བསམ་ཚུལ་ཕྲེང་བ་ནང་གི་རྡོག་གཅིག
ཁྱུང་ནག་བསོད་ནམས་བློ་གྲོས།
ཀུན་བཏུས་ལས། རྟོག་བྲལ་མ་འཁྲུལ་བ་ལ། མཚན་ཉིད་དང་དབྱེ་བ་གཉིས་ལས། དབྱེ་བ་དེ་ལ་གསུམ་སྟེ། མཚན་གཞི་ངོ་བོ་ངོས་བཟུང་བ་དང་། རྟོག་མེད་ཡུལ་ལ་འཇུག་པའི་ཚུལ་དང་། མཚན་ཉིད་ངེས་བྱེད་ཀྱི་ཚད་མ་དང་གསུམ་ཡོད་པས། གཉིས་པ་རྟོག་མེད་ཡུལ་ལ་འཇུག་པའི་སྒྲུབ་འཇུག་སྐོར་བསྟན་པ་ལ། བླ་ཆེན་དྲན་པས་མཛད་པའི་རྣམ་འབྱེད་འཕྲུལ་ལྡེ་ལས། ཡིན་སྣང་ཡིན་པ་ཉིད་དུ་སྣང་། རྟོག་མེད་བློ་ལ་སྣང་བ་སྟེ། འཁྲུལ་མེད་དབང་པོ་སྒོ་གཙང་ཡིན། ཞེས་གསུང་། ཡིན་སྣང་ཡིན་པ་ཉིད་དུ་སྣང་། རྟོག་མེད་བློ་ལ་སྣང་བ་སྟེ་ཞེས་གསུང་པ་དེ་ནི་ཕྱིན་ཅི་ལོག་གི་སྣང་བ་མེད་ལ་རྟོག་མེད་བློ་དེ་ལ་ཡུལ་ཡིན་པ་ནང་བཞིན་དུ་སྣང་བ་ལ་གོ འཁྲུལ་མེད་དབང་པོ་སྒོ་གཙང་ཡིན་གསུང་པ་ནི། གོང་གི་རྟོག་མེད་བློ་དེ་ཡི་བདག་སྐྱེན་དབང་པོ་ལ་བསླད་མ་ཞུགས་པ་ལ་གོ བདག་སྐྱེན་དབང་པོ་ལ་བསླད་མེད་ན་བདག་འབྲས་དབང་ཤེས་ལ་བསླད་མ་ཞུགས་པ་དང་། དབང་པོ་སྒོ་གཙང་ཞེས་པའི་ཚིག་གིས་གངས་རི་སེར་འཛིན་མིག་དབང་གཟུགས་ཅན་པ་སོགས་སྒྲུབ་འཇུག་གྱུར་པའི་རྟོག་མེད་བློ་ཡི་བདག་སྐྱེན་མ་ཡིན་པ་དངོས་སུ་བསྟན་པ་དང་། དེ་ལས་སྐྱེས་པའི་གངས་རི་སེར་འཛིན་མིག་ཤེས་དེ་སྒྲུབ་འཇུག་གྱུར་པའི་བློ་མ་ཡིན་པ་ཤུགས་ལས་སྟོན་ནུས་ན་ཆོག། ཀུན་བཏུས་ལས། ཁ་ཅིག་གི བློ་གང་ཞིག་དོན་ཉམས་སུ་མྱོང་བ་དང་མཐུན་པར་འཇུག་པ་དེ་སྒྲུབ་འཇུག་མཚན་ཉིད་འདོད་ཡོད་ས་རེད། དེ་ལྟར་འདོད་ན། རང་ལུགས་ཀྱིས་ཕར་དགག་དུས་རང་རིག་དང་རྣལ་འབྱོར་ཤུགས་རྟོགས་སོགས་རྟོག་བྲལ་མ་ཡིན་པ་འགྱུར་རོ་ཞེས་གསུང་བཞག ཁ་ཅིག་གིས་འདོད་པའི་བློ་གང་ཞིག་དོན་ཉམས་སུ་མྱོང་ཟེར་བ་དེ། རང་གི་གང་འདྲ་ཞིག་འགྲེལ་ཟེར་ན་འཛིན་པ་ལ་སྣང་བའི་སྒོ་ནས་འཇུག་པ་ཞིག་ལ་ཕལ་ཆེར་ཁ་ཅིག་གི་དེ་ལྟར་འགྲེལ་ཡོད་ན་བསམ་བྱུང་། དེ་ལྟར་འདོད་ན་བོན་རང་ལུགས་ལ་མི་འཐད། ཀུན་བཏུས་དགོངས་པ་ལྟར་ན། དཔེར་ན་སྔོན་འཛིན་ཉམས་མྱོང་རང་རིག་ལྟ་བུ་སྔོན་པོ་ལ་སྒྲུབ་འཇུག་རྟོག་མེད་ཡིན་པ་ཙམ་བསྟན་འདུག་སྙམས། རང་གི་བསམ་ཚུལ་ལ། གོང་གི་རང་རིག་ཤུགས་རྟོག་དེ་སྔོན་པོ་ལ་སྒྲུབ་འཇུག་རྟོག་མེད་ཡིན་ན། ཀུན་མཁྱེན་དང་འགྲོ་མགོན་རྣམ་གཉིས་ཞལ་གཅིག་མཐུན་པའི་སྒྲུབ་འཇུག་མཚན་ཉིད་ཟུར་དུ། དོན་རང་གི་མཚན་ཉིད་སྣང་བ་དང་མཐུན་པར་འཇུག་ཞེས་གསུང་པ་དེ་ལ་དགོང་པ་ཅི་འདྲ་འགྲེལ། ཡང་ན་སྣང་བ་དང་མཐུན་པར་འཇུག་ན་སྣང་དགོས་སོ་མི་དགོས། ད་དུང་དེ་ལ་྄སྒྲུབ་འཇུག་རྟོག་མེད་ཡིན་ན་དེ་ལ་མངོན་སུམ་ཡིན་དགོས་སོ་མི་དགོས། དེ་ལ་མངོན་སུམ་ཡིན་ན་ཁྱོད་རང་མཚན་དུ་སྣང་དགོས་ཏེ། རྗེ་བདག་ཉིད་ཆེན་པོས། སེར་འཛིན་མིག་ཤེས་རེག་བྱ་ལ། མངོན་སུམ་ཡིན་ཞེས་ལ་ལས་སྨྲ། དེ་ཡི་རང་མཚན་དེར་སྣང་འགྱུར། དེ་མི་སྣང་བའི་མངོན་སུམ་འགལ། ཞེས་གསུང་། ད་དུང་ནོར་བུའི་འོད་ལ་ནོར་བུ་འཛིན་པའི་བློ་བོན་ཅན། ཁྱོད་ལ་ནོར་བུ་རང་མཚན་དུ་སྣང་བ་ཐལ། ཁྱོད་ནོར་བུ་ལ་མངོན་སུམ་ཡིན་པའི་ཕྱིར་ཞེས་གསུང་པ་དེ་དང་། རྟོག་བྲལ་མ་འཁྲུལ་བའི་དགོས་པ་ལ་སོགས་ཀྱིས་བསལ་ལོ་ཞེས་གསུང་ཚུལ་དེ་ཚོ་ལ་བལྟས་ན། སྔོན་པོ་ལ་ཤུགས་རྟོགས་སོང་བའི་སྔོན་འཛིན་ཉམས་མྱོང་གི་རང་རིག་སོགས་སྔོན་པོ་ལ་སྒྲུབ་འཇུག་རྟོག་མེད་དང་མངོན་སུམ་མ་ཡིན་ན་སྙམ་མོ། ཀུན་བཏུས་ལས། རང་རིག་རྣལ་འབྱོར་སོགས་རྟོག་བྲལ་མ་ཡིན་པར་འགྱུར་རོ་ཞེས་གསུང་པ་དེ་ལ་རང་གི་བསམ་ཚུལ་ཞིག་ཞུས་པ་ཡིན་ན། དེ་ལ་རྟོག་བྲལ་ཙམ་དང་སྒྲུབ་འཇུག་ཙམ་ལ་དགོངས་པ་ཡིན་ན་བསམ་བྱུང་། རྟོག་བྲལ་ཙམ་དང་སྒྲུབ་འཇུག་ཙམ་སོང་སྟེ། ཤུགས་ལས་རྟོགས་པའི་མངོན་སུམ་ཙམ་སོང་བའི་ཕྱིར། ཞེས་རང་གིས་རྟགས་དེ་འདྲ་ཞིག་འགོད་རྒྱུ་ཡིན། ད་དུང་དེའི་སྐོར་ནས་དོན་གནད་གོ་རྒྱུ་ཡོད་པ་ཞིག་རངགི་འགྲེལ་མ་ཐུབ་པས་ཁྱེད་རྣམ་པའི་ལུང་རིགས་དང་མཐུན་པའི་སྒོ་ནས་འགྲེལ་བའི་རེ་བ་ཞུ། རང་གི་བསམ་ཚུལ་མུ་མཐུད་འགོད་རྒྱུ་གྱིས།
༢༠༡༣-༦-༢༧-བྲིས།།