད་རྒྱག་ན།།
སྐྲ་གསེབ་རྐང་དྲི་དྲོ་བའི་བུ་ཁོ་ན།།
ཉམ་ཆུང་འབྱོར་མེད་འཕྲད་དུས་ཧམ་སྒྲ་ཆེ།།
ཇག་པ་ཁྲེལ་མེད་འཕྲད་དུས་ངུ་སྒྲ་སྒྲོག།།
ཤ་རུས་ཟུང་ཁྲག་གཅིག་པའི་སྤུན་ཟླ་ཕལ།།
གཏན་མེད་མགོ་གཉིས་པ་ཡི་མཚན་གཞི་དངོས།
༢༠༡༤-༣-༢༥-ཁྱུང་བསོད་བློ་ནས།