སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
མིའི་བུ་མོ་དང་ཀླུ་ཡི་བུ་གཉིས་བརྩེ་བར་མི་ཁ་ལྡང་བ། | 2018/6/5 12:16:00
བྱོལ་རབས་ཀླུའི་སྐོར།
སྨྲ་ཡུལ་ཐང་བརྒྱད་ན། ཕ་སྨྲ་རྒན་ཐང་པོ་དང་། མ་སྨྲ་བདག་བཙུན་མོ་གཉིས་ཀྱི་སྲས། མིང་པོ་དྲལ་སྨྲ་ཐེན་བས་བགྱི་དང་། སྲས་མོ་ལྕམ་མོ་སྨྲ་ལྕམ་སི་ལེ་མས་བགྱི་བ་གཉིས་ཡོད་པ་ལས། དྲལ་མིང་པོས་ལུང་པའི་ཕུ་ན་རྟ་འཚོ་རྨང་སྐྱོང་། སྲིང་མོ་ལྕམ་སྨྲ་ལྕམ་སི་ལེ་མ། འཁྲིས་ཀྱི་ཀླུ་མཁར་རྩེ་དགུའི་ནང་། ཡབ་ཀླུ་རྗེ་བཙན་བ་དང་། ཡུམ་དོག་ཟ་གཡས་མོ་བཙུན་གཉིས་ཀྱི་སྲས།  ཀླུ་རབ་བཟང་ཏོ་རེ།  སྟངས་ཕོ་ཅིག་སྐྱེས་པ་ལ། དེ་ལས་བཟང་མ་མཆིས་པའི། དེ་དང་སྨྲ་ལྕམ་སིལ་ལེ་མ་གཉིས། ན་ཆུང་གྲོགས་བསྒྲིགས་ཤིང་། ནེའུ་གསིང་སྔོ་མཐའ་རུ། ཕྱིང་དཀར་གྱི་གདན་གཏིང་དུ་བཤོས། དེར་ཆུ་བཅུ་རན་ན། ཆར་པ་བབ། ཉུར་མ་ཡུར་རན་ན་མི་ཁ་ལྡང་བ་སྟེ། ཕྱུག་གི་རྫི་བོས་བལྟས་པས་མཐོང་བ་ལས། སྨྲ་ལྕམ་སི་ལེ་མ་དང་། ཀླུ་རབ་བཟང་ཏོ་རེ་གཉིས། ཉིན་བཞིན་སྤྱན་ཟུར་ཙམ་ཡང་མི་བྲལ། མཚན་བཞིན་གདན་མཐའ་ཡང་མི་བྲལ་བར་བཤོས་པ་ལས། ཉིན་གུང་ཞིང་ལ་ཡུར་མ་མི་ཡུར། མཚན་མོ་ཞིང་ལ་ཆུ་མི་གཏོང་བར་འདུག་ཅེས། མིང་པོའི་སྙན་དུ་ཞུས། མཛའ་བཅུག་གི་བར་དུ། སྡང་འཕྲ་མ་དེ་ནས་བྱུང་། དེར་མིང་པོ་སྨྲ་ཐེན་བ་ཡང་། ཀླུ་རབ་བཟང་ཏོ་རེ་དང་། སྨྲ་ལྕམ་སི་ལེ་མའི་དྲུང་དུ་འོང་ཏེ། རལ་གྲི་དྲེ་ལོམ་རྐེད་ཆོད་བརྒྱབ་སྟེ། རྐེད་པ་བཅད་དེ་བཀུམ་མོ། ཀླུ་རབ་བཟང་རོ་རེས། ཀླུ་རབ་བཟང་ཏོ་རེས་། སྨྲ་ཐེན་བ་ལ་གནམ་ནས་ཐོག་འཕངས་པར། སྨྲ་ལྕམ་སི་ལེ་མས་མེ་ལོང་གིས་བཀགས་པས་ཐར་་རོ། དེར་སྨྲ་ལྕམ་སི་ལེ་མས། ཀླུ་རབ་བཟང་ཏོ་རེའི་སྤུར་དོང་འདོམ་དགུ་རུ་སྦས། དེ་ནས་ཀླུ་རྗེ་ཟིང་བརྩན་གིས། བུ་ཞག་བསྡད་ཟླ་བར་སྒུགས་ཀྱང་མ་བྱོན་པའི། ཀླུ་རྗེའི་ཞལ་ན་རེ། ཕ་རྒས་ནས་བུ་སྟོར་སོང་སྙིང་རེ་རྗེ་གསུངས་ནས། ཞྭ་རུལ་གླད་ལ་གོན། བེར་རྒ་ལག་ཏུ་ཐོགས་ནས། ལོ་ལམ་ཟླ་ལ་བཅད། ཟླ་ལམ་ཞག་ཏུ་བཅད་དེ བུ་བཙལ་ཡང་མ་རྙེད་དོ། གནམ་ནས་སྐྱིན་འདང་ཆར་པ་བབ། རྨ་འདང་རླུང་དམར་གཡོས། ས་རིམ་དགུ་སློག་ཀྱང་། བུ་མ་རྙེད་དོ། དེར་སྨྲ་ཐེན་བའི་དཔའ་ངོམ་བྱས་ཏེ། ཀླུ་ཟིང་བཙན་གྱི་བུའང་ངས་བསད་པ་ཡིན་ཞེས་ཁ་ནས་ཤོར་བས། ཀླུ་རྗེ་ཟིན་བཙན་གྱིས། ལས་ངན་ཁྱོད་ངའི་བུ་ཐོང་གསུང་ནས། ཀླུ་རྗེ་ཟིན་བཙན་དང་སྨྲ་ཐེན་བ་འཐབས་། སྨྲ་ཐེན་བ་བྲོས་ཀླུ་རྗེ་ཟིན་བཙན་གྱིས་དེད་དོ།  སྨྲ་ཐེན་བ་བྱང་མེ་ཉག་གི་ལྷ། རྨ་ཕོ་འབྲའི་མཁར་དུ་བྲོས་ནས་བསྡད་པས། ཀླུ་རྗེ་བཙན་བའི་མེ་ཉག་གི་ལྷ། རྨ་ཕོ་བྲ་ལ་། སྨྲ་ཐེན་པ་མཁར་ནས་བཏོན་དགོས་པས་བཀའ་བརྩལ། བསེའི་མི་ཁྲབ་རྟ་ཁྲབ་བརྒྱས་བསྐྱལ་བས།  ཀླུ་རྗེ་བཙན་བ་ཁྲོས་ཏེ། སྐྱིན་དང་ཆུ་བོ་གནམ་ལས་ཕབ། རྨ་འདང་༼རྨ་འདང་མེ་ལ་གོ་བའི་སྐབས་ཀྱང་སྣང་ངོ་།༽རླུང་དམར་ས་ལས་གཡོས། བྱང་ཀ་དམར་མོ་རྩེ་ནས་འགྱེལ་་ཁད། རྨང་ནས་འགྱེལ་ལ་ཁད། རྨ་ཕོ་འབྲ་མ་ཐུབ་སྟེ། དེ་ནས་ནུབ་ཕྱོགས་སུ་བོན་གྱི་ལྷ་གནམ་གསས་ཕྱི་རིམ་གྱིས། མཁར་ནང་དུ་བྲོས་ནས་གབ། དེར་ཀླུ་རྗེ་བཙན་པའི་ཀླུ་དམག་དྲངས། གནས་གསས་ཕྱི་རིམ་མཁར་སྒོར་བྱོན། ཀླུ་རྗེ་བཙན་ཕམས། ལྷའི་གཟུ་དང་དཔང་བགྱིས། ཀླུ་རྗེ་བཙན་བ་ལ། ཀླུ་རབ་བཟང་ཏོ་རེ་བསད་པའི་སྟོང་དུ། སྲང་བདུན་ཁྲི། བདུན་འབུམ། འཇལ་དགོས་པས་ཞལ་ལྕེ་བཅད། དེར་སྲང་བདུན་ཁྲི་བདུན་འབུམ་ནི། འགྲེང་མིའི་ནོ་གྱི་ཡང་མི་ལང་ལ། དུད་ཕྱུགས་ཀྱི་འཕེལ་ཁས་ཀྱང་མི་འཁོར་རོ། འཇལ་མི་ནུས་སོ་བགྱིས་པ་ལ། ཀླུ་རྗེ་བཙན་བ། ཐུགས་ཆད་བྲང་བརྡུང་ནས། ཀླུ་དམག་བཟློག་སྟེ། ལྟས་ངན་གྱི་རྒྱལ་པོ་གང་པར་གེ་བེར་གྱི་དམག་ཡང་བཟློག། ཕུ་ཡར་ནས་བདུད་པོ་བཅུ་གསུམ་དང་། མདའ་མར་ནས་བཅུད་མོ༼ཆུད་མོ་སྟེ་འདྲེའི་མིང་༽བཅུ་གཉིས་དང་། ཡི་དགས་ཆོ་མ་ཆོ་དགུ་བཟློག་སྟེ། དམག་གི་ར་མདའ་བཟློག་པ་དེ་ནས་བྱུང་ངོ་། དེར་སྨྲ་ཐེན་བ་ནི། བྱ་ལྟར་གཏོར་གྱི་བླངས་ལ་ཁད། ཉ་ལྟར་ཚེད་ཀྱིས་བཅུས་ལ་ཁད། སྨྲ་ཐེན་བའི་སྨྲས་པ། ཕ་གཤེན་རབ་མི་བོ་ལགས། གནོད་པ་དེ་དག་ཕན་ཐུབ་ལ། གཏོ་དང་དཔྱད་བགྱིད་དུ་ཡོད་དམ། མོ་དང་བོན་བགྱིད་དུ་ཡོད་དམ་ཞུས། གཤེན་རབ་ཞལ་ནས་གསུངས་པར། མི་ཁོ་བོ་། གཏོ་དང་དཔྱད་ཡོད། མོ་དང་བོན་བྱེད་དུ་ཡོད་སྟེ། ལྷ་ལ་སྙན་ཞུ་གསོལ། བསང་དང་གླུད་གཏོང་འཚལ་ཞུ། ལྷ་ཡིས་བཀའ་ནི། བ་བཙན་ཡབ་བཙན་ན། འོ་ལ་ཤ་བ་བཙན་གྱི་སྲས། མ་བཙུན་ཡུམ་བཙུན་ཆབ་མ་ཉི་ལོན་བཙུན་གྱི་སྲས། མི་ཕོ་ཆུང་དུ་མཁས།  ལྷ་བོ་ལྷ་སྲས་ཆུང་དུ་མཁས། རྟ་བོ་ཆུང་ལ་མགྱོགས། ལག་པའི་མཐིང་གེ་ནིང་གེ་བ་ ༼འདིའི་གོ་དོན་མ་ཤེས། ༽ ཆུང་ལ་མགྱོགས། གཤེན་རབ་མི་བོའི་གསས་རྟ་དྲོ་བཞུར་ནི་སྒ་བསྟད་དེ། དར་གྱི་རལ་ག་རིང་ལ་གསོལ། རྔ་དིང་ཆེན་དིང་དྲགས་རྒྱབ་ལ་ཁུར། གཤང་ཁྲི་ལོ་སྐད་སྙན་མཆན་དུ་གསལ། ལྷ་བོ་དྲོངས་ཡང་བྱེ་ལ་དྲོངས། འགམ་ཡང་བྱེ་ལ་འམ། བདུར་ཡང་བྱེ་ལ་བདུར། བརྒྱུགས་ཡང་བྱེ་ལ་བརྒྱུགས། ༼འདི་རྣམས་ཀྱི་དོན། སྒམ་ལྷ་བོ་ལྷ་སྲས་གདན་དྲོངས་ན། བོན་པོ་བྱེ་བ་ཙམ་ཡང་གདན་དྲོངས་ཐུབ་ལ། སྒམ་ལྷ་བོ་ལྷ་སྲས་ཀྱི་གམ་པ་སྤོས་ན་གཞན་ཀྱང་དེ་བཞིན་སྤོ། སྒམ་ལྷ་བོ་ལྷ་སྲས་འདུར་ཡང་ལྷ་བོན་གཞན་ཀྱང་འདུར་བའམ་རྒྱུགས་པའི་དོན་ལ་གོའམ་སྙམ།༽འོལ་ཕུ་གཡང་གང་ན། འོལ་ཕུ་ལུང་རིངས་ན། འོལ་ཕུག་དགའ་དང་། འོལ་ཀྱི་སྤང་བཟངས་ན། སྒམ་ལྷ་བོ་ལྷས་དེ་ན་བཞུགས་དེ། གཤེན་རབ་མི་བོས་ཕྱག་གུས་དུད་ཀྱི་བཙལ་དུ་སླེབས་པར་འོང་།  བསྒམ་ལྷ་བོ་ལྷ་སྲས་ཞལ་ནས། ཕ་གཤེན་རབ་མི་བོ་གར་དུ་གཤེགས། དེ་སྐད་ཟེར་བ་ལ། གཤེན་རབ་ཞལ་ནས། སྨྲ་ཡུལ་ཐང་བརྒྱད་ན། སྨྲ་ཐེན་བ་ཡིས། ཀླུ་རབ་བཟང་ཏོ་རེ་བསད་པས། ལྷ་དགུས་གཟུ་དཔང་བྱས་ཏེ། ཀླུའི་སྟོང་དུ་སྲང་བདུན་འབུམ། བདུན་ཁྲི་སྲ་མ་ཉག་འབུམ་གཅིག་ཕབ་སྟེ། སྨྲ་ཐེན་བ་མ་ཉན་དེ། ཀླུ་རབ་བཙན་བ་ཡིས། ལྟས་ངན་དང་བདུད་དང་ཡི་དགས་དང་ངན་འབྲེལ་ནས་མཉམ་དུ་བསྡོངས་སྟེ། སྨྲ་ཐེན་བ་བྱ་ལྟར་གཏོར་གྱི་བླངས་ལ་ཁད། ཉ་ལྟར་ཚེད་ཀྱིས་བཅུས་ལ་ཁད། ལུག་ལྟར་གཉའ་ནས་བཟུང་ལ་ཁད། བསྒམ་ལྷ་བོ་ལྷ་སྲས་བཀའ་བརྩལ་དུ་གཤེགས། བསང་དང་གླུད་གཏོངས་སུ་གཤེགསདེ་སྐད་ཞུས་པ་དང་། བསྒམ་ལྷ་བོ་ལྷ་སྲས་དང་། གཤེན་རབ་མི་བོ་ཡིས། ནང་སུམ་གཏོ་རུ་བཙུགས། ནུབ་གསུམ་དཔྱད་དུ་དཔྱད་ནས། སྡོང་ཚོལ་སྡོང་མ་ཚོལ། དཔྱད་ཀྱི་སྡོང་ཚོལ་སྡོང་ཚོལ།  ༼གྲོགས་ཚོལ་གྲོགས་མ་ཚོལ། དཔྱད་ཀྱི་གྲོགས་ཚོལ་གྲོགས་ཚོལ་ཡིན་ནམ་སྙམ།༽ བསྒམ་ལྷ་བོ་ལྷ་སྲས་ཀྱི་ཞལ་ནས་གནམ་གྱི་བོན་པོ་མུས་དཔལ་འཕྲོག་རོལ་བྱ་བ་དང་། སྒྱུ་ཆེ་ལ་འཕྲུལ་དྲག་སྟེ། གཏོ་མཁས་ལ་དཔྱད་རྣོ། དེ་ལ་ཆ་དང་ཕྲིན་སྐུར་བ། རྗི་དང་སྐྱེ་ཆེད་པོ་ལ། ལྷ་བོ་ལྷ་སྲས་ཞལ་ནས། སྨྲ་ཡུལ་ཐང་བརྒྱད་ནས། སྨྲ་ཐེན་བ་ལ། ཀླུ་རྗེ་བཙན་བའི་ལྟས་ངན་ཆོ་མ་ཆོ་དགུ་དང་། ཡི་དགས་ཆོ་མ་ཆོ་དགུ་དང་། བྱ་ལྟར་གཏོར་གྱི་བླངས་ལ་ཁད། ཉ་ལྟར་ཚེད་ཀྱིས་བཅུས་ལ་ཁད། གཏོ་དང་དཔྱད་བགྱི་འཚལ། གཤེན་གསུམ་གནམ་ལས་གཤེགས་སུ་གསོལ། དེ་སྐད་གསུངས་པ་ལ། ཕ་མུས་དཔལ་ཕྲོག་རོལ་ཞལ་ནས། ལྷ་བོ་ལྷ་སྲས་ཀྱིས་བཀའ་བརྩལ་ན། ལོགས་ནས་འགྲོ་ཡིན་བ་ཡིན་ཟེར། ལྷ་རྟ་དཀར་པོ་བཅིབས། གསས་ཀྱི་དཀར་པོ་ཕྱི་ན་འབྲང་། གནམ་ནས་ས་རུ་རྨུ་དག་དྲངས་དེ། ཡུལ་འོལ་ཕུ་དགའ་དང་དུ་མཆིས་སོ། ལྷ་བོ་ལྷ་སྲས་དང་། མུས་དཔལ་ཕྲོག་རོལ་དང་། གཤེན་རབ་མི་བོ་དང་ནུབ་གསུམ་གཏོ་ཡིས་ཚོར། ནང་གསུམ་དཔྱད་ཀྱིས་ཚོར། སྟོང་དང་གླུད་དུ་ནི། སྤྲ་མི་བོ་ལག་རིངས་དང་། བདུད་ལུག་ཡོལ་བ་དང་། བྱད་དཀར་ཐོ་ལོ་དང་། བ་འབྲི་གཡས་པ་ལ། གསེར་མདའ་མར་བོ་བཏགས། བ་འབྲི་གཡོན་པ་ལ། གཡུ་འཕང་སྔོན་པོ་བཏགས། བཟང་དར་སྣ་དགུ་ཟ་འོག་མཚོན་དང་བཅུའི་བརྒྱན། སྐྱེས་པ་དམག་ལ་ཆས་པ་འདྲ། མདའ་རྒྱུད་སྨྱུག་མ་རེ་རེ་ནི། མཚོ་རྟ་ཁལ་དང་ཆས་པར་སྤྲལ་པའམ་དམིགས། བྱ་སྤུ་དང་འཕན་དར་ཆས་པ་ནི། མཛོ་རྟ་རེ་རེ་ཁལ་དང་ཆས་པར་སྤྲུལ་པའམ་སྒོམ། སྔ་འཕན་རེ་རེ་ནི་མཚོ་རྟ་རེ་རེ་སྣ་ཁྲིད་པར་སྤྲུལ་པའམ་བསྐྱེད། ཕྱིར་འཕན་རེ་རེ་ནི་སྐྱེས་ཕྲན་རེ་རེ་ཕྱི་ན་དེད་པར་དམིགས། ཚགས་ཕུར་རེ་རེ་ལ། མར་སྲང་བརྒྱར་བཅད། ཤིང་རིས་སྟོང་ཆོ་དང་། བརྒྱ་རིས་འོལ་འོལ་དང་། སྟོང་རིང་ཕྱོ་ཕྱོ་ནི། ཡི་དགས་ཡུལ་དང་ས་དང་མཁར་དང་མི་དང་ནོར་དང་ཕྱུགས་སུ་དམིགས་ནས། སྟོང་དུ་བཅད། མདའ་ཟ་བུག་མ་ནི།བདུད་ཕོ་རྒྱ་སྒག་ཕོ་རྣམས་ལ་ཕུལ། གསེར་འཕང་གཡུ་ལོ་ནི། ཡི་དགས་སྒོ་མོ་རྣམས་ལ་འབུལ་ལོ། གསེར་མངོན་ཁ་བཟངས་དང་གཡུ་མངོན་ཚིག་པ་གཉིས། ཡི་དགས་ཆོ་དགུའི་སྐོར་དང་དད་དུ་དམིགས་ཏེ་ཕུལ། དཀར་མོ་བཞིན་བཟངས་དང་། ཡུངས་མོ་རྒང་བཟང་ནི། ཡི་དགས་ཀྱི་གསང་དང་བཅུད་དང་སྐྱེམས་སུ་གསོལ་ནས། ལྷག་དང་ཞོན་ལུས་པ་ནི།ས་ཡི་བོན་མོ་ཤིབ་པ་གཤེན་འབྲང་། རིམས་ཀྱི་དབོག་མངོན་ཆ་༼མངོན་ཆ་ནི་གསེར་དང་གཡུ་བསྲེས་པས་ཆང་ངོ་། ༽གཅིག་ལ། ལུག་དྲོ་མོ་བདུན་བརྒྱ་དང་བདུན་བཅུར་དམིགས་སོ། བྱ་ཝང་གི་སྤུ་སློ་མ་གང་ལ། ར་སྔོན་མོ་ཁྱུ་བདུན་དུ་དམིགས་སོ། སྟོང་ཐང་དེ་ལྟར་བཅད་དོ། སྨྲ་ཐེན་བས་ཀླུ་བསད་པའི་སྟོང་འཁོར་རོ། ཕ་བོན་གྱི་གླུད་ཡང་སྟོང་རི་ཡང་དེ་ནས་བྱུང་ཞིང་སྲིད་དོ། རེ་ཤིག་ན་རེ་ཤིག་ན། ཡུན་རིང་ཡུན་རིང་ཞིག་ན།  རྫུ་འཕྲུལ་གྱི་ནོར་ཟས་ཀྱིས། ལྟས་ངན་དང་བདུད་དང་ཡི་དགས་ཆོ་མ་་ཆོ་དགུས་ཟོས་ཡང་མ་འདྲངས་སོ། ལྟས་ངན་བདུད་ཀྱིས། སྨྲ་ཐེན་བ་ལ། ལྟས་ངན་དུ་ཅི་བཏང་ན། གླང་ལ་སྟག་རི་ལ་ཤ་ཕོ་རུའི་འགོ་བཏགས་པ་ཅིག་བཏང་བ། སྨྲ་ཐེན་མས་ཚོར་དེ། གླང་སྟག་རི་ལ་མདའ་བརྒྱབ་སྟེ་བསད་ནས། ཤ་གཟུགས་གཅིག་ཉིན་རི་དཀར་ལ་བསྐྱལ། ཤ་གཟུགས་གཅིག་སྲིབ་རི་ནག་ལ་བསྐྱལ། ཤ་གཟུགས་གཅིག་ཆུ་བོའི་གཞུང་ལ་བསྐྱལ་བས། དེ་ལ་གདགས་འདྲེ་དང་སྲིབས་འདྲེ་དང་། ཕ་འདྲེ་དང་། མདའ་འདྲེ་དང་ཕུང་འདྲེ་དང་ཆུ་འདྲེ་་ཆ་མ་ཆོ་དགུ་བྱང་སྟེ། སྨྲ་ཐེན་ན་ནི། མི་འདུག་སའི་ཡུལ་ཡང་མེད། བ་གདགས་སའི་ཕུར་པ་ཡང་མེད། ཕ་མུས་དཔལ་ཕྲོག་རོལ་གཉེར་བའམ། གདན་འདྲེན་ནས། གཏོ་དང་དཔྱད་བྱས་པས། གདགས་འདྲེ་སྲིབ་འདྲ་ཆུ་འདྲེ་སྣ་ཚོགས་འདུས་སྟེ། དེ་དག་བཅོས་ཏེ་གཡོལ་དགོས་པས།བྱོལ་༼བྱོལ་ནི། ཡས་གླུད་དེ། མདོས་དང་འདྲ།༽བགྱི་འཚལ་བས། བྱོལ་ཟན་སྡེར་གང་དང་། བྱོལ་ཆང་སྐྱོགས་གང་དང་། བྱོལ་ཕྱེ་ཉག་གཅིག་དང་། ནོར་སྙིང་རག་སྒོར་ཕྱུང་ཅིག། ༼སྙིང་གི་ནོར་རྩ་ཆེན་སྒོར་ཐོང་ཟེར།༽གཏམ་སྙིང་རག་ཁར་འབྱིན་ནོ།༼སྙིང་གཏམ་ཁ་ནས་ཤོད་ལ་ཐོང་ཟེར།༽ ཁྲབ་འབུམ་བྱེ་མུན་ལའབར་ལ། གྱེར་གྱེར་སྔགས་སྔགས་ནས། ལུང་གི་མདར་བོར་དེ་བཏང་བས། ཁྲབ་བརྒྱ་བྱེ་མུན་ལ་འབར་ལ། གདགས་འདྲེ་སྲིབས་འདྲེ་ཆུ་འདྲེ་སྣ་ཚོགས་འདུས་ནས་གདའ། གཤེན་རབ་མི་བོ་ཡིས། མདའ་གཅིག་ཁྲབ་བརྒྱ་བྱེ་མུན་ལ་འབར་ལ་བརྒྱབ་པས། གདགས་འདྲེ་སྲིབས་འདྲེ་ཆུ་འདྲེ་རྣམས་སླར་ལ། སྨྲ་ཐེན་མ་ལ་འདུས་ནས། སྨྲ་ཐེན་བ་བྱ་ལྟར་གཏོར་གྱིས་བླངས་ལ་ཁད། ཉ་ལྟར་ཚེདཀྱིས་བཅུས་ལ་ཁད། ཕ་མུས་དཔལ་ཕྲོག་རོལ་གནས་ནས་གཉེར་སྟེ། ལྟས་ངན་ཅི་ལས་བྱོལ་ན། ནོར་སྙིང་རག་ལས་བྱོལ། གཡུ་མཚོ་རོ་ལུ་གུ་དང་གསེར་ཆུ་ས་ལེ་སྦྲམ་གླུད་ཡས་བཏང་། དེར་ཕྱུག་པོའི་བུ་གཅིག་པ། ལུང་པ་ཡ་རུ། ཤ་ཤོར་རྒོ་འདྲིམ་རྔོན་པར་སོང་བས། ལམ་སུམ་མདོ་ན། གཡུ་དང་གསེར་ཕྲད་དེ་མཐོང་། དེ་ཁུར་སྟེ་སོང་བའི། ལྟས་ངན་དང་བདུད་ཀྱིས། ཕྱུག་པོའི་བུ། བྱ་ལྟར་གཏོར་ལ་ཁད། ཉ་ལྟར་ཆུ་ལས་བཅུས་ལ་ཁད། ཕྱུག་པོའི་བུ་གཅིག་པོ་ལ། ལྟས་ངན་བྱང་གཡག་སྐར་བའི་རྭ་གཡས་པས། མི་བླངས། རྭ་གཡོན་པས་རྟ་བླངས་དེ། ལོན་ལ་ཁད་ན། སྨྲ་ཐེན་བ་ཡིས། ཀླུ་དང་ལྟས་ངན་དང་། བདུད་དང་ཡི་དགས་ཆོ་མ་ཆོ་དགུ་སུས་བཟུང་བ་ཡང་། ཅིས་ཡང་མ་ཐུབ་བྱོལ་གྱིས་ཐུབ། གླུད་ཀྱིས་ཕན་ནོ། གནའ་སྨྲ་ཐེན་བ་ལ་ཕན་ནོ། ད་མི་སྨྲ་བུ་མཆིས་རྒྱལལ་ལྟས་ངན་བབ་ན། བྱོལ་ད་ཆུ་ཕྲད་ན་ཆུ་སྐམས་སོ། ཤིང་དང་ཕྲད་ན་འཆག་གོ། བ་ཕྲད་ན་ལྷུང་ངོ་། རྡོ་དང་ཕྲད་ན་འགས་སོ། སྔགས་བོན་སྔགས་ཚིགས་གསུམ་བཟླས་སོ། 
ཅེས་ཕ་གཤེན་རབ་མི་བོའི་སྐོར། ཕ་གཤེན་རབ་མི་བོ་ནི། གཏོ་དང་དཔྱད་ལ་མཁས་ཀྱང་། ལྷ་འམ་རྗེ་བོ་སྟེ། སྒམ་ལྷ་བོ་ལྷ་སྲས་ལ་ལུང་མ་ཞུས་ན། གང་དྲན་དྲན་གྱི་གཏོ་དཔྱད་བྱེད་མི་ཆོག་པ་དང་། 
ལྷ་ཡི་བོན་པོ་ཕ་མུས་དཔལ་ཕྲོག་རོལ་སོགས། རོགས་ལ་གཉེར་འདོད་ཀྱང་མི་ཁུགས་པ་ཞིག་ཡིན་པར་བསྟན་ལ། 
སྒམ་ལྷ་བོ་ལྷ་སྲས་ནི། ཆུང་ཡང་སྒམ་པ་སྟེ། མཁས་ཤིང་མཛང་པ་དབང་སྟོབས་ཡོད་པ། ཕ་གཤེན་རབ་མི་བོ་དང་། ལྷ་ཡི་བོན་པོ་ཕ་མུས་དཔལ་ཕྲོག་རོལ་སོགས་ལ། བརྩལ་ཐུབ་མཁན་རྗེ་བོ་ཞིག་ཏུ་མངོན་ལ། བྱོལ་རབས་འདིའི་དངོས་བྱུང་གཏམ་རྒྱུད། མི་དང་ཀླུ་ཡི་བརྩེ་བ་ལ་བར་ཆད་བྱུང་ཚུལ་ནས། འགོ་བརྩམས་ཏེ།འཇུག་ལྷ་སྒྲུང་གི་རྣམ་པར་བསྒྱུར་ནས། བྱོལ་གྱི་ཕན་ཡོན་བསྟན་འདུག་མོད། 
ཚིག་འགའི་གོ་དོན་མཁས་དབང་ལྕགས་མོ་མཚོའི་ཀྱང་ཁྲོལ་མི་འདུག་པའི།ཕྲན་གྱིས་ནི་ག་བར་ག་བར། དེར་རྟེན་བོན་པོའི་མཁས་དབང་འགས་འདི་རིགས་གོ་དོན་བཀྲོལ་ལ་འབད་འཚལ་ལོ།། ཞུ་འོད་རྒྱས་པས། ༢༠༡༨༑༦༑༥་ཡི་ཞོག་པར།༼གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་གནའ་དཔེའི་ཞིབ་འཇུག་༽ལྕགས་མོ་མཚོ་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༦་ལོའི་སྤར་མ་ལྟ་ཞོར་ཤར་རེར་བྲིས་པ་ལགས་ཤིང་། མ་གོ་བ་མང་མོད། གོ་དོན་ནོར་བ་ཡོད་སྲིད་པའི། མཆན་འགོད་ནས་བཅོས་རོགས་གནང་ཞུའོ།། 


དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.