སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ལི་ཐོ།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
ནང་འཇུག
སྒྲིག་འཇུག...
དྲ་གྲོགས།
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྒྲིག་འཇུག...
གཞན་གྱིས་དྲིས་ལན། | 2017/8/12 15:24:00
སྙིང་རྗེའི་འོད་ལགས་ཀྱིས་དྲི་བར། ལགས་ཁམས་བཟང་། ཉིད་ལ་དྲི་བ་ཁ་ཤས་ཕུལ་ན་ཆོག་གམ། ༼བོད་ཅེས་པའི་ཐ་སྙད་མ་བྱུང་པའི་སྔ་རོལ་དུ་བོན་ཟེར་བ་ཡོད་དམ། བོད་ཡིག་འདི་མ་བྱུང་པའི་སྔ་རོལ་དུ་ཡི་གེའམ་འདྲ་གཟུགས་ཕན་ཚུན་བརྡ་སྤྲད་སྦྱོར་བའི་མཚོན་རྟགས་ཡོད་དམ། བོད་ཀྱི་གསོ་རིག་འདིའི་ཁུངས་གཏུགས་ས་བོན་པོའི་འབུམ་བཞི་ཡིན་ནམ། བོད་ཀྱི་ལོ་རྒྱུས་མཐར་གཏུགས་ན་བོན་ཀྱི་ལོ་རྒྱུས་སུ་ཐུག་གམ། ཁྱེད་ལ་གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་མངའ་ཡོད་པར་སེམས་ནས་ཞུས་པ་ཡིན་ལགས།༽ གནམ་སྲས་གཟི་དམར་གྱིས་ལན། སང་ཞག་གང་ཤེས་ཞུ་ཆོག་ཅེས་ཁས་བླངས་པར་ལན་ཞིག་མ་ཕུལ་ཐབས་མེད་བྱུང་ཞིང་། ལན་འབུལ་བར་ཕྲན་ཤེས་བྱའི་དབུལ་བའི་ཁྱེད་ཀྱི་དོགས་གཞི་སེལ་བར་དཀའ་ན་ཡང་། གོང་ཞུས་བཞིན་ལན་ཞིག་འབུལ་བར་འདོད་དོ།༼ བོད་ཅེས་པའི་ཐ་སྙད་མ་བྱུང་པའི་སྔ་རོལ་དུ་བོན་ཟེར་བ་ཡོད་དམ།༽ལན་གཉའ་ཁྲི་བཙན་པོ་བྱོན་ནས་མ་མཐར་ལོ་སུམ་སྟོང་ལྷག་ཙམ་སོང་བ་དཔྱད་གཞི་ཁག་གཅིག་ལས་གསལ་ལ། དེ་ལས་ཡར་རྩིས་པས་བོད་ཁ་གཡག་དྲུག་ཅེས་པའང་ལོ་སྟོང་ཚོ་འགའ་ཤས་གོང་བྱུང་ཡོད་པར་བཤད་ལ། དེ་ལས་ཡར་རྩིས་པས་སྟོན་པ་བོད་ལ་བྱོན་དུས་བར་ལོ་སྟོང་ཚོ་ཁ་ཤས་བྱུང་ཡོད། དེའི་གོང་དུ་བོད་ཅེས་མིང་ཐོག་ཡོད་ལ། བོན་ཞེས་པའང་སྟོན་པ་མ་བྱོན་གོང་ནས་ཡོད་པ་གསལ་ཡོད། བོན་ཞེས་པ་འདི་ལྷ་གཤེན་སྲིད་གསུམ་མ་བྱོན་གོང་གི་གོ་དོན་ནི། ཕལ་ཆེར་སྐད་སྒྲ་བསྒྲགས་ཏེ་འབོད་པས་དོན་ཙམ་ལ་གོ་བ་ཡིན། ཕན་ཚུན་འབོད་པ་དང་། གླུ་གཞས་གཏོང་བ། འདོན་པ་བཟླས་པ། གྱེར་བ་ཚང་མར་བོན་ཟེར་བ་ཡིན། དེ་ཡང་བསམ་ཚུལ་ཙམ་མ་ཡིན་པར་བོན་གྱི་འདོན་ཆ་སྐོར་དང་ཏུན་ཧོང་ཡིག་རྙིང་སོགས་ལས་གསལ་གྱི་ཡོད། བོན་པོ་ཞེས་པ་ནི། ཁ་ནས་འདོན་པ་འདོན་མཁན་དང་། སྙིང་པོ་བཟླས་མཁན། གཡུང་དྲུང་བོན་མ་བྱུང་གོང་གི་ལྷ་ཀླུ་གཞི་བདག་མཆོད་མཁན། རྣམས་ལ་གོ་བ་ཡིན། དེའི་སྲོལ་དེ་འཛམ་གླིང་ས་གོ་ལའི་ཐོག་གི་རྒྱལ་ཁབ་ཤེས་རིགས། དར་མ་དར་ཚང་མར་གདོད་མའི་ཆོས་ལུགས་དེ་དར་ཡོད་པར་བཤད། དེའི་རྗེས་ཤུལ་རྒྱ་དཀར་ནག་དང་བོད་ཁུལ་འགའ་ལ་ད་ལྟ་ཡང་ཡོད། བོད་ལ་དེ་འདྲའི་ཆོས་ལུགས་དེ་དར་ཤུགས་ཆེ་སར། སྟོན་པ་གཤེན་རབ་ཀྱིས་གཡུང་དྲུང་བོན་ཡང་སྤེལ་ཁག་པོ་བྱུང་ཡོད། དཔེར་ན་བོད་ལ་གཤེན་རབ་དངོས་ཀྱི་སྐབས་བསྟན་པ་སྤེལ་མ་ཐུབ་ནས། རྗེས་སུ་དར་བས་ཐུགས་སྨོན་གནང་བ་དང་། གཤེན་རབ་ཀྱི་རུས་རྒྱུད་ཀྱི་ཚ་བོ་དམུ་ཚ་གཉའ་ཁྲི་བོད་དུ་ཕེབས་ནས་བོད་རྗེར་གྱུར་རྗེས། གཤེན་རབ་ཀྱི་རུས་རྒྱུད་དམུ་གཤེན་སྣང་བ་མདོག་ཅན་དང་མཆོད་ཡོན་ཟུང་འབྲེལ་བྱུང་བས། གཞི་ནས་གཤེན་བསྟན་བོད་ལ་དར་འགོ་ཚུགས་པར་གསལ། གཤེན་བསྟན་དར་ན་ཡང་བོད་ཀྱི་གདོད་མའི་ཆོས་ལུགས་ནི། ད་རུང་བོད་པ་ཚོས་མ་དོར་བར། ཤི་གསོན་གཉིས་ཀའི་ཆེད་དུ་སྤྱོད་བཞིན་ཡོད་པ་ལོ་རྒྱུས་འགའ་ལས་ཟུར་ཙམ་གསལ་ལ། གཤེན་རབ་ཀྱིས་གཤེན་བསྟན་ཐོག་མར་བསྟན་དུས་ནས། དེ་སྔའི་གདོད་མའི་བོན་གཞན་ལ་འཚེ་བའི་དམར་གཏོའི་རིགས་བཀགས་ནས། སྲོག་ལྡན་གྱི་ཚབ་ཏུ་འབྲུ་ཡི་བཟོས་པའི་གཟུགས་རིས། ཁྲག་གི་ཚབ་ཏུ་དམ་རྫས་ཀྱི་རག་ཏ་དང་ཆང་འོ་མ་བཅས་དང་། དེ་བཞིན་ཤིང་རྩི་མེ་ལ་འབུས་པ་སོགས་ལ། བཅོས་བསྒྱུར་བྱས་ཏེ། གདོད་མའི་བོན་དང་ཆ་འདྲ་བའི་རྒྱུ་བོན་རིགས་བཞི་ཞེས་པ་ཞིག་བསྟན་པ་དེ་དར་ཁྱབ་བྱུང་ཞིང་དེ་ནས་རིམ་བཞིན་མདོ་སྔགས་སེམས་གསུམ་གྱི་བསྟན་པ་བོད་ལ་དར་བར་བཤད། འོན་ཀྱང་ད་རུང་སྔར་སྲོལ་འཕྲོ་གཅོད་མ་ཐུབ་པར། ཕལ་ཆེར་གླང་དར་མའི་སྐབས་བར་དུ། གདོད་མའི་བོན་གྱི་བཤོ་སྲོལ་དེ་གནས་ཡོད་པ་ཡིན་ཏེ། དེ་ཡང་བཙན་པོ་རྒྱལ་བློན་ཚོས་བྲོ་བོར་བའམ། གནའ་བསྐྱལ་དུས་སེམས་ཅན་བསད་པས་ཚུལ་དང་། དུར་ཁྲོད་དམ་བང་སོ་ལས། རྟ་རུས་སོགས་དོན་པ་ནི། བོད་རིགས་ཀྱི་སྔར་མའི་ཡུལ་སྲོལ་གོམ་གཤིས་ཡིན་པ་ལས། གཡུང་དྲུང་བོན་གྱི་ཆོས་ལུགས་མ་ཡིན་ལ། བོན་ཞེས་པ་དེ་ལོ་སྟོང་ཕྲག་མང་པོར། བོད་དུ་དར་ཆེས་ནས། དེ་བོད་ཀྱི་ཡུལ་སྲོལ་དུ་ཆགས་པ་ཞིག་ཡིན། དེའང་བོད་ཙམ་མ་ཟད་རྒྱ་དཀར་ནག་ཏུ་འང་དར་ཡོད་པ་གསལ་ལ། མིང་ནི་བོན་ཞེས་འབོད་ཀྱི་ཡོད་མེད་མ་ཤེས། དེ་འདྲ་ཡིན་དུས་བོད་ཅེས་པའི་མིང་དེ། བོན་ལ་སྤྱོད་མཁན་བོན་པོ་མང་ཤོས་དང་ཡུན་རིང་ཤོས་བོད་རུ་བཞི་ལ་ཡིན་ཙང་། བོན་ཡུལ་ཞེས་འབོད་པ་དང་། རྗེས་སུ་བོད་ལ་འགྱུར་ཡོད་པར་དྲན། ཏོང་ཧོང་ཡིག་རྙིང་དུ། སྤུ་རྒྱལ་ཕོནད་གྱི་ཡུལ་ཞེས་འབྱུང་བ་ལྟར་དང་དེའི་ན་བོད་ཀྱི་སྔོན་དུ་བོན་ཡོད་པར་འདོད་དོ། དེ་ཡང་གཤེན་བསྟན་གཡུང་དྲུང་བོན་མ་ཡིན་པ་ཤེས་དགོས།་ ༼བོད་ཡིག་འདི་མ་བྱུང་པའི་སྔ་རོལ་དུ་བོན་པོའི་ཡི་གེའམ་འདྲ་གཟུགས་ཕན་ཚུན་བརྡ་སྤྲད་སྦྱོར་བའི་མཚོན་རྟགས་ཡོད་དམ།༽དེ་ཡང་སྲིད་པ་སངས་པོ་འབུམ་ཁྲི་དང་། སྟོན་པ་གཤེན་རབ་གཉིས་ཀྱིས། ཡི་གེ་ཁྲི་འབུམ་མཛད་པ་དང་། ཡིི་གེ་དེ་བདུད་ཁྱབ་པས་མེ་ལ་བསྲེགས་རྗེས། གཤེན་རབ་ཀྱིས་དཔའ་བོ་འབྲུ་ལྔ་ལས་སྤྲོས་ཏེ། ད་ལྟའི་བོད་ཡིག་འདི་མཛད། དེའི་གོང་དུ་སེམས་དཔའ་བརྡ་ཡི་རྒྱུད་པ་ཞེས། ཡི་གེ་མ་ཡིན་པའི་ཕན་ཚུན་བརྡ་སྤྲོད་བྱེད་ཅིག་ཡོད་པ་བོན་གཞུང་ཁག་ལས་གསལ། ད་ལྟའི་བོད་ཡིག་འདི་ཐོན་མིས་མཛད་ཟེར་བ་ནི། བོད་ལ་ཡི་གེ་ཡོད་པའི་ལོ་རྒྱུས་ཆེས་ཆེར་ཕྱི་ཆེས་པ་ཡིན་ཏེ། ས་ཡི་གོ་ལའི་ཐོག་རྒྱལ་ཁབ་རིག་གནས་དར་ཆེ་ཤོས་རྣམས་ལ་ཡི་གེ་ཡོད་པ་དང་། བོད་དང་འབྲེལ་འདྲིས་ཟབ་པའི་རྒྱ་དཀར་ནག་བལ་པོ་བཅས་ལ་ཡི་གེ་ཡོད་དུས། བོད་ལ་ཡི་གེ་མེད་པ་མི་སྲིད་ཅིང་། དེ་དུས་བོད་ཡིག་འདི་སྤྱིར་ན། ཡོད་ཀྱང་། སྒྲ་ལ་གཙོར་འདོན་ནས་སྐབས་བབས་ངོས་འཛིན་པ་ཙམ་ལས། ད་ལྟའི་ཡི་གེ་ནང་བཞིན་གྱི་དག་ཆ་དེ་འདྲ་མེད་པར་སེམས་ཏེ། དཔེར་ན། ད་ལྟའང་། བྱུས་ཇུས། མཆོང་འཕྱོངས། ལྟ་བུ་གཉིས་ཀ་འབྲི་བཞིན་པ་ལྟར་དང་། དེ་མིན་ཚིག་འཕྲད་སོགས་ལ། ཁྱད་པར་ཆེན་པོ་མེད་པར། བཀོལ་བ་དང་། ལྷག་པར་དུ་ཡི་གེ་ནི། མཆོད་གནས་བོན་གཤེན་དང་བཙན་པོ་རྒྱལ་བློན་སོགས། རིམ་པ་མཐོ་གྲས་ཙམ་གྱིས་སློབ་པ་ལས། བོད་མི་བྱིང་གི་སློབ་སྲོལ་མེད་པར། དམག་མིའི་དམག་སྦྱོང་དང་། ཞིང་པའི་ཞིང་ལས། འབྲོག་པའི་འབྲོག་ལས་ཙམ་ལས། ཡི་གེ་སློབ་སྲོལ་ཕལ་ཆེར་མེད་པ་འདྲ་སྟེ།དུས་རབས་བཅུ་དགུ་ཉི་ཤུ་ནང་ལ་ཡང་བོད་རིགས་ཞིང་འབྲོག་མང་ཚོགས་མང་ཕལ་ཆེར་ཡིག་རྨོངས་པ་ཡིན་པར་བཤད་ཅིང་། དུས་ད་ལྟའང་སེར་མོ་བ་དང་བོན་བན་སྔགས་པ་ཕོ་མོ་དང་སོགས། ཆོས་སྒོར་ཞུགས་པ་རྣམས་དང་སློབ་གྲྭ་བ་བཅས་ཕར་ཕུད་པས། དེ་མིན་བོད་རིགས་ཞིང་པ་འབྲོག་པ་དང་བཟོ་པ་སོགས་ཀྱིས། བོད་ཡིག་ཀློག་ཤེས་མཁན་ཤིན་ཏུ་ཉུང་ཞིང་། གལ་སྲིད་བོད་ཡིག་ཤེས་ཤིང་ཀློག་ན་ཡང་ཆོས་གཞུང་དང་ཁ་འདོན་འདོན་པ་ཙམ་ལས་སྙན་ངག་དང་ལོ་རྒྱུས་སྒྲུང་གཏམ་སོགས་བལྟ་ཀློག་འབྲི་གསུམ་བྱེད་མཁན་དཀོན་པ་མཐོང་ཆོས་སུ་ཡོད་པ་འདི་ནི། སྔོན་མའི་བཤོ་སྲོལ་ལུས་བསྡད་པ་བཅོས་བསྒྱུར་མ་ཐུབ་པ་ལོས་ཡིན། དེའི་ཕྱིར་མཐར་འཁོར་རྒྱལ་ཁབ་ཚོས་ལོ་རྒྱུས་ནང་། བོད་ལ་ཡི་གེ་མེད་ཅེས་འཁོད་དོན་ནི་དེ་ལྟར་བོད་རིགས་དམངས་ཁྲོད་དུ་ཡི་གེ་དར་ཁྱབ་མེད་པ་དེ་ཙམ་ལ་བཤད་པར་སྙམ་ལ། སྲོང་བཙན་གྱིས་ཐོན་མི་ཨ་ནུ། རྒྱ་བལ་ཡུལ་དུ་ཡི་གེ་སྦྱོང་བ་དང་ཡིག་མཁན་གདན་འདྲེན་ལ་མངག་ནས། དེའི་སྔོན་གྱི་བོད་ཡིག་རྙིང་པ་དེར་བཅོས་བསྒྱུར་ཞིག་བྱས་ཏེ། བོད་མི་དམངས་ལ་ཡི་གེ་སློབ་སྲོལ་ཞིག་གསར་འཛུགས་བྱས་པ་དེར། ཕྱིས་སུ་བོད་མི་ལོ་རྒྱུས་འབྲི་མཁན་ཚོས་བསྟོད་ཆེས་ཏེ། བོད་ཡིག་གསར་གཏོད་བྱས་ཟེར་བསྔགས་པ་ཆེས་ཆེར་བྱས་ཡོད་ས་འདུག་སྙམ་ལ། ཏུན་ཧོང་ལོ་རྒྱུས་ནང་མི་མིང་ཙམ་འཁོད་མིན་ལ་རྟེན་ནས་ཐོན་མི་སོགས་བྱུང་མྱོང་མིན་ཐག་གཅོད་ནས། དེ་མིན་གྱི་ལོ་རྒྱུས་ཡོད་ཚད་རྫུན་སྒྲུང་དུ་སྒྲུབ་པ་དེ་ཡང་ཐལ་ཆེ་བར་དོགས་སོ།། ༼བོད་ཀྱི་གསོ་རིག་འདིའི་ཁུངས་གཏུགས་ས་བོན་པོའི་འབུམ་བཞི་ཡིན་ནམ།༽ལན། རྒྱུད་བཞི་ཟེར་བ་འདིར་བྱུང་བའི་སྨན་རྗས་དང་། དཔྱད་དུག་ལུམ་མེ་རྩ། གཏར་ག་སྦྱོང་། ཐུར་མ་སྔགས་སོགས་གང་ལ་གཞིགས་ཀྱང་བོད་རང་ས་ནས་བྱུང་བ་ཞིག་ལས། རྒྱ་གར་སོགས་ནས་བྱུང་བ་ཞིག་གཏན་ནས་རེད་མི་འདུག་སྙམ་ལ། དེ་ནི་གཤེན་རབ་ཀྱིས་གསུང་བའི་འབུམ་བཞི་འདི་རང་ཡིན་ངེས་ལ། བོད་ཀྱི་གསོ་རིགས་ཡོད་ཚད་ཁུངས་འདི་གཅིག་པུའི་མི་ཚད་ཅིང་། གཤེན་རབ་ཀྱིས་འབུམ་བཞི་ལས་ད་རུང་སྨན་གྱི་རྒྱུད་དགུ་སོགས་གསུང་བར་གསལ་ལ། དེའི་གོང་དུ་བོད་ཀྱི་བོན་པོ་ཚོར་གསོ་བ་རིག་པ་ཡང་ཡོད་སྲིད་པ་ཞིག་རེད་སྙམ། ༼་བོད་ཀྱི་ལོ་རྒྱུས་མཐར་གཏུགས་ན་བོན་ཀྱི་ལོ་རྒྱུས་སུ་ཐུག་གམ།༽ ལན། དེ་ཡང་མི་སྲིད་དེ། གཡུང་དྲུང་བོན་ནི་ཞང་ཞུང་འོལ་མོ་གླིང་ཆེན་ནས་དར་ལ། འོལ་མོ་ལུང་རིང་ཞུ་བ་དེ། གཤེན་ལྷ་འོད་དཀར་བཞུགས་ཡུལ་འོལ་མོ་ལུང་རིང་ནི། དག་པའི་ཞིང་ཁམས་ཤིག་ལ་ངོས་འཛིན་ཞིང་། བསྐལ་ཆེན་གྱི་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་འཁྲུངས་སའི་འོལ་མོ་ལུང་རིང་ནི། ད་ལྟའི་གངས་རྒྱལ་ཏི་སའི་ཉེ་བསྐོར་དུ་ལྟེ་བ་བྱས་པས། བོད་ཡུལ་དབུས་གཙང་རུ་བཞི་ཕར་ཕུད་པས། མདོ་དབུས་ཁམས་གསུམ་དང་། བལ་ཡུལ་དང་རྒྱ་གར་བཅས་ཀྱི་ས་ཆའི་ཆ་ཤས་ལ་ཟེར་གྱི་ཡོད་ས་རེད་དྲན། གཤེན་རབ་ཀྱི་ལྕམ་ཀོང་པོ་ནས་བཞེས་པ་དང་། སྲས་རྒྱུད་ད་ལྟ་བཞུགས་ཡོད་པ། བོན་གཞུང་འགའ་ལས། ལྷོ་འཛམ་བུ་གླིང་སོག་ཁ་བོན་གྱི་འབྱུང་གནས་ཞེས་སུ་གསུང་ཡོད་ལ། ད་ལྟ་དབུས་ལྷ་སའི་ལྷོ་ཕྱོགས་ལ། ལྷོ་ཁ་ཞེས་པ་དང་དེའི་ས་ཆའི་ཆ་ཤས་ཤིག་ལ་༼སོག་ཁ་༽ཞེས་པའི་ས་གནས་ཤིག་གི་མིང་ཡོད་པར་གསལ་བ་དེ་ཡང་། བོན་གཞུང་ཁག་ལས་ལྷོ་འཛམ་བུ་གླིང་སོག་ཁ་བོན་གྱི་འབྱུང་གནས་ཞེས་པ་དེ་དང་འབྲེལ་བ་ངེས་ཅན་ཞིག་ཡོད་ས་རེད་དྲན། དེ་བཞིན་སྟག་གཟིགས་ཞེས་པའང་། པར་སིག་གི་ཡུལ་རྐྱང་པ་ལ་ཟེར་བ་མ་ཡིན་པར། གངས་ཏི་སེའི་ནུབ་བྱང་ཕྱོགས་སུ། སྟག་སྡེ་དང་གཟིག་འཕན་ཞེས་པ་ཞིག་ཡོད་པ་ལས། སྟག་གཟིག་འོལ་མོ་ལུང་རིང་ཅེས་ཆ་ཤས་གྱི་མིང་དེ་སྤྱི་ལ་ཐོག་མི་སྲིད་པའང་མ་ཡིན་སྙམ། དེ་ལྟར་གཡུང་དྲུང་བོན་ནི་མདོར་བསྡུས་ན། སྐབས་དེ་དུས་ཀྱི་བོད་ཞེས་པ་ལས་ལོགས་སུ་གྱུར་པའི་ཞང་ཞུང་ནས་བོད་ཀྱི་ལྷོ་སོག་ཁ་ལ་ཐོག་མར་དར་བ་དང་དེ་ནས་བོད་ཡུལ་རུ་བཞིར་ཁྱབ་པ་ཞིག་ཡིན་པར་བསམ་ལ། བོད་ནི་སྐབས་དེ་དུས་ཀྱི་སྔོན་ནས་ཡོད་པ་ཞིག་ཡིན་དུས། བོད་ལ་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཞིག་ལོས་ཡོད་སྙམ། རྗེས་སུ་བོད་ཡུལ་རྒྱ་ཇེ་ཆེར་གྱུར་ཏེ་ཞང་ཞུང་དང་སུམ་པ་སོགས་བོད་ཀྱིས་དབང་དུ་བསྡུས་པར་བཤད་པས་སོ། ཞེས་ཞུ་འོད་རྒྱས་པས། ཕྱི་ལོ་༢༠༡༧༑༧༑༡༧་ཉིན་བྲིས་པས་འགལ་འཁྲུལ་མཆིས་ན་མཐོལ་ལོ་བཤགས།། །
- ཟིན་ཐོ་གོང་མ།བཞི་པ་འཇིགས་རྟེན་པ་ལ་ཡོད་དགོས་པའི་ཕུགས་འདུན།
- ཟིན་ཐོ་འོག་མ།སྟག་སླག་ཅན་ལ་ཟུར་ཙམ་དཔྱད་པ་སྟོད་ཆའོ།