ཀུན་སྣང་ཁྱབ་པ་མཇལ་དུ་འགྲོ་ཡ།
ཁྱུང་བསོད་བློ།
ཆིག་ཁྲི་ཐེམ་པ་སྐས་ཀྱི་ཡར་ཟླ་དང་།།
རྫོགས་ལྡན་ཉི་མ་དྲོ་བའི་བསྐལ་ཁུགས་ནས།།
སྨྲང་གསོལ་གཤེན་གྱིས་གྱེར་བའི་རྡོ་རིང་སྟེ།།
ཞང་ཞུང་སྨར་ལ་བཏབ་པའི་བསྭོ་སྒྲ་འཚེར།།
པོ་ཏི་གནམ་ལ་རེག་པའི་གཞའ་སྤྲིན་གསེབ།།
པོད་ཀྱི་ཀ་བ་འཐུགས་པའི་ག་འུ་ནང་།།
ཉམས་ཀྱི་བརྗོད་བྱ་ཟབ་པའི་ཁ་ཞེང་གིས།།
གཤེན་སྐད་སྟོང་གསུམ་མཁའ་ནས་འབྲུག་པར་མཛད།།
ཡིག་འབྲུ་བརྙན་དུ་ཕབས་པའི་ཚོར་བའི་ཁྲོད།།
གལ་འགག་ལྷུ་རུ་བཀྲོལ་པའི་བརྗོད་བྱ་ཟབ།།
བཀའ་བརྟེན་དྲྭ་མཛོད་ཀུན་སྣང་ཁྱབ་པའི་འོད།།
འཁོར་འདས་སྤང་བླང་གསལ་བའི་མེ་ལོང་ཞིག།
རྒྱལ་རབས་རུ་དཔུང་བསྟར་བའི་གྲུ་ཁ་དང་།།
མི་ཁའི་གཉན་འཕྲང་དོག་པའི་དུས་བཅད་ལ།།
ཁ་མཆུ་བྱད་ཁའི་ནག་དྲེགས་མ་འཐོག་པའི།།
བདེན་ཁའི་ཉི་མ་དྲོ་བ་གཤེན་གྱི་བཀའ།།
རྒྱུ་རྩལ་གར་དུ་རྩེད་པའི་བྲང་སྟེགས་དང་།།
ཚན་རྩལ་གློག་གི་ཀླད་པའི་དུང་ཁང་ནང་།།
ཀ་ཁས་གསོང་སྐད་འཐེན་པའི་དུས་རབས་ལ།།
སྒོ་མཛོད་བཀའ་ཡི་ཉི་མས་དྲྭ་ལམ་གསལ།།
དབུཌ་ཀྱི་སྲོག་ཐག་མེད་པའི་མཁྱེན་ཡོན་ཅན།།
ལབ་གླེང་འབྲེལ་ཐག་ཉེ་བའི་འཕྲིན་ལམ་དང་།།
སྟོང་གསུམ་མྱུར་སྐོར་དྲྭ་བའི་རྩ་ལམ་རྒྱུད།།
བཀའ་ཡིས་དམུ་ཐག་འཁྱུད་པ་བསོད་ནམས་ཤིག།
ཚངས་ཐིག་གཤེན་གྱིས་བཏབ་པའི་མྱེས་ཤུལ་འོག།
བཅུ་རིག་བང་དུ་གཤོམ་པའི་རུ་ཤོག་གསེབ།།
འཛམ་གླིང་དྲྭ་ཐག་ཀླད་པའི་འཁོར་རྒྱ་རུ།།
བཀའ་འགྱུར་ཤར་གཏོང་ཐུབ་པ་དགའ་བ་ལ།།
ཐུཌ་བསམ་བསྟན་ལ་དཀར་བའི་རི་ངོཌ་དང་།།
བྱམས་སེམས་འགྲོ་ལ་བསྐྱངས་བའི་ཙི་ཏའི་སྦུབ།།
བཀའ་ཆབ་ཆུ་བཞི་འབྲུག་པའི་རྦ་རླབས་ཀྱིས།།
གཤེན་བསྟན་རྒྱལ་མཚན་བསྒྲེངས་བ་ཨེ་མ་ཧོ།།
མཉམ་མེད་བླ་མའི་གཤེན་ཁྱིམ་གྲུ་བཞིའི་དཀྱིལ།།
སངས་རྒྱས་བསྟན་པའི་སེམས་ཀྱི་རྩ་ལག་རྒྱས།།
མདོ་སྔགས་སེམས་ལ་སྣུམ་གྱི་ཤ་ཤེད་རྒྱས།།
འཛམ་གླིང་གསལ་བའི་གསེར་གྱི་མེ་ལོང་སྤེལ།།
སེར་ཆེན་གསེར་གྱི་སྒྲོན་མའི་འོད་ཟེར་གྱི།།
དཔེ་སྐྲུན་རི་བོ་ཆེན་པོའི་རང་མདངས་རྒྱས།།
གསུང་རབ་གསེར་པོད་དུ་མའི་དག་བཞེངས་ཟབ།།
ལྷོ་གླིང་བྱེ་བའི་ཁྱོན་ལ་ཁྱབ་གདལ་མཛད།།
མཚན་དེ་ཀུན་སྣང་ཁྱབ་པའི་བླ་དྭགས་ཅན།།
པོད་དེ་དྲུང་མུ་ཚང་གི་སྙིང་ནོར་བཙན།།
བཀའ་དེ་སྒོ་བཞི་མཛོད་ལྔའི་གླེགས་བམ་ཧྲག།
དྲིན་དེ་གསེར་གྱི་སྒྲོན་མེའི་འོད་ཀྱི་རླབས།།
སྒང་སྒང་ས་སྒང་འདི་ལ་བྱུང་མ་མྱངས།།
ཀྲོག་ཀྲོག་རྣ་ཅོ་རློན་པོས་ཐོས་མ་མྱངས།།
ཟབ་ཟབ་ཀུན་སྣང་ཁྱབ་པའི་མཉེན་ཆས་འདི།།
ཀུན་གསལ་འོད་ཟེར་སྦྱིན་པའི་མཛད་འཕྲིན་ཞིག།
སྣང་སྲིད་གསལ་བའི་མེ་ལོང་བླ་མས་བླུགས།།
ལོ་མང་ཚགས་ཀྱི་དཀའ་འབྲས་ཀུན་ལ་བྱིན།།
རིན་མེད་བོན་གྱི་སྦྱིན་པ་ཕྱོགས་བཅུར་འགྱེད།།
ཀུན་ལ་མཁོ་བའི་ཀུན་སྣང་ཁྱབ་པ་བཞེངས།།
༢༠༡༦/༨/༢༧/ཉིན་མོར་བྲིས་སོ།།