སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རྒྱལ་ཤོད་ལ་བླ་གྲྭ་ཕེབས་རོགས་ཞུ། | 2016/5/30 8:39:00
སྔོན་མ་དཀར་རུའི་ཁོངས་གཏོགས་རྒྱལ་ཤོད་ལྡེང་དཔོན་འོག་སྡེ།  དེངས་སང་ཆབ་མདོ་ལྷོ་རོང་རྫོང་ཁོངས།  རྔུལ་ཤོད་ཤང་།  རྒྱལ་ཤོད་ཚུན་ཞབས་སུ། རྒྱལ་ཤོད་གྲོང་།  ཟླ་རུ་གྲོང་སོགས་གྲོང་ཚོ་བཞི་ཡོད་པ་དེར།  སྔོན་མ་ལོ་རྒྱུས་ཐོག་རྒྱལ་དགོན་པ་ཞེས་བོན་སྔགས་འཚོགས་སའི་དགོན་པ་ལོ་སུམ་བརྒྱ་བཞི་བརྒྱའི་ལོ་རྒྱུས་ཡོད་པ་ཞིག་ཡོད་འདུག་ཀྱང་།  རིག་གསར་སྐབས་གཏོར་བཤིགས་བྱས།  དེ་རྗེས་ཆོས་དད་རང་མོས་སྐབས་ནས་ད་བར་ཞིག་གསོ་བྱེད་མཁན་མེད་པར་ལུས་འདུག་ལ།  ཡུལ་དེར་༡༩༩༣་སྐོར་བོན་ཕྲུག་ཁ་ཤས་མེ་སྟོན་གདན་ས་རི་ཁྲོད་དགོན་དུ་སྔོན་འགྲོ་དངོས་གཞི་རྩ་རླངས་བཅས་སྦྱོང་ཞོར་འདོན་ཆ་སྐོར་སློབ་མཁན་ཕྲུ་གུ་གསུམ་བྱུང་བ་དེ་ནི།  ཆོས་དད་དར་ཚུན་རང་ཡུལ་གྱི་བླ་མཆོད་རྔ་ཡུ་ཟིན་མཁན་ཐོག་མ་དེ་ཡིན་པ་དང་།  དེ་སྔོན་ཡུལ་དེར་གདུལ་བྱ་ལ་བླ་གྲྭ་མང་པོ་ཕེབས་མྱོང་ནའང་།  གྲོང་ཚོའི་སྤྱི་རིམ་མདོར་བསྡུས་ཙམ་དང་དེ་ནས་གྲོང་ཚོ་སོ་སོའི་དུད་ཚང་མར་ཁྱིམ་ཕེབས་ཞུ་ཟེར་དུད་རེ་རེར་གདན་དྲངས་ཏེ།  ཁྲུས་རབ་གནས་དང་བསྟན་དབང་ཕྱག་དབང་ཞུ་ས་ཙམ་ལས།  ཡུན་རིང་བཞུགས་མཁན་མ་བྱུང་བ་དང་། དེ་རྗེས་བོན་སྔགས་སམ་གྲོང་ཆོག་ཤེས་མཁན་རིམ་བཞིན་མང་པོ་བྱུང་ནས་ད་ལོ་གྲོང་ཚོ་བཞི་ལ་ཡིག་འདོན་ཧ་ལམ་ལྔ་ཅུ་ལྷག་ཡོད་ཀྱང་ད་བར་གྲྭ་པ་ནི་གཅིག་ཀྱང་བྱུང་མེད།  དེ་ལྟར་ཡུལ་འདིར་རི་ཁྲོད་དགོན་དང་རྩེ་དྲུག་དགོན།  སྟེང་ཆེན་དགོན་སོགས་ཀྱི་བླ་གྲྭ་རྣམ་པ་དགུན་ཁ་སྐབས་རེ་ཕེབས་གནང་བ་དང་གཏམ་སྟོད་ནས་རྒྱལ་སྒོ་དགོན་དང་།  གཟི་གནམ་མཐིང་དགོན་པའི།  བླ་མ་དང་བོན་སྔགས་ཚུར་ཕེབས་པའམ།  ཡང་ན་གདན་འདྲེན་ཞུས་པ་ལྟར་ལོ་ལྟར་ཕེབས་གནང་ནས།  ལོ་རེར་མི་ཤི་བ་ཚོར་འདུར་བཅའ་བ་དང་ལས་བཞི་མེ་སྤར་སྨོན་ལམ་བྱང་གཞུ་སོགས་མཛད་གནང་བ་ལས།  དགོན་པ་བཞེངས་མཁན་སུ་ཡང་བྱུང་མི་འདུག་་་ཡུལ་འདི་ནི་ཚུར་སྟེང་ཆེན་ལ་ཐག་ཉེ་ཞིང་འཕྲུལ་རྟ་ཆུ་ཚོད་བཞི་ལས་མི་འགོར་ཡང་སྔོན་མ་ཡིན་ན་བགྲོད་ལམ་འཕྲང་གཟར་བ་དང་།  ད་ལྟ་ཆུ་ཕར་ཁར་རླངས་འཁོར་ལམ་ཡོད་ཀྱང་།  དབྱར་ཁ་སོགས་དུས་གསུམ་ལ།  རྒྱལ་མོ་རྔུལ་ཆུས་བཅད་དེ།  སྟེང་ཆེན་ཕྱོགས་ནས་བླ་གྲྭ་ཕེབས་མི་ཐུབ།  དེ་བཞིན་རང་རྫོང་གི་བོན་པོ་ཡོད་ས་ཐག་རིང་ཞིང་ལམ་དོག་པའི་དེ་ལས་དཀའ་ལས་ཆེ་བའི་བླ་གྲྭ་ཕེབས་མཁན་མེད་ལ། མི་ན་ཡང་སྔོན་མ་སྨན་པ་གཅིག་ཀྱང་མེད་པ་དང་།  ད་ལྟ་གྲོང་གསེབ་སྨན་པ་གཅིག་ཡོད་ཀྱང་ཕྱི་བོད་གཉིས་ཀའི་སྨན་ལ་དེ་ཙམ་མི་མཁས་པའི།  མི་ཕྱུག་སུ་ན་ཡང་ཐག་རིང་རྫོང་ཐོག་སྨན་ཁང་ལ་འགྲོ་དགོས་ལ་དེ་ཡང་སྔོན་མ་ལམ་གཟར་བའི་དཀའ་ལས་ཆེ་ཡང་ད་ལྟ་རྫོང་ནས་ལམ་བཟོས་གློག་ཁྲིད་པས་སྟབས་བདེ།  གལ་སྲིད་དཔྱིད་དབྱར་སྟོན་གསུམ་ལ་མི་ཤི་བ་བྱུང་ན།  ཐག་རིང་གི་དགོན་སྡེ་ཁག་ལ་ཁ་སྤར་ཐོག་ནས་འཕོ་བ་དང་བསྔོ་སྨོན་ཞུ་བ་ཙམ་ལས།  ཚུར་ངོ་སྤྲོད་དང་འཕོ་བ་གསུང་མཁན་ནི་གདན་འདྲེན་ཞུ་ཐབས་བྲལ།  དེ་བཞིན་གཤེད་འདུར་ཡང་ཕར་ཞུ་བའམ།དགུན་ཁ་བར་དུ་སྒུགས་པ་ལས་འདུར་བཅའ་མཁན་མི་རྙེད།  དགུན་ཁ་སྤྱི་ཟླ་12་་་པའི་ཚེས་ལྔ་དྲུག་སྐོར་ནས་་་་་སྤྱི་ཟླ་2་་པའི་ཚེས་ཉི་ཤུ་སྐོར་བར་རྒྱལ་མོ་རྔུལ་ཆུར་དར་འགྲིགས་པས།  དེའི་རིང་བླ་གྲྭ་མང་པོ་ཕེབས་མཁན་ཡོད་པའི་དེ་སྐབས་གསོན་པོར་དབང་ཞུ་བ་དངསྐུ་རིམ་ཞབས་རྟེན།   གཤིན་པོར་ལས་བཞི་བླུག་པ་འདུར་བཅའ་བ་བྱང་གཞུ་སོགས་བྱེད་པ་རེད།  2013་་་ལོར་ནམ་མཁའ་རིན་པོ་ཆེ་ལྷོ་ལ་ཕེབས་སྐབས་འདིར་གདན་དྲངས་ནས་ཨ་དཀར་དུང་སྒྲུབ་འཚོགས་དུས།  ཨ་ནེ་ཞུ་མཁན་བཅུ་ལྷག་བྱུང་ལ། གྲུབ་ཆེན་རིན་པོ་ཆེ་ཁོང་གི་དགོན་པ་ཞིག་གསོ་དགོས་པས་བཀའ་སློབ་གནང་བ་དང་རིན་པོ་ཆེ་ནས་དངུལ་ལག་ཐོག་ཁྲི་ཁ་ཤས་གནང་བ་དང་རྗེས་སུ་དགོན་པ་བཟོ་སྐབས་དཔལ་འབྱོར་དཀའ་ངལ་འཕྲད་ན།  ཁོང་གི་ཐག་གཅོད་གནང་རྒྱུ་དང་།  དགོན་པ་བཞེངས་གྲུབ་ན་བཞུགས་མཁན་ཁོང་གི་གཏོང་གནང་རྒྱུ།  ཡུལ་སྡེ་ཚོས་ཨ་དཀར་དུང་སྒྲུབ་ལོ་ལྟར་འཚོགས་ནས་བཅད་མི་རུང་བ་དང་།  དགོན་པ་བཞེངས་བྱེད་བསྟན་རྩ་མང་ཚོགས་ནས་ཞལ་འདེབས་འབུལ་ན་ཕན་པ་ཡོད་ཚུལ་སོགས་གསུངས་གནང་བས།  མང་ཚོགས་མི་དྲག་འགོ་ཁྲིད་ཚོ་གྲོགས་བྱས་པ་རྒྱུད།  དགོན་པ་བཞེངས་བྱེད་བསྟན་རྩ་ཞལ་འདེབས་འབུལ་ཏེ།  དགོན་པ་བཞེངས་རྒྱུ་དང་།  ཨ་དཀར་དུང་སྒྲུབ་ལོ་ལྟར་འཚོགས་རྒྱུ་བཅས་ཁས་ལེན་ཞུས།  དེ་སྐབས་བསྟན་རྩ་ཐོ་བཀོད་པ་སྒོར་ཁྲི་ཉིས་བརྒྱ་མ་ཟིན་ཙམ་བྱུང་བ་དང་།  དགོན་པ་ས་སློང་མཛད་ཚར་རྗེས་ཡུལ་མི་ཚོས།  དགུན་ཁ་དེར་དགོན་པ་བཞེངས་བྱེད་དྲའུ་གདུང་མ་སོགས་ཤིང་ཆ་བཏུས་ཟིན་པས་མ་ཚད།  སྔོན་མའི་སློབ་ཁང་བེད་མེད་བཤིགས་ནས་འབུད་ཤིང་ཡང་ཕོན་ཆེན་དགོན་སར་དབོར་ནས་དགུན་ཁའི་ལས་དཀའ་ལེགས་པོར་གྲུབ།  དཔྱིད་ཀ་ཡུལ་མི་ཤིང་བཟོ་ཚོས་ཤིང་གཞོགས་རྒྱུ་དང་དེ་མིན་གྱིས་གྱང་བརྡུང་རྒྱུ་འཆར་གཞི་བཞག་ནས་ལས་འགོ་འཛུགས་རྩིས་སྐབས།  དགོན་པ་རྒྱག་ས་དེར་རླངས་འཁོར་ལམ་མེད་པའི་ཡུལ་མི་ཁ་ཅིག་གིས་བསམ་ཚུལ་མི་མཐུན་པ་བཤད་མཁན་བྱུང་བ་མ་ཟད།  རྒྱལ་ཤོད་ལ་ས་བདེ་བའི་དེར་དགོན་པ་བཞེངས་དགོས་པའི་འདོད་ཚུལ་བཤད།  དེ་རྗེས་ཤང་ནས་བརྡ་ཐོ་འབྱོར་ཏེ།  གྲོང་ཚོའི་འགོ་ཁྲིད་ཏང་ཡོན་ཚོས།  དགོན་པའི་འགོ་བྱེད་མི་ཆོག་པའི་བཀའ་བསྒྲགས་པས།  དེ་ནས་ལས་དཀའ་འགན་ཁུར་མཁན་བླ་གྲྭ་སོགས་མེད་ཙང་དེ་ལྟར་ལས་འཕྲོ་ལུས།  དེ་རྗེས་དགུན་ཁ་ཕྲན་རང་ཉིད་མོས་གུས་དགོན་པར་ཕུར་པ་ཞག་བརྒྱ་སྒྲུབ་སྐབས།  ཡུལ་དེའི་བོན་དྲག་བསྟན་འཛིན་གཡུང་དྲུང་དང་ཚོང་ཉི་མ་གཉིས་སོགས་མི་ལྔ་ཡོངས་ཏེ།  དགོན་པ་བཞེངས་རྒྱུ་སོགས་འགན་ཁུར་བར་འགྲོ་རོགས་ལབ་བྱུང་ཡང་།  ཕྲན་ནི་དགོན་པ་བཞེངས་ཐུབ་པས་ཤེས་འཇོན་ནུས་གསུམ་གྱི་དབེན་པའི་མ་ཚད། ཆུང་ལོ་བཅུ་གསུམ་ནས་ད་བར་མེ་སྟོན་གདན་ས་རི་ཁྲོད་དགོན་དང་།  ཀོང་པོ་རྒྱལ་རི་དགོན།  ནག་རུ་དགོན་བཅས་སུ་ཞབས་ཞུ་སྒྲུབ་ནས་མི་ཚེ་སློང་མོ་དང་ངལ་རྩོལ་ལ་གཏོང་ཡོད།  ད་ནི་དེ་ལྟར་དགོན་པའི་འགན་ཁུར་རྒྱུར་མོས་པ་མེད་པའི།  དགོན་པ་བཞེངས་རྒྱུ་དང་དེར་བསྡད་རྒྱུ་ཁས་མ་བླངས་ཀྱང་།  སྒྲུབ་པ་ཞག་བརྒྱ་ཚང་རྗེས་སམ་ཡང་ན་དེའི་རྗེས་སུ་ཡུལ་དེར་འོང་ཙམ་བྱེད་རྒྱུ་ཁས་བླངས་པ་ཡིན།  ཞག་བརྒྱ་ཚང་རྗེས་ཕྲན་མཚམས་ཁང་རྒྱག་གྲབ་བྱེད་དགོས་པས་དེར་འགྲོ་མ་ཁོམ་ཀྱང་ལོ་དེའི་དགུན་ཁར། ཁ་སྤར་རྒྱུད་ནས་འོང་རོགས་ཟེར་བ་ལྟར་དེར་སོང་བ་ཡིན།  དེ་སྐབས་དགོན་པ་ནི་དེ་ལྟར་བཞེངས་མཁན་མ་བྱུང་བར་ལུས་འདུག་ལ།  སྔོན་མ་མདོ་སྨད་ཀྱི་བྲོས་པོ་མང་པོ་དེར་བཅིངས་དགྲོལ་གཏོང་བ་དང་།  ཁྱུང་པོ་ཕྱོགས་ཀྱི་བྲོས་པོ་ཡང་ཡུལ་དེར་འཛིན་བཟུང་བྱས།  དེ་ཚོས་སྦས་པས་གཟི་བྱུར་དང་ལྷ་སྐུ་དཔེ་ཆ་སོགས་རྒྱུ་ནོར་འབོར་ཆེན་ནག་གསེང་དང་བྲག་ཁུང་དུ་སྦས་སྐུང་བྱས་པ་མང་པོ།  ཕྱིས་སུ་རྙེད་མཁན་མང་པོ་བྱུང་འདུག་ཡུལ་འདིར་འབྲི་གཡག་མང་པོ་འདུག་ལ་དུད་འབྲིང་གྲས་ལ་སྒོ་ནོར་རྟ་བ་གླང་མཛོ་འབྲི་གཡག་ཆེ་ཆུང་ཁྱོན་ཉིས་བརྒྱ་མ་ཟིན་ཙམ་འདུག་ལ་དེ་བཞིན་ཡུལ་འདིར་ལྷོ་རོང་རྫོང་ཁོང་ནས་དབྱར་རྩ་དགུན་འབུ་དང་རྫ་ཡུང་སུ་ཡུང་སོགས་སྨན་རྩ་འདྲ་མིན་ཐོན་འབོར་ཆེ་ཤོས་སུ་ཡིན་པར་གྲགས་ལ་དངུལ་སྨར་འབེལ་ཤོས་སུ་གྱུར། སློབ་གསོ་ཐོབ་ཚད་ཉུང་བས་སྔོན་མ་མི་མང་ཆེ་བའི་རི་དགས་རྔོན་ནས་བྱ་ཤ་དང་རི་དྭགས་ཤ་ཟ་བར་དགའ་ཡང་ད་ལྟ་རྔོན་བཅད་ཟིན།   འཁོན་འཐབ་ཆུང་ཆུང་གི་རྐྱེན་ལས་རང་ཤི་བྱེད་མཁན་ཡང་ཤིན་ཏུ་མང་པོ་བྱུང་ཟེར།  དུད་མང་ཆེ་བར་དཔེ་རྙིང་ཡོད་ཀྱང་དང་དོད་ཆུང་བའི་ཕལ་ཆེར་དགོན་སྡེ་ཁག་གི་བླ་གྲྭ་ལ་འབུལ་བའམ།  དཔེ་ཆ་གསར་པ་དང་བརྗེས་འདུག་ཀྱང་ད་རུང་མང་པོ་འདུག་་་་ཆ་མ་ཚང་བའི་དཔེ་རྙིང་གསེར་བྲིས་དངུལ་བྲིས་ཡིན་ན་ཡང་ད་ལྟ་ཚྭ་ཁང་ནང་དང་བྲག་ཁུང་དུ་འདེབས་པར་བྱེད། བླ་མ་གྲྭ་པ་དང་སེར་མོ་བ་ལ་མོས་་གུས་དང་དད་པ་དག་སྣང་ཆེ།  ཐེངས་དེར་ངའི་བྲག་ཁུང་ནང་དཔེ་རྙིང་ཡོད་པ་ཐོས་པའི་འཚོལ་དུ་སོང་བ་ཡིན།  ཁྱོན་བྲག་ཁུང་གཉིས་ནང་དཔེ་ཆ་མང་པོ་རུལ་འདུག་ལ།  ལྷ་སྐུའི་ཞབས་རའང་གསུམ་བཞི་ཙམ་ཐོན་ས་དྲུས་ན་དཔེ་རུལ་མང་པོ་ཐོན་ཀྱང་ས་འདྲུ་བའི་ངལ་བ་མ་བྱས། ཕྲན་གྱིས་དཔེ་རྙིང་དེ་ལས་ཤོག་དེབ་ཁ་ཚང་བ་རེ་གཉིས་ཁྱེར་བ་ལས་མང་ཆེ་བ་སླར་བྲག་ཁུང་དུ་ཡར་བཤམས་ནས།  ནམ་ཞིག་སྐྱེས་མཆོག་གཅིག་གིས་དགོན་པ་བསྐྱར་གསོ་བྱེད་ངེས་ལ་དེ་དུས་དེར་གདན་འདྲེན་བྱེད་པའམ།  ཡང་ན་ཁྱེད་ཚོའི་སྤྱི་ཁང་ཡོད་ན་དེར་ཉར་དགོས་པར་བཤད་ཀྱང་།  ཉར་མཁན་མ་བྱུང་བས་དེར་བཤམས་བཞག་པ་ཡིན།  དཔེ་རྙིང་མང་ཤོས་ཀྱི་བྲག་ཕུག་མཐོ་ས་དེར། ཁ་བ་ཡོད་པ་དང་འཁེལ་བའི།  གཡང་གཟར་ལས་མ་ཐར།  ད་རུང་དེར་བཀའ་འགྱུར་རྡོ་འབུམ་ཞེས་ཤོད་སྲོལ་ཡོད་པའི་རྡོ་འབུམ་དེ་ཡང་མང་ཆེ་བ་རིག་གསར་སྐབས་ཁང་པའི་རྨིང་རྡོ་དང་ཆུ་ཡུར་སོགས་ཀྱི་ཆེད་དུ་འོར་ནས་གཏོར་བརླགས་བྱས་ཟིན་ཡང་ད་རུང་ཆ་ཤས་ཙམ་ཡོད་པ་དགོན་པ་ཡོད་ས་དེར་ཕྱིས་སུ་རུགས་འདུག་་འཇུག་ཏུ་ཡུལ་མི་འདི་ཚོའི་རེ་བ་ཉག་གཅིག་ནི།  ད་ལོ་2015་་ལོར་དགོན་ས་གྲོས་བྱས་ཏེ་རྔུལ་ཆུ་འགྲམ་རླངས་འཁོར་ལམ་ཡོད་སར།  དགོན་པ་བཞེངས་རྒྱུ་ཡུལ་མི་འགོ་ཁྲིད་བོན་དྲག་སོགས་ཚང་མ་གྲོས་མཐུན་བྱུང་ཡོད་ལ།  རྫོང་ཆོས་དོན་ཅུས་སོགས་འབྲེལ་ཡོད་དབུ་ཁྲིད་རྣམས་ལ་གོང་ཞུས་བྱས་པ་རྒྱུད།  མང་ཚོགས་སྤྱི་རིམ་བྱེད་ས་སྤྱི་ཁང་ཞིག་རྒྱག་ཆོག་པའི་ཁས་བླངས་ཐོབ་ཀྱང་།  ཨ་ནེ་བཙུན་མ་བཅུ་ཙམ་ཡོད་པ་ནི།  ཆུ་ཕར་ཁར་མོས་གུས་དགོན་དུ་ཡོན་ཏན་སྦྱོང་བཞིན་ཡོད།  དེ་མིན་ཡུལ་འདིར་བླ་གྲྭ་ཟེར་བ་གོས་དམར་གྱོན་མཁན་རྒྱུན་བཞུགས་ད་བར་མེད་ལ་དེ་བཞིན་དགོན་པའི་ཆེད་འགན་ཁུར་་ཏེ་རྒྱུན་བཞུགས་གནང་མཁན་བླ་གྲྭ་དང་བོན་སྔགས་སོགས་མེད་རྐྱེན།  དགོན་པ་བཞེངས་མ་ཐུབ་པར་ལུས་ཡོད་པའི།  བཤད་སྒྲུབ་ཚད་ལྡན་ལས་ཐོན་པ་དང་།  དགོན་པ་བཞེངས་པར་མོས་པ་ཡོད་མཁན་གྱི་བླ་གྲྭ་རབ་ནི།  ས་གཏོ་སྨན་རྩིས་ཤེས་མཁན།  འབྲིང་ནི་འདུལ་བཅའ་བྱང་བཞུ་དབང་གནང་ཐུབ་མཁན།  ཐ་ན་མི་ཤི་དུས་ངོ་སྤྲོད་འདོན་ཐུབ་མཁན་བླ་སྤྲུལ་དགེ་བཤེས་གང་མང་ཞིག་ཡུལ་འདིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་ཆེད་དུ།  ཡུལ་འདིར་རབ་ན། སྐུ་ཚེའི་རིང་དང་། འབྲིང་ན་ལོ་ལྔ་དྲུག་ཙམ། ཐ་ན་ལོ་གསུམ་རེ་ཙམ་བཞུགས་པར། ཕེབས་རོགས་ཞེས།  གཡུང་དྲུང་བོན་གྱི་དགོན་སྡེ་ཁག་དང་། དེ་མིན་བོན་པོའི་སེར་མོ་བ་ཡོངས་ལ་རེ་བ་ཞུ་བཞིན་འདུག་གོ་ ཡུལ་འདིར་དཀའ་ངལ་ཆེ་ཤོས་ནི་དགོན་པ་མེད་པ་དང་བླ་གྲྭ་མེད་པ་དེ་ཡིན་ཟེར། དཀའ་ངལ་དེ་བླ་སྤྲུལ་མཁན་སློབ་དགེ་བཤེས་གྲྭ་པ་བཙུན་མ་སོགས་སུས་ཐག་གཅོད་གནང་རོགས་མཛད་ན་དགའ་བསུ་ཞུ་ཟེར། ད་ནི་དེ་སྔོན་གྱི་མ་དགོན་བུ་དགོན་གྱི་འབྲེལ་བ་དང་མཆོད་ཡོན་་གྱི་འབྲེལ་བ་ཡོད་མེད་རྩ་བ་ནས་མེད་ལ་སུ། ཡུལ་འདིར་བཞུགས་རོགས་མཛད་ན། དེ་ལ་ཐུགས་རྗེ་ཆེ་ཞུ་ཟེར་བཞིན་འདུག་ དེ་ལྟར་ཁོ་ཚོའི་རེ་བ་ལྟར་ཁྱུང་ཞུ་པས་བྲིས། ཚིག་ནོར་དོན་ནོར་མང་པོ་ཡོད་སྲིད་པ་བཟོད་པ་གསོལ།། །།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.