དཔེ་ཆ་ལགས། ཁྱུང་བསོད་བློ།
ཁྱེད་ནི་ཅི་འདྲའི་ཡ་མཚན་ཅན། འགྲོ་ལ་སྙིང་རྗེ་དང་སྙིང་རྗེ། བྱམས་བརྩེ་དང་བྱམས་བརྩེ། གཞན་དོན་དང་གཞན་དོན་ལབ་ལབ་གཉིས་ཀྱི་ཁྱེད་ཀྱི་ཟུར་སྒས་ནི་བུག་གདའ། གཟུག་རིས་ནི་ཉམས་གདའ། ད་དུང་དེ་བས་ཀྱང་ག་ལ་ཚད་ཡེ་ཐོག་མ་ཉིད་ནས་འགྲོ་བའི་རྒྱུད་ལ་སྙིང་རྗེ་དང་བརྩེ་བ་ཆེན་པོའི་སྲོལ་གཏོད་མཁན་ཁྱེད་ལས་གཞན་སུ་ཡོད། ང་ཚོ་ནི་དུས་ནམ་ཡང་འདུར་རྒྱུག་དིར་དིར་ཁྱེད་ཀྱི་ཕྱོགས་ལ་འཁོར་འཁོར་ཞིག དཔེ་ཆ་ལགས། ཁྱེད་ཀྱི་ཞབས་ཞུ་བ་དང་། ཁྱེད་ལ་མོས་པའི་སློབ་གཉེར་བ་ངེད་ཚོ་འགྲོ་བ་སེམས་ཅན་གྱི་ཁོང་གཏོགས་མ་ཡིན་ནམ། ངེད་ཚོ་ལ་ཁྱེད་ཀྱིས་ཕྱིར་བལྟས་ཞིག་གྱིས་གདའ། སྙིང་རྗེ་ཞིག་སྐྱེས་དང་། ལྟོས་དང་ང་ཚོའི་ཤ་མདོག་ནི་ནག་པོ། བྲང་ཁོག་ནི་སྐྱ་བོ། ལྟོ་ཁོག་ནི་སྟོང་སྟོང་། ང་ཚོ་གི་ཉིན་མཚན་དུས་དྲུག་ཏུ་ཁྱེད་ལ་དུང་དུང་ཞིག་དང་། ཁྱེད་ལ་བརྩེ་བརྩེ་གཉིས་ཀྱི་རིན་ཐང་གི་མི་ཚེ་ཕྱེད་ཀ་ཡོལ་གདའ། ཁྱེད་དང་འབྲལ་དཀའ་བའི་ང་ཚོ། ཁྱེད་ཀྱི་ཅི་གསུང་བཀའ་དེ་མ་སྒྲུབ་མེད་ཀྱང་། ཁྱེད་ཀྱིས་ང་ཚོ་ལ་འགག་འཕྲང་གི་དཀའ་ཚིག་གཏད་ཚོད་མི་འདུག། དཔེ་ཆ་ལགས། ང་ཚོ་ལ་དཀའ་གནད་ཀྱི་འགག་སྒོ་ནག་པོ་རེ་རེ་འཕྲད་དུས་སྐབས་འགར་ཁྱེད་ཀྱིས་ལམ་སྟོན་བྱེད་རྒྱུ་ཟུར་དུ་བཞགས་ནས། ང་ཚོའི་རྐེ་རྩ་ནས་ཁྱེད་ཀྱི་ཕྱག་ལག་གཡོན་མ་དེས་ཚུར་བཟུང་བཟུང་རེ་རེ་བྱེད་ནས་ང་ཚོའི་ཁ་དབུག་གི་རྒྱུ་བ་ཚ་ཐག་ཐག་དགག་བཞིན་ཕེབས་སོང་། དུས་ནམ་ཡང་དབུག་གི་རྒྱུ་བ་གཅོད་བྲབ་དང་གཅོད་བྲབ་བྱེད་ཆེ་ན་ངེད་གཉིས་རིན་ཐང་གི་མི་ཚེ་འདི་ཅི་འདྲ་བསྐྱེལ།