ངོས་བཟུང་མེད་པའི་དྲན་འཆར།
ཀུན་སྙོམ་ཉི་མའི་བླ་མ་ལ།།གདུལ་བྱའི་ཞལ་ལ་དཀར་ནག་ཅི།།
དྲང་པོར་སྲོང་བའི་དཔོན་པོ་ལ།།
ལྟག་རྒོའི་ལྐོགས་རྒྱུ་ཅི་ལ་མཁོ།།
ཕྱི་མ་བསྒྲུབ་པའི་རྣལ་འབྱོར་ལ། །
ད་འོང་འཕེལ་རྫས་མི་དགེའི་རྒྱུ།།
བསླབ་གསུམ་ལྡན་པའི་བཙུན་ཚོགས་ལ། །
ཕ་གཞིས་ཁྱིམ་ཆེན་ཅི་ལ་མཁོ། །
གྲྭ་པ་མང་སའི་དགོན་པ་ལ། །
བཙུན་མའི་ཁྱུ་ཚོགས་བཙུན་པའི་དགྲ།
དད་པ་མེད་པའི་ཡོན་བདག་ལ། །
ཐེམ་མདུད་བཀའ་རྟགས་ཅི་ལ་མཁོ། །
གཟུགས་དབྱིབས་ལུས་ཕྲའི་མཛེས་མ་ལ། །
མཁུར་ཚོས་དཀར་དམར་བརྒྱན་མི་དགོས།།
བདག་པོ་མང་བའི་སྒོ་ཟོག་ལ།།
གཏན་ཁེལ་ཕྱུག་ར་ཅི་ལ་མཁོ།།
སྟོབས་རྩལ་རྫོགས་པའི་ཕོ་རྒོད་ལ།།
དཔུང་སྒྲིལ་མཉམ་རོགས་ཅི་ལ་དགོས།།
གཞོན་རྩལ་འཛུམ་པའི་མོ་འཛངས་ལ།།
ཚུལ་འཆོས་ཨོ་ཟོབ་ཅི་ལ་དགོས།།
མ་བཅོས་ལྷུན་གྲུབ་སྣང་འཛིན་ལ།།
མ་དག་སྣང་བའི་མ་སླད་པ།།
སོ་སོར་སྤུ་རིས་གཅོད་པ་དེ།།
སྟོང་ཉིད་དགའ་བའི་སྒོམ་པ་མཆོག།
དམ་ཆོས་དོན་གྱི་དགོངས་པ་ལ།།
ཚིག་གསར་མཆན་འདོག་མི་དགོས་པ།།
རྫོགས་ཆེན་ཐེགས་པའི་ལྟ་བ་ལ།།
བྱེད་པོས་རྩོལ་བ་ཅི་ལ་དགོས།།
མ་བཅོས་རང་འབབ་སྐྱོངས་བ་ལ།།
ཀུན་རྫོབ་སྣང་བ་མི་དགོས་པ།།
ཀུན་རྫོབ་བརྟག་ནས་མ་རྙེད་ན།།
རང་མཚན་དོན་དམ་ཅི་ལ་དགོས།།
རྟོག་པའི་མ་སྒྲིབ་མངོན་མཐོང་ན།།
རྟགས་ཅན་རྗེས་དཔག་ཅི་ལ་དགོས།།
རང་ཚུག་ཟིན་པའི་བུ་རྒོད་ལ།།
ཕུ་ནུ་ནང་དཀྲུག་ཅི་ལ་དགོས།།
འཇིག་རྟེན་འཁོར་བའི་བྱ་བ་ལ།།
དོན་གྱི་སྙིང་པོ་མེད་པ་བཞིན།།
རྣམ་གཡེང་སྒྱུ་མའི་གྲོང་ཁྱེར་ལ།།
བརྟག་ན་སྙིང་པོ་དེ་བས་དབེན།།
རིགས་རུས་མིང་གི་བླ་མ་ལ།།
ཐོས་བསམ་གོམ་པ་མེད་པ་བཞིན།།
དེང་སང་བླ་སྤྲུལ་ཁག་གཅིག་ལ།།
བྱམས་བརྩེའི་རྨང་གཞི་ཡེ་ནས་མེད།།
སློབ་ཆེན་མིང་ཆེན་ཁག་གཅིག་གིས།།
སློབ་སྦྱོང་རྒྱ་གྲོང་གསེང་དུ་གཏོར།།
བཙུན་པའི་ཁྱུ་ཚོགས་ཁག་གཅིག་གི།
དམ་ཚིག་མི་མངོན་དབྱིང་སུ་ཐིམ།།
དབྱར་རྩ་དགུན་འབུའི་ཕོ་གསར་ལ།།
མ་འོངས་ཕྱིར་བསམ་མི་དགོས་བཞིན།།
ཁེར་རྐྱང་བློ་བདེའི་གྲྭ་རྐྱང་དེ།།
རང་མགོ་ཐོན་པའི་འཚོ་བ་སྤྲོ།།
གནས་སྐབས་བདེ་བའི་སྐྱེས་བུ་ལ།།
ཆེན་པོའི་བདེ་བ་ཐོབ་མི་སྲིད།།
ཆགས་པ་ཆུང་བའི་སློབ་ཕྲུག་དེས།།
ཕུག་གི་བདེ་བ་ལོན་རྟགས་རེད།།
རང་སྐད་ཡིག་བཟང་སྦྱོང་འདོད་དེ།།
རང་དོན་འགྲུབ་པའི་རང་རྟགས་རེད།།
རང་གཞན་ཀུན་གྱི་བདེ་བའི་རྒྱུ།།
རང་སེམས་རྒྱལ་པོ་ངོ་ཤེས་དགོས།།
༢༠༡༣-༥-༡༣ བསོད་བློ་ནས།།