གཡུང་དྲུང་བསྟན་པའི་སྒྲོན་མེ།
ལྷག་བསམ་ཟོལ་མེད་གྱེར་བསྟན་དོན་དུ་དཀར།།
བརྩེ་སེམས་རིས་མེད་ལུས་ཅན་ཀུན་ལ་སྐྱོང་།།
རླབས་ཆེན་མི་ཟད་རྒྱན་གྱི་འཁོར་ལོ་ཆེ།།
ས་ཆེན་གོ་ལའི་སྒང་དུ་ཡང་ཡང་བསྐོར།།
དཀའ་བ་ཁྲི་ཡིས་བསྟན་དོན་ཁུར་ལྕི་མཛད།།
དཀོན་པ་འབུམ་གྱི་གཞུང་གནད་ལྷུ་ལག་ཁྲོལ།།
ངལ་དུབ་བྱེ་བ་ཐུགས་ཀྱི་ཀློང་དུ་བསྲན།།
གཡུང་དྲུང་བསྟན་པའི་དོན་དུ་དབུ་ལོ་དཀར།།
སྐུ་ཚེ་གང་པོར་བོན་གྱི་བསྟན་གཞིས་བཟུང་།།
རིམ་དགུ་ཐེག་པའི་བོན་གྱི་གསས་ཁང་བརྩེགས།།
བཟང་དགུ་ཤེས་རིག་ནོར་བུའི་གཏེར་ཁ་བསྐྲུན།།
གཡུང་དྲུང་བསྟན་པའི་དོན་དུ་ཚེ་སྲོག་བཞེངས།།
རིག་གསར་རླུང་འཚུབས་དམར་པོའི་གསེབ་ཀ་རུ།།
འགའ་ཞིག་ཚེ་སྲོག་དོད་དུ་འདུལ་སྡོམ་ཤོར།།
རེ་ཞིག་ཅལ་འདྲོཊ་གཏམ་གྱིས་བཙུན་ས་བརླགས།།
ཁྱེད་ཀྱིས་གཤེན་བསྟན་དོན་དུ་བསླབ་གསུམ་གཅེས།།
ལྷོ་གླིང་ས་ཆེན་འཛིན་མའི་ཕང་བ་རུ།།
སྐུ་གསུང་ཐུགས་ཀྱི་ཉི་མས་མཛད་འཕྲིན་སྐྱོང་།།
དཀའ་ཐུབ་དྲང་སྲོང་ཞིག་གི་ཚུགས་ཀ་འཆང་།།
ཁྲི་གཙུག་བསྟན་པའི་སྲོག་རྩ་ཁྱེད་ཀྱིས་ཟིན།།
ཐོབ་དང་མིང་གི་གོ་སར་ཆགས་མྱོང་མེད།།
མངའ་ཐང་རྒྱལ་པོའི་རྒྱལ་སར་དེས་མ་འདོད།།
ཡང་སྲིད་ཐག་པས་མགྱོཊ་འཐེན་མ་བྱས་ལ།།
གཡུང་དྲུང་བསྟན་པའི་ཆེད་དུ་གྲྭ་སར་འགྲིམ།།
ལོ་མང་སློབ་ལ་བརྩོན་བཞིན་དམན་སར་བཟུང་།།
ལུང་རིག་རྒྱལ་ཁའི་གཟེངས་རྟགས་ལོན་ཉིན་མོར།།
མཉམ་མེད་ཚང་གི་གསེར་ཁྲི་སེར་པོའི་དཀྱིལ།།
ཞྭ་དཀར་ཅོད་པན་ལྷ་མི་གཤེན་གྱིས་གསོལ།།
མན་ངག་ལུང་སྟོན་ཡོངས་འཛིན་ཆེན་མོའི་དྲུང་།།
ལྔ་རིག་ཞག་གི་བཅུ་རིག་བཅུད་ལ་རོལ།།
གངས་ཅན་ཁྲོད་དུ་བསླབ་གསུམ་བསྟན་པ་འཛིན།།
གཡུང་དྲུང་བསྟན་པའི་ཆེད་དུ་དཀའ་བ་སྤྱད།།
བདག་སོཊ་སྐྱེ་འགྲོའི་ལུས་ཀྱི་གྲིབ་སོ་འམ།།
སྲིད་པ་སྡུག་གིས་མནར་བའི་སྨག་རུམ་དེ།།
ཞི་བའི་ས་རུ་བཞུགས་པའི་ཞིང་ཁམས་ཀྱི།།
གཡུང་དྲུང་བསྟན་པའི་སྒྲོན་མེ་ཁྱེད་ཀྱིས་གསལ།།
༢༠༡༥/༤/༡༩/ཉིན་ཁྱུང་བསོད་བློ་ནས་བྲིས་སོ།།