ཚད་མ་ཀུན་བཏུས་ནང་བལྟས་པའི་བསམ་ཚུལ་འགའ། ཁྱུང་ནག་བསོད་ནམས་བློ་གྲོས།
༧ སྟོན་པ་འགྲོ་བའི་མགོན་པོ་ལ་ཕྱག་འཚལ་ལོ།
༧ དང་པོ་སྔོན་དུ་གླེང་བར་བྱ་བ་ནི་རང་གིས་འདི་ནས་དོགས་ཡོད་ཀྱི་བསམ་ཚུལ་འགའ་ཧི་ཟིན་གྱི་གླིང་སྟེག་ཐོག་ཏུ་ངོ་ཚ་བཞིན་ཚ་ལ་བྲིས་ཡོད། དེ་ཚོ་འབྲི་དགོས་པའི་དམིགས་ཡུལ་ནི། ང་ཚོའི་སངས་རྒྱས་གཡུང་དྲུང་བོན་གྱི་གཞུང་ལུགས་རྣལ་མ་འདི་མི་ཉམས་གོང་འཕེལ་ཉམས་པ་སླར་གསོ་ཡོང་བའི་གྲོགས་ཕྲ་མོ་ཙམ་ཨི་འགྲོ་བསམ་པའི་རེ་བ་དང་། རང་ཉིད་ཡང་ཚད་མ་ཀུན་བཏུས་ཀྱི་དཀའ་གནད་འདི་ཚོ་ལ་རྨོངས་པའི་མ་རིག་པའི་ལིང་རྡོག་སེལ་བའི་ཐབས་དང་། ས་ཐག་ཉེ་རིང་ཡུལ་གྲུ་གང་སར་བཞུགས་ཡོད་པའི་སློབ་གཉེར་བ་ཚོ་ཡི་ལུང་རིགས་ཀྱི་རྟགས་ཡང་དག་གི་སྒོ་ནས་སྔོན་དུ་གཞལ་བྱ་རྟོགས་ཟིན་པ་ཚོ་ལ་གོམ་འདྲིས་ཀྱི་དྲན་པ་མི་ཉམས་པའི་ཆེད་སོགས་སྒོ་དུ་མར་དམིགས་ནས་འབྲི་ཁུལ་བྱས་པ་ཡིན་པས་ཁྱེད་རྣམ་པས་དེའི་ལུགས་ཡིད་བཞག་ཡོད་པར་མཁྱེན།
༧ བསམ་ཚུལ་དང་པོ། འོ་ལགས་སོ་ཁོ་ན་ཉིད་ཀྱི་དོན་རྟོགས་པར་བྱེད་པའི་ཐབས་ཁྱད་པར་ཅན་དེ་ནི་ཚད་མ་གསུམ་གྱི་སྒོ་ནས་གཏན་ལ་དབབ་དགོས་པ་གལ་ཆེ་བས།
མདོ་ལས། ཚད་གསུམ་ཟུང་དུ་མ་འབྲེལ་ན་སྟོན་པའི་བཀའ་མིན། ཞེས་གསུང་པའི། ཚད་མ་གསུམ་དེ་ནི་བཀའ་ལུང་རིག་པའི་ཚད་མ་གསུམ་ལ་ངོས་འཛིན་ཡོད། ནང་རྒྱུད་ལས། ཚད་མ་དྲུག་གི་མ་མཚོན་ན། གྲི་མེད་གཡག་རོ་བཤའ་བ་འདྲ་ཞེས་གསུང་པའི་ཚད་མ་དྲུག་དེ་ནི། ཐམས་ཅད་མཁྱེན་པའི་བདག་རྐྱེན་ལས་གསུང་ཞིང་བཅོས་ལྷད་མེད་པའི་རྒྱལ་བའི་བཀའ་ཚད་མ་དང་། རྒྱལ་བས་གསུང་ཞིང་གཏན་ཚིགས་སུ་ཆེ་ལ་དཔང་པོ་ཐུབ་པའི་འཕགས་པའི་ལུང་ཚད་མ་དང་། རྒྱལ་བའི་བཀའ་དང་འཕགས་པའི་ལུང་ལ་ཡིད་ཆེས་ཀྱི་གདེང་ཐོབ་པའི་རང་གི་རིག་པ་ཚད་མ་དང་། རིག་པ་ཚད་མ་དེ་ལ་གཞལ་བྱ་མངོན་ལྐོག་གཉིས་ལ་ལྟོས་ཏེ་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གཉིས་དང་སྤྲོས་མེད་དོན་དམ་ཡུལ་དུ་བྱེད་པའི་རྣལ་འབྱོར་མངོན་སུམ་ཚད་མ་དང་དྲུག་ཏུ་བརྩི་སྟེ། བོན་གྱི་སྤྱན་ལྡན་ཆེན་མོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་ཚད་མ་ཀུན་བཏུས་རིག་པའི་གཏེར་མཛོད་ལས། གཞལ་བྱ་ཡུལ་ལ་འཇལ་བྱེད་ཚད་མ་ནི།། ངེས་བྱ་བཀའ་དང་དཔང་འགྱུར་ལུང་གི་དོན།། རིག་པ་མངོན་སུམ་རྗེས་དཔག་རྣམ་དྲུག་གིས།། དེ་དོན་ཉམས་སུ་མྱོང་བ་བསྐྱེད་པར་འགྱུར་ཞེས་གསུང་པས་ཚིག་རྐང་གཉིས་པས་བཀའ་ལུང་ཚད་མ་གཉིས་བསྟན་པ་དང་། ཚིག་རྐང་གསུམ་པས་རིག་པ་ཚད་མ་སྤྱི་དང་དེ་ལ་མངོན་རྗེས་གཉིས་བསྟན་པ་དང་། ཚིག་རྐང་བཞི་པ། དེ་དོན་ཉམས་སུ་མྱོང་ནས་བསྐྱེད་པར་འགྱུར་ཞེས་པ་དེས་འཇལ་བྱ་ཟབ་མོ་སྟོང་པ་ཉིད་འཇལ་བྱེད་ཀྱི་རྣལ་འབྱོར་མངོན་གསུམ་ཚད་མ་དེ་བསྟན་པ་དང་། དོན་ཉམས་སུ་མྱོང་བའི་དོན་ནི་རྣལ་འབྱོར་མངོན་སུམ་དེས་ངོ་བོ་གཉིས་སྣང་ནུབ་པའི་སྒོ་ནས་འཇལ་བ་ལ་གོ་དགོས།།
༧ བསམ་ཚུལ་གཉིས་པ། ཀུན་བཏུས་ལས། ཤེས་བྱའམ་ཡུལ་ཙམ་གྱི་མཚན་ཉིད་དང་། མཚན་གཞི། ངེས་ཚིག་བསྟན་སྐབས་སུ། དངོས་པོ་དང་དངོས་མེད་མཚན་གཞི། ཤེས་བྱའི་ཐ་སྙད་དུ་མཚོན། བློས་ཡུལ་དུ་བྱ་རུང་བ་མཚན་ཉིད་དུ་འགོད་པའོ་ཞེས་གསུང་སོ། འདིའི་དགོང་པ་ལྟར་རང་གི་ཁས་ལེན་ཞིག་བྱས་ན། བློས་ཡུལ་དུ་བྱ་རུང་བ་དེ་ཡུལ་དང་ཤེས་བྱ་གཉིས་ཀའི་མཚན་ཉིད་དུ་འདོད་དོ། མཚན་ཉིད་གཅིག་ལ་མཚོན་བྱ་གཉིས་འགྲོ་བའི་སྐྱོན་མེད་སྟེ། མཚོན་བྱ་གཅིག་ཡིན་པའི་ཕྱིར་ཞེས་རྟགས་སུ་འགོད་རྒྱུ་ཡིན། ལྡོག་པ་ཐ་དད་པ་ཙམ་ཡིན་ཀྱང་མི་སྐྱོན། མཚན་ཉིད་གཅིག་ལ་མཚོན་བྱ་གཉིས་མི་སྲིད་ཞེས་པའི་དོན་དེ་ནི་མཚོན་བྱའི་ངོ་བོ་འཇོག་སྟང་གི་ཆ་ནས་མཚོན་བྱ་མི་འདྲ་བ་གཉིས་མི་སྲིད་པའི་དོན་ཙམ་ལ་བཞག
རྗེ་རིན་པོའི་ཆེའི་ཚད་མ་རྣམ་འབྱེད་ལས་གསུང་པའི་དོན་ལྡོག་གཞན་འགྱུར་གྱི་མཚན་ཉིད་དེ་ཁྱེར་ནས་དཔེར་ན་མཚོན་སྦྱོར་འདི་ལྟ་བུ་ལ་ཐལ་འགྱུར་གྱི་གནོད་པ་གཏོང་མཁན་ཞིག་ཡོད་ན། དངོས་པོ་མཚན་གཞི། ཤེས་བྱ་ཡིན་པར་མཚོན། བློས་ཡུལ་དུ་བྱ་རུང་བ་ཡིན་པས་སོ་ཞེས་བཀོད་པའི་ཚེ་ན། མཚོན་སྦྱོར་ཡང་དག་མ་ཡིན་པ་ཐལ། དོན་ལྡོག་གཞན་འགྱུར་ཡིན་པའི་ཕྱིར་ཏེ། གཞི་དེ་ཡི་མཚན་ཉིད་དུ་བཀོད་པ་གང་ཞིག གཞི་དེ་ལས་གཞན་པའི་མཚན་ཉིད་དུ་གྱུར་པ་ཡིན་པའི་ཕྱིར་ཟེར་ན། དེ་ལ་རང་གི་རྟགས་མ་གྲུབ་སྟེ། གཞི་དེ་ལས་གཞན་པའི་མཚན་ཉིད་དུ་གྱུར་པ་ཡིན་ན། གང་བཀོད་པའི་མཚོན་བྱ་དེའི་མཚན་ཉིད་དུ་མ་གྱུར་པ་ཞིག་དགོས་པས་དེ་སྐབས་སུ་གང་བཀོད་པའི་མཚོན་བྱ་དེའི་མཚན་ཉིད་དུ་ཡང་གྱུར་ལ། ཤེས་བྱ་དང་ཡིན་ཁྱབ་མཉམ་དུ་གྱུར་པའི་མཚོན་བྱ་ཡུལ་དེ་གཞི་དེ་ལས་གཞན་པ་ཡང་མ་ཡིིན་ནོ། ཁ་ཅིག་གི་མི་རྟག་པ་མཚོན་བྱ་རུ་བཟུང་མཚན་ཉིད་དོན་བྱེད་ནུས་པ་ལ་སྦྱར་ནས་ཕལ་ཆེར་ཐལ་འགྱུར་གཏོང་རྒྱུ་རེད། དེའི་སྐྱོན་རྩ་བ་ནས་འགྲོ་གི་མ་རེད། མཚོན་བྱ་མི་རྟག་པ་དང་དངོས་པོ་གཉིས་ངོ་བོ་འཇོག་ཚུལ་ལ་ཡང་མ་མཐུན་པ་དང་དོན་བྱེད་ནུས་པའི་སྐད་ཅིག་སྐད་ཅིག་ནས་འཇིག་འགྲོ་བར་ཡང་མཚོན་མི་ནུས་པའི་ཕྱིར།
༧ བསམ་ཚུལ་གསུམ་པ། ཕལ་ཆེ་བའི་གཞི་གྲུབ་ན་གཟུང་ཡུལ་ཡིན་པས་ཁྱབ་པ་འདོད་མཁན་མང་ཀྱང་། ཀུན་བཏུས་དགོང་པ་ལྟར་ན། རང་གི་གཞི་གྲུབ་ན་གཟུང་ཡུལ་ཡིན་པས་ཁྱབ་པ་ཁས་ལན་ཐུབ་གི་མི་འདུག གང་ཡིན་ཟེར་ན། ཀུན་བཏུས་ལས། ཡུལ་གྱི་དབྱེ་བའི་ངོ་བོ་ལ་གཟུང་ཡུལ་ཞེན་ཡུལ་འཇུག་ཡུལ་གསུམ། གང་གི་འབྱེད་པའི་རྒྱུ་མཚན་ནི། བློས་ཡུལ་དུ་བྱ་རུང་མི་རུང་གཉིས་ལས། འོག་མ་ནི་ཤེས་བྱ་ལ་གཏན་མེད་ལ། དང་པོ་ལ། གཟུང་ཡུལ་དུ་གྲུབ་མ་གྲུབ་གཉིས་ལས། ཞེས་གསུང་པ་དེས། བློས་ཡུལ་དུ་བྱ་རུང་བ་ལ་གཟུང་ཡུལ་གྱི་མ་ཁྱབ་པའི་དོན་བསྟན་ཡོད། འོག་མ་ལྟར་ན་ཡུལ་དུ་མ་གྲུབ་ལ་ཞེས་གསུང་པ་དེ་ནི་གོང་གི་གཟུང་ཡུལ་དུ་གྲུབ་མ་གྲུབ་གཉིས་ལས་ཞེས་གསུང་པའི་མ་གྲུབ་པ་དེ་ལ་གོ་དགོས། ཡུལ་དུ་མ་གྲུབ་ཞེས་པའི་དོན་ནི་གཟུང་ཡུལ་དུ་མ་གྲུབ་པའི་ཤེས་བྱ་དེ་ཚོ་འཛིན་པ་ལ་སྣང་བའི་ཡུལ་དུ་མ་གྲུབ་པ་ལ་འཇོག་དགོས་པ་ལས། ཚད་མའི་ཡུལ་དུ་མ་གྲུབ་པ་ལ་མི་འཇོག།
༧ བསམ་ཚུལ་བཞི་པ། ཀུན་བཏུས་ལས། རྟོག་བྲལ་མ་འཁྲུལ་བའི་མཚན་ཉིད་བསྟན་སྐབས་སུ། དོན་བྱེད་ནུས་པའི་དངོས་པོ་སྣང་ནས་ཡུལ་དུ་བྱེད་པ་ཞེས་གསུང་འདུག དང་པོ་དོན་བྱེད་ནུས་པའི་དངོས་པོ་སྣང་ཞེས་པ་དེས་བློ་ཁོ་རང་མ་འཁྲུལ་བའི་རྣམ་པའི་ངོ་བོ་ལ་ཡུལ་རང་མཚན་གསལ་བར་སྣང་བ་སྟོན་ནུས། གཉིས་པ་ཡུལ་དུ་བྱེད་ཞེས་པ་དེ་ནི་གཙོ་བོ་གཟུང་ཡུལ་བྱེད་པ་ལ་གོ་དགོས། རྟོག་བྲལ་མ་འཁྲུལ་བའི་བློ་ཡིན་ན་འཇུག་ཡུལ་བྱེད་ཐུབ་པའི་ངེས་པ་མེད་ཀི། དེ་ནས་རྟོག་བྲལ་མ་འཁྲུལ་བའི་བློའི་དབྱེ་བ་བསྟན་སྐབས། ཤེས་པ་རང་མཚན་གྱི་ཡུལ་ཅན་རང་རིག་མངོན་སུམ་གྱི་དངོས་རྟོགས་དང་། གལ་ཏེ་ཤུགས་རྟོགས་ཡིན་ན་ནི་རང་རིག་ཤུགས་རྟོགས་འཛིན་པ་མི་འགྱུར་ཏེ་ཞེས་གསུང་པའི། ཤེས་པ་རང་མཚན་གྱི་ཡུལ་ཅན་ནི། དཔེར་ན་ཀ་འཛིན་དབང་མངོན་ལྟ་བུ་བཞག རང་རིག་མངོན་སུམ་གྱི་དངོས་རྟོགས་ཞེས་པའི་རང་རིག་དེ་ནི། ཀ་འཛིན་དབང་མངོན་ཁོ་རང་ཉམས་མྱོང་གི་རང་རིག་ལྟ་བུ་ལ་བཞག གལ་ཏེ་ཤུགས་རྟོགས་ཡིན་ན་ནི། རང་རིག་ཤུགས་རྟོགས་འཛིན་པ་མི་འགྱུར་ཞེས་གསུང་པ་དེ་ནི་དཔེར་ན་ཀ་འཛིན་ཉམས་མྱོང་གི་རང་རིག་དེ་ཀ་འཛིན་དབང་མངོན་ལ་ཤུགས་རྟོགས་ཡིན་ན་ཀ་འཛིན་ཉམས་མྱོང་གི་རང་རིག་དེ་འཛིན་པ་མ་ཡིན་པ་ཐལ་བའི་སྐྱོན་བཏང་བ་རེད། གལ་སྲིད་དེ་ལ་ཤུགས་རྟོགས་དང་འཛིན་པ་གཉིས་ཀྱི་གཞི་མཐུན་ཡིན་ཟེར་ན། ཤུགས་རྟོགས་ལ་འཛིན་ཞེན་མེད་པ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་དགོངས་པ་ཡིན་པའི་ཕྱིར་རོ། རང་རིག་དེ་འཛིན་པ་མ་ཡིན་ན་རང་རིག་གི་གཟུང་ཡུལ་ཤེས་པ་གྱུར་པའི་རང་མཚན་མེད་པ་ཐལ་ལོ། དེ་ནས་བེམ་པོའི་ཡུལ་ཅན་དབང་པོ་དང་ཡིད་ཀྱི་མངོན་སུམ་མོ་ཞེས་གསུང་པའི་བེམ་པོའི་ཡུལ་ཅན་དེ་ནི། བེམ་པོ་གྱུར་པའི་རང་མཚན་གཟུང་ཡུལ་དུ་བྱེད་པའི་ཡུལ་ཅན་ལ་གོ་དགོས། དེ་ལ་དབང་པོ་མངོན་སུམ་དང་ཡིད་ཀྱི་མངོན་སུམ་གཉིས་སུ་གྲངས་ངེས་པས། བེམ་པོ་རང་མཚན་པ་གཟུང་ཡུལ་བྱེད་པའི་རང་རིག་དང་རྣལ་འབྱོར་མངོན་སུམ་མེད་པར་བསྟན་ནོ།
༧དྲྭ་གྲོགས་རྣམ་པ་ལ་ཞུ་ཡ། བསམ་ཚུལ་འདིའི་ནང་ལ་མི་འདང་སའི་གནས་ཚུལ་མང་བཞིན་ཡོད་སྲིད་པའི་ཟིན་སྟེགས་འདི་ཡི་ཐོག་ཏུ་དངོས་མིང་གི་ལམ་ནས་ངོ་གནང་མེད་པར་ལན་གནང་རྒྱུ་དང་ཁྱེད་རྣམ་པའི་དགོངས་ཚུལ་ཅི་ཡོད་གསུང་བའི་རེ་བ་ནམ་ཡང་ཞུ་ཞུ།། སླད་ཕྱིས་སུ་བསམ་ཚུལ་རིམ་བཞིན་འགོད་རྒྱུ་གྱིས།
༢༠༡༣-༦-༢༢ དགོང་མོ་ཁྱུང་ནག་བསོད་ནམས་བློ་གྲོས་ཀྱིས་དཔལ་ལྡན་ཆབ་མདོའི་གླིང་ནས་བྲིས། །