མི་མཆོག་བླ་མ་དྲན་པའི་གདུང་དབྱངས།།
མཁར་དཔའ་བསོད་ནམས་བློ་གྲོས།
མི་མཆོག་སྨྲ་བའི་སེང་སྤྲུལ་ཞིག།
མི་ཡི་གཟུགས་སུ་མངོན་པར་བཞེངས།།
མི་ཡུལ་འཛིན་མའི་ཕང་བ་རུ།།
མི་ཕྱེད་དད་པའི་མགོན་དུ་བཞུགས།།
མི་བུ་རིགས་བཟང་ཁུང་བཙན་ཏེ།།
མི་རྒྱུད་རིགས་སྲས་ལྷ་ལས་གྲོལ།།
མི་མཆོག་རིག་པའི་དབང་ཕྱུག་ཁྱེད།།
མི་མཁས་མེད་པའི་གཙུག་རྒྱན་རྒྱལ།།
མི་མཇེད་འཛམ་གླིང་ཉི་མ་ཁྱེད།།
མི་ལུས་འགྲོ་བའི་མ་རུ་སྤྲུལ།།
མི་འགྱུར་སྙིང་རྗེའི་བརྩེ་ཆེན་སྐྱོང་།།
མི་བསླུ་བླང་དོར་བྱེད་བཞིན་བཞུགས།།
མི་ཤེས་ཤེས་མདོག་བྱས་བྱས་ཀྱི།།
མི་འཐོམ་མགོ་སྐོར་གཏོང་མ་མྱོང་།།
མི་དགོས་འདོད་ཆུང་ཆོག་ཤེས་ཀྱི།།
མི་རྐྱང་སྐྱིད་པའི་མི་ཚེ་བསྐྱལ།།
མི་རྟག་རྟག་ཏུ་སྒོམ་སྒོམ་དེ།།
མི་རྟག་འགྱུར་བ་ཅན་ལ་གོམ།།
མི་བུ་རྟག་འཛིན་རྒྱང་དུ་བཀར།།
མི་འཆི་འདུག་གནས་མེད་པར་མཁྱེན།།
མི་ལུས་དལ་བརྒྱད་འབྱོར་བཅུ་ཚང་།།
མི་བརྙེད་མཚན་བཟང་དཔེ་བྱད་བརྒྱན།།
མི་འགག་ཚངས་དབྱངས་དྲུག་བཅུའི་གསུང་།།
མི་རྨོངས་ལྔ་རིག་གཤོག་རྩལ་རྫོགས།།
མི་རྒྱལ་སྐུ་གསུང་ཐུགས་རྣམ་རོལ།།
མི་སྤྲུལ་ངེས་མེད་མཆོག་སྤྲུལ་ཁྱེད།།
མི་མཛེས་མེད་པའི་མཚན་མེ་ཏོག།
མི་ཡུལ་སྒང་དྲུག་དཀྱིལ་དུ་བཞད།།
མི་སྙན་མེད་སྟེ་ཚངས་སྲས་ཡིན།།
མི་དཔྱད་མེད་སྟེ་དཔྱད་བུ་ཡིན།།
མི་དག་མེད་སྟེ་མིང་མཛོད་ཡིན།།
མི་མཁྱེན་མེད་པའི་མཁྱེན་རྩལ་རྫོགས།།
མི་བཟང་མེད་སྟེ་གཤེན་སྲས་ཡིན།།
མི་མགུ་མེད་སྟེ་དབྱངས་ཅན་ཡིན།།
མི་བརྙེད་རྙེད་པའི་མཆོག་དོན་ལ།།
མི་ཡེང་ཆུ་བོའི་རྒྱུན་རིང་སྐྱོང་།།
མི་འཆད་མིན་ཏེ་བོན་སྒོ་འཆད།།
མི་རྩོད་མིན་ཏེ་དགག་སྒྲུབ་རྩོད།།
མི་རྩོམ་མིན་ཏེ་བོན་གཞུང་རྩོམ།།
མི་མཁས་མེད་པའི་མཁས་དབང་རྒྱལ།།
མི་བོ་གཤེན་གྱི་གདུལ་ཞིང་དུ།།
མི་ལུས་རྟེན་བཟང་མེ་ཏོག་བཞད།།
མི་ཡུལ་འཕགས་པ་རྣམ་གསུམ་དེ།།
མི་འཕངས་འགྲོ་བའི་དོན་དུ་ཕེབས།།
མི་མཐུན་སྒྲིབ་པའི་མ་གོས་ཏེ།།
མི་གཙང་རྟོག་ཕྱོགས་གཙང་ལྷས་སེལ།།
མི་སྒྲིབ་རིན་ཆེན་གསལ་སྒོང་ཁྱེད།།
མི་མངོན་མཁའ་ནས་ཐང་དུ་བབས།།
མི་ཡབ་པྲཛྙ་ཤེལ་བཞིན་དང་།།
མི་ཡུམ་ཀུན་བཟང་མཚོ་གཉིས་པང་།།
མི་རབས་མཚན་བཟང་ལྟེ་ཁྲག་འཕོས།།
མི་མིང་ཚེ་སྒྲུབ་སྐྱོབ་ཞེས་གསོལ།།
མི་ཆེན་གསང་གླིང་ཀུན་གྲོལ་སོགས།།
མི་མཐུན་མེད་སྟེ་ཐུགས་གྲོས་མཐུན།།
མི་དབང་སྐྱང་དབོན་བསྟན་འཛིན་གྱི།།
མི་འཁྲུལ་ཐུགས་སྤྲུལ་ངོས་འཛིན་གནང་།།
མི་རྩིས་གཅིག་དགུ་བཞི་ལྔ་ལོར།།
མི་དབང་གསེར་ཁྲི་མངའ་གསོལ་ཏེ།།
མི་འགྱུར་བརྟན་པའི་གསོལ་འདེབས་ལྷན།།
མི་མཚན་དྲི་མེད་འོད་ཟེར་གསོལ།།
མི་དགེ་བསམ་གཏན་ཚང་དྲུང་དང་།།
མི་ཤིག་མཚམས་རྒན་སངས་བསྟན་སོཊ།།
མི་མཆོག་རྣལ་འབྱོར་དུ་མའི་མདུན།།
མི་དམན་སྦྱོང་པ་རྒྱ་ཆེན་མཛད།།
མི་བུའི་ལྷག་བསམ་ཟོལ་མེད་དེ།།
མི་འགྱུར་གཡུང་དྲུང་བོན་ལ་དཀར།།
མི་རྒྱལ་སྐྱང་འཕགས་གདུང་སྲས་ཁྱོས།།
མི་ནུབ་བསྟན་པའི་རྒྱལ་མཚན་སྒྲེང་།།
མི་གསལ་མེད་པའི་ཉི་ཟླ་ཁྱེད།།
མི་མངོན་ནམ་མཁའི་དབྱིངས་རུམ་ནས།།
མི་བརྩེ་མེད་པའི་འགྲོ་ལ་བརྩེ།།
མི་སྐྱོང་མེད་པའི་བཀའ་དྲིན་སྐྱོང་།།
མི་ལོ་བརྒྱད་བཅུའི་གྱ་སྟོན་ཆེ།།
མི་འགྲིག་མེད་པའི་རྟེན་འབྲེལ་འགྲིག།
མི་འཚོགས་མི་ཆོག་དགུང་སྟོན་དེ།།
མི་བུ་རབས་འབྲིང་ཀུན་འཚོགས་དགོས།།
མི་རྐྱང་ཁེར་རྐྱང་བློ་བདེ་ངས།།
མི་འགྱུར་མེད་པར་ཡུན་རིང་བརྟན།།
མི་ཚེ་བདེ་བའི་ཁ་གཡང་འབོད།།
མི་འགྱངས་མགྱོགས་སུ་མཇལ་བར་སྒུག།
སྤྱི་ལོ་༢༠༡༣-༡༠-༢༦-བདུན་ཕྲག་ངལ་གསོ་ཉིན་མོ་ཞོགས་པ་འཁོར་དུས་བརྒྱད་དགུ་གཉིས་རིང་སྟེང་དགོན་རང་ཤག་གློ་འབུར་གསས་ཁང་དུ་མཁར་དཔའ་བསོད་ནམས་བློ་གྲོས་ནས་བྲིས།།