ཁྱུང་བསོད་བློ།
༧ ཡ་ལྐོག་ཏུ་གྱུར་པའི་དཔེ་ཆའི་དཀའ་གནད་ལགས།
ཁྱོད་ལ་ང་ཡི་རེ་སྒུག་བྱས་པའི་ལོ་ཟླ་དེ་རིང་སོང་།
ཁྱོད་ནི་དུས་ནམ་ཡང་ང་དང་ཞལ་འཕྲད་པའི་སྐལ་བ་མི་འདུག
ཁྱེད་ནི་ངའི་ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་གསེང་དུ་མཉམ་དུ་བསྐྱོད་ཀྱང་ངོ་མ་ཤེས་པ་ཁྱེད།
གང་བཞུགས་ཡོད་དཔེ་ཆའི་དཀའ་གནད་ལགས།
འཛུབ་ཁྲིད་ཀྱི་ལམ་ནས་ང་ལ་ཁྱོད་རང་གི་བཞུགས་གནས་དེ་ངོ་སྤྲོད་ཞིག
ངས་དུས་ནམ་རེ་སྒུག་བྱེད་རྒྱུ་ཡིན།
ངས་སློབ་གསེང་གི་དཔེ་ཁུག་སེར་པོའི་ནང་དུ་ཁྱེད་བཞུགས་ཡོད་པ་
སེམས་ཐག་གཅོད་ནས་འགྲོ་བཞིན་ཡོད་ཀྱང་
དཔེ་དེབ་དེ་ཁ་ཕྱེ་དུས་ཁྱེད་བརྙེད་མ་སོང་།
ང་ཉལ་སའི་རང་ཤག་གི་ངོས་འགྲམ་དུ་དཔེ་དེབ་ཀྱི་ཕྲེང་བ་བསྒྲིག་ཡོད་ཀྱང་དཔེ་དེབ་རེ་རེ་བའི་གསེང་དུ་ཁྱེད་མི་འདུག
ཡ་དཔེ་ཆའི་དཀའ་གནད་ལགས།
ངས་གྲང་ངར་གྱི་གླིང་ཁ་འདི་ནས་བཟོན་སྲན་གྱི་ཨུ་ཚུག་ངང་ཁྱེད་འཚོལ་དང་འཚོལ་བཞིན་པའི་སྒང་ཡིན་ཀྱང་།
གཏི་མུག་གི་རྒྱང་ཤེལ་ནག་པོ་དེའི་མ་སྒྲིབ་མེད་པས།
ཁྱེད་ཀྱི་འཛུམ་ཞལ་དཀར་པོ་དེ་མིག་ལམ་དུ་མངོན་མ་ཐུབ་པས་
སྡུག་བསྔལ་གྱི་ཁུར་པོ་ལྕི་བ་ནི་ཁྱེད་ཀྱི་མཁྱེན་གསལ་རེད།
ང་ལ་སྙིང་རྗེ་ཞིག་སྐྱེ་རོགས་ལ།
ང་ལ་བསམ་གཞིག་ཞིག་བྱེད་རོགས།
ང་ལ་འབྲེལ་བ་ཞིག་གནང་རོགས།
ང་ཡི་ཉིན་གུང་གི་ཐུན་ཟས་དང་གུང་གསེང་གི་འཚོ་བ་ཡོད་དོ་ལྕོགས་ཀྱི་བྲོ་བཅུད་དེ་ཁྱེད་ཀྱི་འཕྲོག་སོང་།
ངས་ཟས་སྙིགས་ཀྱི་འཚོ་བ་ལ་ལོངས་སུ་ག་ཚད་སྤྱོད་ཀྱང་
ཤེས་རིག་གི་ལུས་ཀྱི་ཟུང་ཁྲག་དེ་ཇེ་རྒྱས་སུ་འགྲོ་དཀའ་འོ།
ང་ནི་ཁྱེད་ལ་མོས་པ་མེད་པའི་ལེ་ལོ་བ་ཞིག་མ་ཡིན་ཀྱང་།
ཁྱེད་ནི་ང་དང་རྒྱང་ཐག་རིང་བའི་ལྐོག་གྱུར་གྱི་གསང་བ་ཞིག་རེད་འདུག།
ཁྱུང་བསོད་བློ་༢༠༡༣-༡༠-༢༣-དགོང་མོར་འཁོར་དུས་ ༨-༣༥-ཐོག་བྲིས།