བརྗེད་རྒྱུ་མེད།
རྟ་ཕོ་རྐྱང་དཀར་རག་པ་བརྗེད་རྒྱུ་མེད།།འབྲི་མོ་ཁམས་དཀར་བཟང་མོ་བརྗེད་རྒྱུ་མེད།།
ལྷས་ར་གཡང་འཕེལ་ཕྱུག་མོ་བརྗེད་རྒྱུ་མེད།།
བརྗེད་རྒྱུ་མེད་པ་གསུམ་དེ་མིག་ངོར་འཆར།།
ཁ་ཕོར་འབྲུག་རིས་མ་དེ་བརྗེད་རྒྱུ་མེད།།
ཁ་ཟས་འོ་མའི་སྤྲིན་མ་བརྗེད་རྒྱུ་མེད།།
ཁ་ལག་དྲིན་གྱིས་སྐྱོང་བ་བརྗེད་རྒྱུ་མེད།།
ཁ་ཙམ་མ་ཡིན་ཁོག་ཏུ་དྲན་དྲན་ཞིག།
དང་པོའི་ཀ་ཁ་བསླབ་པ་བརྗེད་རྒྱུ་མེད།།
གཉིས་པའི་དཀའ་ལས་རྒྱག་པ་བརྗེད་རྒྱུ་མེད།།
གསུམ་པའི་རྒན་གྱི་སློབ་གསོ་བརྗེད་རྒྱུ་མེད།།
དྲིན་ཅན་བཀའ་དྲིན་དྲན་པ་ཐེངས་གཅིག་མིན།།
བྱིས་པའི་ནུ་ཞོ་མངར་མོ་བརྗེད་རྒྱུ་མེད།།
བྱིས་པའི་རྩེད་ར་འཚོལ་བ་བརྗེད་རྒྱུ་མེད།།
བྱིས་པ་ཕན་ཚུན་དཀྲུག་པ་བརྗེད་རྒྱུ་མེད།།
བྱིས་པའི་སེམས་ཁུར་མི་དགོས་སྐྱིད་པ་ལ།།
ཕན་ཚུན་དབྱེན་གཅུག་བྱེད་པ་བརྗེད་རྒྱུ་མེད།།
ཕན་ཚུན་གྲོས་མཐུན་བྱེད་པ་བརྗེད་རྒྱུ་མེད།།
ཕན་ཚུན་མགོ་སྐོར་གཏོང་བ་བརྗེད་རྒྱུ་མེད།།
ཕན་ཚུན་མི་རྩོད་དམ་བཅའ་བརྗེད་རྒྱུ་མེད།།
ལྷ་ལ་གཏང་རག་ཕུལ་བ་བརྗེད་རྒྱུ་མེད།།
འདྲེ་ལ་གླུད་ཡས་བཀར་བ་བརྗེད་རྒྱུ་མེད།།
ཡར་མཆོད་མར་སྦྱིན་བྱེད་པ་བརྗེད་རྒྱུ་མེད།།
རྟག་ཏུ་བསྟན་སྲུང་གཙོ་བོ་བརྗེད་རྒྱུ་མེད།།
རང་ཚུག་རང་ཟིན་དགོས་པ་བརྗེད་རྒྱུ་མེད།།
རང་ཆས་རང་འཛིན་དགོས་པ་བརྗེད་རྒྱུ་མེད།།
རང་སྐད་རང་སྦྱོང་དགོས་པ་བརྗེད་རྒྱུ་མེད།།
རང་བསྟན་རང་གཅེས་དགོས་པ་བརྗེད་རྒྱུ་མེད།།
ད་ལྟའི་སློབ་གླིང་འཚོལ་བ་བརྗེད་རྒྱུ་མེད།།
མ་འོངས་མདུན་ལམ་བཟང་པོ་བརྗེད་རྒྱུ་མེད།།
འདི་ཕྱི་གཉིས་ཀར་བདེ་བ་བརྗེད་རྒྱུ་མེད།།
ད་ལྟའི་ལྷག་བསམ་དཀར་བ་བརྗེད་རྒྱུ་མེད།།
བླ་མའི་ཟབ་གདམ་གནང་བ་བརྗེད་རྒྱུ་མེད།།
ཨ་མའི་ནུ་ཞོ་མངར་མོ་བརྗེད་རྒྱུ་མེད།།
ཨ་ཕའི་ཁ་ཏྭའི་སློབ་གསོ་བརྗེད་རྒྱུ་མེད།།
ཨ་ཕྲུག་རང་གི་ཁུར་པོ་བརྗེད་རྒྱུ་མེད།།
རང་སྡོམ་མངོན་ལྐོག་གཅེས་པ་བརྗེད་རྒྱུ་མེད།།
རང་སྒྲིག་རང་གི་སྲུང་བ་བརྗེད་རྒྱུ་མེད།།
རང་སྡོམ་རང་གི་གཅེས་པ་བརྗེད་རྒྱུ་མེད།།
རང་གི་ཚད་ལྡན་ཚུལ་མཐུན་བརྗེད་རྒྱུ་མེད།།
ལས་འབྲས་བརྩི་སྲུང་དགོས་པ་བརྗེད་རྒྱུ་མེད།།
དྲང་པོའི་དྲང་ལམ་བསྙེགས་པ་བརྗེད་རྒྱུ་མེད།།
བདེན་པའི་བདེན་དཔང་འཚོལ་བ་བརྗེད་རྒྱུ་མེད།
རྫུན་མའི་རྫུན་ཚིག་སྤང་བ་བརྗེད་རྒྱུ་མེད།།
གཞན་གྱིས་འཕྱ་སྨོད་གཏོང་བ་བརྗེད་རྒྱུ་མེད།།
གཞན་གྱིས་སྤྲེལ་ལད་འཁྲབ་པ་བརྗེད་རྒྱུ་མེད།།
གཞན་གྱིས་ལད་མོ་བྱེད་པ་བརྗེད་རྒྱུ་མེད།།
གཞན་གྱི་རང་མཚང་སློག་པ་བརྗེད་རྒྱུ་མེད།།
ལྟ་བ་ཡས་ནས་ཕབ་པ་བརྗེད་རྒྱུ་མེད།།
སྤྱོད་པ་མས་ནས་འཛེགས་པ་བརྗེད་རྒྱུ་མེད།།
གཞི་ཡིས་སྙིང་རྗེ་བསྐྱངས་བ་བརྗེད་རྒྱུ་མེད།།
ཐབས་ཤེས་ཟུང་འབྲེལ་སྤྱོད་པ་བརྗེད་རྒྱུ་མེད།།
ཐོས་པའི་སྒོ་ལ་འཇུག་པ་བརྗེད་རྒྱུ་མེད།།
བསམ་པའི་གོམ་པ་དགོས་པ་བརྗེད་རྒྱུ་མེད།།
སྒོམ་པའི་གནད་ལ་ཁེལ་བ་བརྗེད་རྒྱུ་མེད།།
ཐོས་བསམ་སྒོམ་གསུམ་དགོས་པ་བརྗེད་རྒྱུ་མེད།།
ལྔ་རིག་སློབ་ཚོགས་ཆེན་མོ་བརྗེད་རྒྱུ་མེད།།
ལྔ་རིག་ནོར་གྱི་གཏེར་ཁ་བརྗེད་རྒྱུ་མེད།།
ལྔ་རིག་གཤོག་རླབས་དགོས་པ་བརྗེད་རྒྱུ་མེད།།
ལྔ་རིག་གླིང་ལ་ཕེབས་པ་བརྗེད་རྒྱུ་མེད།།
སྐྱབས་རྗེ་མཁན་སློབ་རྣམ་གཉིས་བརྗེད་རྒྱུ་མེད།།
རང་ལུགས་བསྟན་པའི་སྒྲོན་མེ་བརྗེད་རྒྱུ་མེད།།
རང་བསྟན་ཡུན་རིང་སྐྱོང་བ་བརྗེད་རྒྱུ་མེད།།
སྲ་བརྟན་སྲོག་ཤིང་ཡིན་པ་བརྗེད་རྒྱུ་མེད།།
ཡུན་རིང་བརྟན་པའི་སྨོན་ལམ་བརྗེད་རྒྱུ་མེད།།
སྐུ་ཚེ་བསྐལ་བརྒྱར་བཞུགས་པ་བརྗེད་རྒྱུ་མེད།།
བར་ཆད་མེད་པའི་སྨོན་ལམ་བརྗེད་རྒྱུ་མེད།།
འཆི་བ་སྲོག་ལ་ཐུག་ཀྱང་བརྗེད་རྒྱུ་མེད།།
བཀྲིས་ཁ་གཡང་རྟེན་འབྲེལ་བརྗེད་རྒྱུ་མེད།།
བདེ་ལེགས་སྐྱིད་ཀྱི་ཉི་མ་བརྗེད་རྒྱུ་མེད།།
ཕུན་སུམ་བཟང་གསུམ་ཚོགས་པ་བརྗེད་རྒྱུ་མེད།།
བརྗེད་རྒྱུ་མེད་པ་ནང་གི་གཙོ་བོ་དེ།
མ་འོངས་སློབ་གསོ་ཆེན་མོ་བརྗེད་རྒྱུ་མེད།།
༢༠༡༣-༥-༢ མཁར་པ་བསོད་ནམས་བློ་གྲོས་ནས།།