སྒང་དྲུག་རི་བོས་གཡུ་ཞྭ་གྱོན་ནས་སྲིད་པའི་བཟོ་གྲྭ་མགོ་བརྩམ་ཚར། །
ཡོད་ཚད་མགུ་སའི་དབྱར་རྩ་དགུན་འབུའི་མགྲོན་གྱི་བརྡ་ཐོ་རྫོགས་ཚར་སིག།
ས་འོག་བྲོ་མའི་གྲོས་མགོ་བཟུང་ནས་སྲིད་པའི་རྨིང་གཞི་གཏིང་མགོ་བཙུག །
མི་སྲིད་སྲིད་པའི་གྲྭ་ཡུགས་འགའ་ཡིས་སྲིད་པ་འཁོར་བའི་ཇུས་གཞི་བཀོད། །
ཡོད་ཚད་དཀར་དམར་འདུར་རྒྱུག་དིར་དིར་གསེར་མདོག་རྭ་ཅོ་རྗེས་དེད་བྱས།།
ཡུལ་ལུང་སྟོང་གི་ཞིང་ས་གཤིན་པོ་བྲོ་སྲན་སྣ་ལྔའི་གནས་ཚང་བཅས།།
བརྟག་ཤིང་དཔྱད་ན་ས་འོག་འབུ་རོ་བདེ་སྡུག་གཉིས་ཀྱི་གཞི་མ་ཞིག།
ཡ་ཐོག་རིང་མོའི་རྗེས་ལ་འགྲན་པའི་ནམ་ཟླ་ཞིག་གི་དུས་སུ་འཛོམ།།
འཕྲད་ན་སྲིད་ཀྱང་འཛོམ་ན་དཀའ་བའི་ཡོད་ཚད་འཛོམ་པའི་དུས་ཚིག་ལ། །ཁྲེལ་མེད་བུ་ཚོར་ཐབས་སྡུག་མ་བྱེད་གོང་ཆེན་དགུན་འབུ་སྒོ་རུ་ཚུད།།
ཨ་རོགས་རང་སྡུག་རང་གིས་མ་སྤྲད་གཞན་གྱི་བདེ་བ་གཏད་ཐབས་བྲལ། །
མགོ་བོ་ཨ་སྔོན་དགུང་ལས་ཕྱོར་ནས་རང་གི་རང་ལ་བསྟོད་གླུ་འབུད། །
ཕ་ཞིང་བཟུང་བའི་ཕ་བཟང་བུ་དེ་སྡིག་པའི་རྔམ་ཁ་མཐུག་ཀྱང་རུང་། །
གཡག་རྒོད་རོག་པོའི་ངར་ལྷབ་དིར་དིར་སྲིད་པའི་ཐོང་གཤོལ་ཕྲག་ཏུ་ཁུར།།
དབྱར་རྩ་དགུན་འབུ་རྔམ་རྫིག་ཆེ་བས་ཕོ་གསར་ལྟག་ཚིག་ཝ་ལས་ཞུམ། །
དབྱར་རྩ་དགུན་འབུ་མགོ་འཕང་མཐོ་བས་སྣང་བ་ཨ་སྔོན་དགུང་ལ་ལྡིང་།།
དགེ་མཚན་སྟོང་གི་མཐའ་ལས་བརྒལ་བའི་དགོས་མཁོ་གསེར་གྱི་རྭ་ལཊ་ཅན།། མེད་ན་མི་ཆོག་ཡོད་ན་མི་ཐེག་ཁྱོད་ཀྱི་རྔམ་རྫིག་བཀྲག་མདངས་དེ། །
སུས་ཀྱང་མ་བསྩལ་སུ་ཡིས་མ་བཟོས་ལྷུན་གྱི་བརྡོལ་བས་དོན་ནོར་ཁྱོད། །
སྲིད་པ་འདིའི་ཐོག་ཀུན་གྱི་འབྱུང་གནས་ཀུན་བཟང་རྒྱལ་སའི་དཔེ་ལ་བསྙེགས།།
དབང་བསྒྱུར་བཙན་པོའི་དབང་དུ་བསྡུ་སའི་དབང་མེད་ཉམས་ཆུང་ཁྱོད་ཀྱིས་ཕྱུག།
མི་ཆེན་འགའ་ཡི་སྟོབས་ཆེན་ངོམ་སའི་ཁྲོམ་ཚོགས་གླིང་སྟེག་ཁྱོད་ཀྱིས་བསྐྲུན།།སྨན་ཆུང་འགའ་ཡི་སེམས་ཆུང་དྭངས་མ་གླུ་གར་གླིང་ལ་ཁྱོད་ཀྱིས་འཁྲབ།། བྱུག་པའི་སྣུམ་གྱི་འཁུར་འཚོས་ངོས་ལ་བརྒྱ་ལོ་དམར་པོ་ཁྱོད་ཀྱིས་བརྒྱན། །
ཞལ་རས་གྱོང་པོ་ནེམ་བཞིན་ནེམ་བཞིན་ཁྲ་ཆུང་མིག་ལ་ཆ་ག་གཏོད། །
ཡ་ཆུང་སེམས་ཀྱི་ཡིད་གཏད་ཡོངས་རྫོགས་དབྱར་རྩ་དགུན་འབུ་ཁྱོད་ཀྱིས་འཕྲོག། མ་རྩ་མེད་ཀྱང་སེམས་རྩ་སྐྱིད་པོའི་བཀའ་དྲིན་ཆེ་བ་དབྱར་རྩའི་འབུ།།
སེར་པོ་གསེར་གྱི་རྭ་ལག་ཁྱོད་ཀྱིས་བུ་ཆུང་སྣབ་ལུགས་མགྲོན་དུ་བསུས།།
༢༠༡༣-༦-༢༧