གྲྭ་རྐྱང་གི་ཁེར་གཏམ།
ཁྱུང་ནག་བློ་གྲོས།
ལས་དབང་གཅིག་གི་ལས་ཀྱི་བསྐོས་བཞག་ལབ་བུ་འདི་ཡི་ཐོག་ཏུ་བསྐོས།།སྔ་མའི་ལས་དེ་རྒྱུ་འབྲས་བཙན་པས་རྣམ་སྨིན་མི་འདྲ་ཕྱི་མ་སྨིན།།
དགེ་ལ་བརྩོན་པའི་བགོ་སྐལ་མ་ཆད་དགེ་བའི་བཤེས་གཉེན་མདུན་དུ་འཕྲད།།
སྐྲ་ཕུད་དྭངས་མ་གྲི་ཡིས་གྲེག་ནས་རྩ་དམ་ཉེར་ལྔ་བླ་མས་གནང་།།
འདོད་ཡོན་མིག་གི་སྣང་བ་སྣ་ཚོགས་ཉུང་ཉུང་ཆོག་པ་ཁས་ལེན་ཚར།།
དེ་ལས་རྩ་བ་གཞི་རུ་བཟུང་ནས་གྲྭ་རྐྱང་འཚོ་བའི་གྲྭ་རྐྱང་སྤྲོ།།
བལྟ་བའི་མིག་ལ་ཚོད་བཀག་མེད་ན་འདོད་ཡོན་སྣང་བ་ཟད་མཐའ་མེད།།
ཉི་མ་གཅིག་གི་འཚོ་རྟེན་ཙམ་ལ་ཕྱི་བསམ་མི་དགོས་གྲྭ་རྐྱང་སྤྲོ།།
ཕྱི་ལ་མཛེས་པའི་ཕྱུག་པོ་དེ་ཚོ་ནང་དུ་སྡུག་གི་ཕྱུག་པོ་ཡིན།།
གཞན་མགོ་བསྐོར་བའི་ཇུས་གཞི་བཀོད་བཀོད་མི་ཚེ་བསམ་བློ་འགྱུར་ལྡོག་མང་།།
བསམ་བློ་འགྱུར་ལྡོག་བགྲང་དུ་མེད་ལ་མི་དགེའི་ནག་ཉེས་རྩིས་ཏུ་མེད།།
དེ་རིང་འཚོ་བའི་དེ་རིང་སྤྲོ་ལ་མ་འོངས་ཕྱི་བསམ་མི་དགོས་པའི།།
ཁེར་རྐྱང་བློ་བདེའི་གྲྭ་རྐྱང་ངེད་ཚོ་བརྟག་ན་འདི་ཕྱི་གཉིས་ལ་སྐྱིད།།
གནས་སྐབས་ཙམ་ལ་དཔལ་འབྱོར་དངུལ་ལོ་གྲངས་ཀྱི་ཕྱུག་པའི་ཕྱུག་པོའི་རྗེས།།
མ་ཟིན་ན་ཡང་ཕ་བཟང་བུ་ཚོ་འདོད་ཆུང་དགོས་པ་ཡོངས་འཛིན་གསུང་།།
ཡིད་ལ་མ་བརྗེད་དམ་དུ་བཅའ་བཞིན་རང་རང་ས་ལ་ལྷོད་པོར་བཞུགས།།
ཁྱུང་ནག་བློ་གྲོས་ཀྱིས། ༢༠༡༣-༦-༢༢ ཉིན་ཆབ་མདོར་སྨན་ཁང་ནང་དུ་དེ་རིང་གི་སྨན་ཁབ་རྒྱག་པའི་རིང་དུ་བྲིས།