ཚིག་གི་བྱ་ཁྱུ་ཐ་ཐོར་གཤར་བ།
ཚོར་རྟོག་བྱ་ཁྱུ་འཕུར་བའི་ཉིན་སྲིབ་ཀྱི་ངོགས་སུ།།
ཁ་བརྡའི་གྲོས་ཆར་བསྡེབས་པའི་ཁ་བ་དང་ཆར་པ།།
ཚོར་བའི་གཟུགས་སུ་བཞེངས་པའི་ཚ་གྲང་གི་གྲིབ་མཚམས།།
ལེ་ལོ་ཚེགས་ཀྱིས་དེད་པའི་གཡོ་བསྐྱོད་ཀྱི་ལག་རྗེས།།
བདེན་ཐོན་ཤོག་བྲོ་འཁྲབ་སའི་གར་སྟེགས་ཤིག་འདོད་ཀྱང་།།
རྒྱ་མཚོའི་གོས་ཆེན་དཀར་བའི་སྒང་གཤོང་གི་འཁྲིས་སུ།།
ཁ་བརྡའི་ཁྲོན་ཆུ་བཞུར་བའི་འཇམ་བག་གི་རྫོབ་ཏུ།།
བསྐྱར་སྡེབ་ཉེས་ཚོགས་འཐུག་པོས་རྐང་རྗེས་དེ་ནོག་ཀྱང་།།
ཚོར་བ་ཤི་མ་གསོན་དུ་གངས་ཆར་གྱི་གཏམ་མོད།།
རྒྱལ་ཁམས་ས་སྒང་འབིག་པའི་རྣོ་ཤུགས་དེ་ཞན་པས།།
ཚོར་གསུམ་སྨྲ་སྒོ་སྙི་མོ་གོར་ཁ་རུ་ལུས་ཚོད།།
འདུ་འབྲལ་བ་སྤུ་ལྡང་བའི་ལས་དབང་དེ་བཙན་ཚོད།།
སྐྱིད་སྡུག་ཐེམ་པའི་ཕྲག་ནས་ཉིན་སྲིབ་སྟོང་གཤགས་ནས།།
དང་ག་ཡིད་ཀྱིས་འགྱུས་པའི་ཐར་འདོད་ཀྱི་ཉི་མ།།
ལན་ཀ་མིག་གིས་འཚོས་ནས་འཚོ་བ་ཞིག་རོལད་ཀྱང་།།
ཕྱི་མིག་རེ་སྒུག་མེད་པའི་ཞེ་ཐག་དེ་མ་ཆོད།།
ཐག་རིང་ཐར་པ་སྒྲུབ་པའི་དད་ཚུགས་ཀྱི་ཨོ་གཟོབ།།
གཅིག་པུ་བཟོད་སྒོམ་རི་བོའི་གཏོས་ཆེན་གྱི་ངང་ཚུལ།།
འདོད་ཡོན་བསླུ་བྲིད་ཅིག་གིས་དམན་ས་རུ་ཁྲིད་ནས།།
ཞེ་སྡང་མེ་ལྕེ་དམར་པོའི་འཕྱུར་ཀ་དེས་ཕུང་ངེས།།
༢༠༢༠/༡/༥/ཉིན་ཉི་ཤུ་ལོ་ཡི་ཉོབ་བྲིས་དང་པོ་བསོད་ནམས་བློ་གྲོས་ནས་བྲིས།