སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཁྱོད་ནི་ཨ་མའི་བུ་རྒོད་ཁེ་རུ་མ།
[ 2013/5/18 16:10:00 | By: vase ]
 
   ཁྱོད་ནི་ཨ་མའི་བུ་རྒོད་ཁེ་རུ་མ།།
                                                          ཁྱུང་ནག་བློ་གྲོས།

ཕ་རྒོད་ཁྱུང་གི་རིག་པ་བརྡར་སའི་ཁྱུང་ཡུལ་འཛིན་མའི་ལྟོ་བ་རུ།།   
ཕ་རྒོད་བླ་མའི་རྟོཌ་བརྗོད་འཐེན་བཞིན་ཕ་བཟང་བུ་ཡིས་ཕ་མཁར་བཟུང་།།
ཕ་རྒོད་ཚྭ་བོའི་ཁྱིམ་གཞིས་ཆེན་མོ་ཕ་རོལ་དགྲ་ལ་གཞག་མྱོང་མེད།། 
ཕ་ས་ཁྱུང་ཡུལ་ས་ཡི་སྒང་ལ་ཕ་བཟང་བུ་དེ་ལྟེ་ཁྲག་འཕོས།།   

རིགས་བཟང་འོད་གསལ་ལྷ་ལས་ཆད་སྟེ་ལང་ཚོའི་མེ་ཏོག་ཁྱུང་དུ་བཞད།།  
ཆུང་ནས་ཀ་ཁའི་འབྲི་ཀློག་འདོན་གསུམ་བུམ་པ་གང་བྱོས་ཚུལ་དུ་བླུགས།།  
སྔོན་འགྲོའི་བོན་གྱི་རང་རྒྱུད་ཐུལ་ནས་ངེས་འབྱུང་རྨང་གཞི་བརྟན་ཞིང་བརྟན།།  
 ངང་རྒྱུད་ཞི་དུལ་ལྷོད་གསུམ་འཛོམས་པའི་བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་འགྲན།།

ཡ་ཀི་གོང་གི་སྐྱབས་རྗེ་བླ་མ་མི་འབྲལ་སྤྱི་བོའི་གཙུག་ཏུ་བཀུར།།  
 མ་ཀི་གྲོང་གི་དབུལ་པོའི་ཚོགས་ལ་ཟས་གོས་ཕངས་མེད་བྱིན་བྱིན་ཞིག།
གླིང་ཚོགས་བརྒྱ་ཡི་ཚོགས་པ་ནང་གི་མིང་དོན་མཚུངས་པའི་ཕོ་རྒོད་ཡིན། 
 ཕྱུག་ཚོགས་བརྒྱ་ཡི་བང་མཛོད་ནང་གི་ཕངས་བ་མེད་པའི་ཕྱུག་པོ་ཡིན།།

མ་བརྩལ་མ་ཚུད་མ་བརྟག་རང་བྱུང་ལྷུན་གྱི་གྲུབ་པའི་ལྷ་ཀླུ་ཡིན།།
ཞྭ་དཀར་བོན་ལ་ཞབས་ཕྱི་ཞུ་བའི་ཕོ་ཉ་ནང་གི་ཕོ་རྒོད་ཡིན།།
 ཁྱུང་ཆེན་རྫོང་གི་རྫོང་དཔོན་མན་ཆད་ཁ་ལོ་བསྒྱུར་བའི་ཁ་རྒོད་ཡིན།།
ཕ་རོལ་དགྲ་ཕྱོགས་ཕོ་གསར་དེ་ཚོ་ཕོ་རྒོད་ཁྱོད་ཀྱི་སྤོ་ལོ་ཡིན།།

བཀའ་བཀོད་ཇུས་གཞི་མ་བཀོད་མེད་ཀྱང་ཕོ་བློ་ཉེས་པའི་ལོ་རྒྱུས་མེད།།   
གསེར་སྒོ་ཁྲ་མོའི་གསས་ཁང་ནང་དུ་རྒྱལ་གཤེན་བསྟན་པའི་ཀ་ཆེན་སློང་།།  
གཤེན་ཆེན་ཚང་གི་མཛད་འཕྲིན་སྐྱོང་ནས་གཤེན་གྱི་མཁར་རྫོང་མ་རྩིག་མེད།།
སུམ་པ་གླང་གི་ཁྱུང་ཕྲུག་གསོན་པོ་ཁྱུང་པོ་ཉི་ཟླིད་ཁྱུང་གི་རྒྱན།།  

 ལང་ཚོ་ཕྱུག་མོའི་མཚན་གྱི་མེ་ཏོག་ཁྱུང་གི་ཡུལ་ལ་གསར་དུ་བཞད།།    
སྲིད་པ་ཞང་ཞུང་སྐོས་རྗེ་རྒྱལ་པོའི་དམུ་ཐག་ཆད་པའི་ལོ་རྒྱུས་མེད།། 
མེས་པོའི་ཁྱིམ་གྱི་གཡང་ར་ཕྱུག་མོའི་གཡང་ཁྱིམ་གྲུ་གཞི་ཁྱོད་ཀྱིས་བཟུང་།།
ཕ་གཞིས་ཆེན་མོའི་ཕུག་ལྷ་འཁོར་བའི་ཕུག་ཟས་རིན་ཆེན་རྡུལ་གྲངས་བརྩིགས།།

བུ་ཕོ་བརྒྱ་ཡི་གྲལ་དུ་བཞུགས་ན་མགོ་བོ་དབུ་འཕང་དགུང་ལས་མཐོ།།
ཕྱུག་ཕྱོགས་བརྒྱ་ཡི་གྲལ་དུ་བསྒྲིག་ན་ནོར་གྱི་སྣུམ་ཁུ་བྱུ་རུ་རུ།།
གོས་དཀར་ཆས་རྫིག་རེ་རེ་སྤྲས་དུས་སྤུ་རྒྱལ་གངས་ལྭ་གྱོན་པ་འགྲན།།
ཁྱུང་ཡུལ་སྒྲ་བླའི་སྒྲ་བླ་ཡོད་ཚད་འདུར་རྒྱུག་དིར་དིར་ཁྱོད་ལ་ཚོགས།།

ཁྱོད་ཀྱིས་སློབ་གསོ་རེ་རེ་གཏོང་དུས་བསམ་བློ་རྣལ་མའི་འགྱུར་ལྡོག་རེ།།
ཁྱོད་ཀྱི་དངོས་མིང་རེ་རེ་ཐོས་དུས་ཕོ་ཁྲམ་དེ་ཚོ་འདར་སིག་སིག།
ཁྱོད་ཀྱིས་ཇུས་གཞི་རེ་རེ་བཀོད་དུས་ཁང་ཚན་གྲངས་མེད་ཁྲ་ཆེམ་ཆེམ།།
ཁྱོད་ཀྱིས་སྟོད་གསོག་རེ་རེ་བྱས་དུས་རྩལ་གསུམ་རྫོགས་པའི་རྩལ་འགྲན་འགྲན།།

བློ་སྒོ་དོག་པའི་དོགས་པ་མེད་སྟེ་མི་ཤོང་མེད་པ་མཁའ་དབྱིངས་འདྲ།།
ནང་གི་ལང་ཚོ་འཛུམ་གྱི་ཁེངས་ནས་གྱད་ཀྱི་ཤུགས་ཆེན་ཕྱི་ལ་ངོམ།།
འགག་འཕྲང་དོག་པོའི་ཉེན་རྟོགས་འགའ་ལ་རེ་བ་བས་ཀྱང་ཁྱོས་མིང་དགའ།།
ལྟག་རྒོའི་ངོ་བསྟོད་འགྲོ་ས་མེད་པའི་དྲང་བདེན་དཔང་པོ་ཁྱོད་ལས་སུ།།

ཁྱོད་ཀྱིས་བཟོ་བསྐྲུན་རེ་རེ་མཐོང་དུས་བཟོ་རྒྱལ་གར་མའི་བུ་ཚ་དངོས།། 
 ཁྱོད་ཀྱིས་ཚོང་བློ་རེ་རེ་སྒྲིམ་དུས་གཞན་ཚོ་ཚོང་ཉེས་ཤོར་ཐེངས་རེ།།
ཁྱོད་ཀྱིས་འཛུམ་མདངས་རེ་རེ་སྟོན་དུས་དབྱངས་ཅན་འཛུམ་གྱི་ལང་ཚོ་འཕྲོག།
ཁྱོད་ཀྱིས་རླུང་འཁོར་རེ་རེ་ཉོས་དུས་དགོས་འབྱུང་གཙུག་རིན་ཕེབས་ཐེངས་རེ།།

ལས་འབྲས་བོན་ལ་ལྟ་བ་ལོག་པའི་ལོག་ལྟ་ཁྱོད་ལ་སྐྱེ་མྱོང་མེད།།
ཁ་བཤད་དོན་མེད་ཞྭ་བཟོ་མཁན་ལ་ཁྱོད་ཀྱི་མགོ་བོ་སྒུར་མྱོང་མེད།།
འཇོན་ཐང་མེད་པའི་ཕོ་བླུན་མོ་བླུན་མགོ་སྐོར་འོག་ཏུ་བཙུད་མྱོང་མེད།།
སྒོར་མོ་འགའ་ཡི་རྒྱལ་ཕམ་ཙམ་ལ་ཕ་ཆོས་གཏའ་མ་གཞག་མྱོང་མེད།།

ཉིན་མཚན་དལ་མེད་ཚོང་ལ་གཡེང་ནས་ཚོང་ལས་དཀའ་ལས་རྒྱག་མྱོང་མེད།།
ཚོང་ཆུང་འགའ་ཡིས་ཉམས་ཆུང་འཕྲོག་འཕྲོག་ཁྱོད་ཀྱི་མགོ་སྐོར་གཏོང་མྱོང་མེད།།
ཕྱི་ནས་བལྟས་ན་དལ་པོ་ཁྱོད་འདྲ་ནང་ནས་ཕྱུག་པའི་ཕྱུག་པོ་ཡིན།།
ཕོ་རྒོད་ཁྱོད་ནི་དོ་ཟླ་མེད་པའི་ཨ་མའི་བུ་རྒོད་ངོ་མ་ཡིན།།

 ཁྱོད་ནི་ཚེ་ལ་བར་ཆད་མེད་པར་ཚེ་སྲོག་བྲག་ལས་སྲ་བར་ཤོག།   
ཁྱོད་ནི་ལུས་ལ་ན་ཚ་མེད་པར་ནད་མེད་རྟག་ཏུ་བརྟན་པར་ཤོག།
ཁྱོད་ནི་སེམས་ལ་སྡུག་བསྔལ་མེད་པར་ལྷ་དང་ལྷ་མོའི་སྐྱིད་པར་ཤོག།
ཁྱོད་ལ་མ་གཟིགས་བོན་སྐྱོང་མེད་པས་བོན་སྲུང་སྲིད་པའི་རྒྱལ་མོས་གཟིགས།།

སྟེང་དགོན་མཛོད་འཛིན་གྲྭའི་སློབ་གཉེར་བ་ཁྱུང་ནག་བསོད་ནམས་བློ་གྲོས་ནས་༢༠༡༣-༥-༡༨  ཉིན་བྲིས།། 
 
 
Re:ཁྱོད་ནི་ཨ་མའི་བུ་རྒོད་ཁེ་རུ་མ།
[ 2013/5/19 20:22:53 | By: སྐུ་མགྲོན་JNEq2T(སྐུ་མགྲོན) ]
 
སྐུ་མགྲོན་JNEq2T(སྐུ་མགྲོན)ཁྱེད་ཀྱི་སྒོར་ཁུག་སྤྲུགས་ཐེངས་རེ་ལ་དགོན་པའི་ཚོགས་ཁང་ཁྲིག་སེ་ཁྲིགས།།ཁྱེད་ཀྱི་ཕྱག་ལག་རྐྱང་ཐེངས་རེ་ལ་ཤོག་སྒོར་ཆར་འབེབ་ཉིལ་ལི་ལི།།ཁྱེད་ཀྱི་དགྱེས་ཞལ་འཛུམ་ཐེངས་རེ་ལ་མཛེས་མའི་བརླ་ཤ་ཤིག་སེ་ཤིགས།།ཁྱེད་ཀྱི་མཛད་རྗེས་མཐོང་ཐེངས་རེ་ལ་མཁས་པའི་བསྟོད་སྔགས་འུར་རུ་རུ།།
 
 
Re:ཁྱོད་ནི་ཨ་མའི་བུ་རྒོད་ཁེ་རུ་མ།
[ 2013/5/18 23:36:57 | By: boncute ]
 
boncuteཕོ་སྒོད་པོར་རླུང་རྟ་དར་བ་ཤོག།། ཕོ་རྒོད་པོར་དགྲ་ལྷ་འཁོར་བ་ཤོག།།
 
 
Re:ཁྱོད་ནི་ཨ་མའི་བུ་རྒོད་ཁེ་རུ་མ།
[ 2013/5/18 19:59:47 | By: luobian ]
 
luobianཕོ་སྒོད་པོར་རླུང་རྟ་དར་བ་ཤོག།། ཕོ་རྒོད་པོར་དགྲ་ལྷ་འཁོར་བ་ཤོག།།
 
 
Re:ཁྱོད་ནི་ཨ་མའི་བུ་རྒོད་ཁེ་རུ་མ།
[ 2013/5/18 19:57:58 | By: luobian ]
 
luobianཕོ་སྒོད་པོར་རླུང་རྟ་དར་བ་ཤོག།། ཕོ་རྒོད་པོར་དགྲ་ལྷ་འཁོར་བ་ཤོག།།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.