འདིར་མཐའ་ཞུ་ཞེས་མིང་ཇི་ལྟར་ཐོགས་ཚུལ་དང་མཐའ་ཞུ་བླ་རབས་བླ་རྒྱུད་རིམ་བྱོན་གྱི། རྣམ་ཐར་ལོ་རྒྱུས་བཅས་མདོར་བསྡུས་ཙམ་བཀོད་པ་ལ༎ དེ་འང་ཁྱུང་ཡུལ་འདིར། མཐའ་ཞུའི་གདུང་རྒྱུད་བྱུང་ཚུལ་ནི། ཞུ་ལེགས་པོ་མན་ནས་ཞུ་ཚང་། བླ་རབས་བདུན་གྱི་མཚམས། ཡབ་ཞུ་གཡས་ཁྲོ་གསས་ཞེས་པ་དང་། ཡུམ་བདེ་ཆེན་གཡང་མཚོ་ལ། སྲས་ལྕམ་དྲལ་མང་དུ་མངའ་བ་ལས། འབྲིང་བ་བླ་རབས་གསུམ་པ་ཞུ་སྒོམ་འཁྲུལ་ཞིག་མཆོག་ནི་ རབ་བྱུང་དྲུག་པའི་ས་ཁྱི་སྤྱི་ལོ་ལོར། འཁྲུངས་པའི་ཞུ་སྒོམ་འཁྲུལ་ཞིག་ ཅེས་པ་ཆུང་ནས་ཡོན་ཏན་གཞི་མ། འབྲི་ཀློག་དང་། བརྡ་དག་སྙན་ངག་མངོན་བརྗོད། ས་གཏོ་སྨན་རྩིས་ལས་སོགས། ཡབ་དང་ཁུ་བོའི་དྲུང་ནས་བསླབ་པས་མཁས་པར་མཁྱེན། དེ་ནས་ཕྱོགས་མེད་ཀྱི། བླ་མ་མང་པོའི་མདུན་ནས། ཕྱི་ནང་གསང་བའི་བོན་སྒོ། མཐའ་དག་གི་དབང་ལུང་ཞུས་ཏེ། ཐོས་བསམ་དང་སྒོམ་བསྒྲུབ་ཉམས་ལེན་ཚུལ་བཞིན་མཛད། བསྟན་འབྱུང་ལས། འདི་དུས་ཡང་གཅིག་ཞུ་སྒོམ་འཁྲུལ་ཞིག་ཅེས། བརྟུལ་ཤུགས་གྲུབ་པའི་དབང་ཕྱུག་འཁོར་ལོ་བསྒྱུར། རིགས་སྔགས་འཆང་དབང་དཔའ་བོ་ཆེན་པོ་དེ། སྟོད་སྨད་ཀུན་བྱོན་བརྟུལ་ཞུགས་འགྲོ་དོན་མཛད། མི་དང་མི་མིན་ལྷ་འདྲེ་དབང་དུ་བསྡུས། ཁྱད་པར་མདོ་སྨད་རྨ་ཡུལ་ཕྱོགས་བྱོན་ཏེ། བཞུགས་ནས་ལྷ་ཀླུ་གཞི་བདག་ཀུན་གྱིས་བཀུར། མངོན་དང་སྦས་པའི་ཚུལ་གྱིས་འགྲོ་དོན་མཛད། ཤར་ཙོང་ཡུལ་དུ་སྦས་ཐབས་བྱིན་རླབས་སྲས། དབལ་རམ་ཐུགས་སྤྲུལ་བློ་བཟང་གྲགས་པ་སོགས། གདུང་རྒྱུད་ཞུ་ལ་གྲགས་པ་བཅོ་བརྒྱད་དང། ཞལ་སློབས་མདོ་ཁམས་ཞིག་པོ་བཅོ་བརྒྱད་དང། བྱིན་རླབས་སྤྲུལ་པའི་སྐྱེས་འཕགས་བཅོ་བརྒྱད་བྱོན། འདི་དག་གང་མཇལ་ངན་སོང་མི་ལྟུང་གསུངས། དེ་ནས་ཞུ་སྒོམ་རིན་པོ་ཆེ་མདོ་ཁམས་གྱི། གནས་རི་བྱིན་ཆེན་དང་། དགོན་གནས་འདུས་སྡེ་འགའ་ལ་ཕེབས་ཏེ། ཁྱུང་ཡུལ་གདོང་རྫོང་ཞུ་ཚང་དུ་བཞུགས་པའི་སྐབས། སྲིད་རྒྱལ་དྲེལ་ནག་མའི་ཞལ་བསྟན་ནས་ལུང་བསྟན་པ། ཞུ་སྒོམ་ཁྱེད་ཀྱི་བསྟན་པ་དང་། གདུལ་བྱ་ཁྱུང་ཡུལ་དུ་ཡོད་པའི། འདི་རུ་བཞུགས་དང་། ཁྱེད་ཀྱི་བསྟན་པ་དང་། གདུང་བརྒྱུད་དུས་མཐའི་བར་དུ་གནས་ལ། བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་ཤིང་། འགྲོ་དོན་ནུས་པས་སྐྱེས་བུ་དུས་མཐའི་བར་དུ་འབྱུང་བས། ཁྱེད་ཀྱི་གདུང་བརྒྱུད་ལ་མཐའ་ཞུ་ཞེས་ཐོགས་ཤིག་ཅེས་ལུང་བསྟན་ཐོབ། སྐབས་དེར་ཁྱུང་ནག་ཡུལ་དུ་ཀླུ་བཙན་འཁྲུགས་ནས། ཡུལ་ལུང་ལ་མི་བདེ་བའི་ལྟས་སྣ་ཚོགས་བྱུང་བས་ ཞུ་སྒོམ་གདན་འདྲེན་ཞུས་པས་ཞུ་སྒོམ་མཆོག་ནས། ཀླུ་བཙན་འཁྲུགས་པ་དམ་ལ་བཏགས་ནས། ཡུལ་ལུང་བདེ་བར་མཛད་པས་ ཁྱུང་ནག་སྡེ་དཔོན་ཀུན་གྱི། ས་གཞིས་ཁང་གསུམ་དང་། དགོན་གནས་འདུས་སྡེ་ཟླ་བ་དགོན་པ་ཕུལ་ནས་ དགོན་པའི་དབུ་བླ་མཛད་དེ། བསྟན་པ་བསྐྱངས་ནས་བཞུགས་རོགས་ཞུས་པ་བཞིན། བཞུགས་པར་ཞལ་བཞེས་གནང་ཏེ། བཞུགས་པའི་སྐབས། གདུག་རྩུབ་ཤིན་ཏུ་ཆེ་བའི། ཆུ་བདག་དགེ་བསྙེན་གྱི། དྲོད་ཚད་ཉུལ་ཞིང་ཆོ་འཕྲུལ་ཡང་ཡང་བསྟན་པས། ཞུ་སྒོམ་ཉིད་ཡི་དམ་དབལ་གསས་རྔམ་པའི་དགོངས་པར་བཞེངས་ཏེ། ཀླུ་བཙན་ཆུ་བདག་དགེ་བསྙེན་དབང་དུ་བསྡུས། ཟིལ་གྱིས་མནན་ཏེ་བཀའ་དམ་བཙན་པོར་བགོས་ནས། རྟ་ལ་སྤྲུལ་དུ་བཅུག་སྟེ། དགོན་པའི་ཆིབས་དང་འགེལ་རྟ་ལོ་མང་བྱས་མཐར། དགེ་བསྙེན་གྱི་རང་དམ་སྲོག་སྙིང་དང་། ལྷམ་ལྕགས་མཐིལ་ཅན་ཞིག་ཕུལ་ཏེ། མཐའ་ཞུ་བླ་རབས་བླ་བརྒྱུད་ཀྱིས། ཅི་གསུངས་བཀའ་སྒྲུབ་དང་བྲན་དུ་འཁོལ་ནས་ས་ཕྱོགས་གར་བཞུགས་དང་། བསྟན་པ་གར་འཛིན་ལ་གནོད་པ་མི་བྱེད་པས། ཁས་བླངས་དམ་བཅའ་ཕུལ། ཁོང་ནི་བརྟེན་སྔགས་འཆང་ཡིན་པའི་ཕྱིས་སུ། ཁྱུང་བཟའ་ལེགས་མཛེས་ཞེས་པ། ལྕམ་དུ་བཞེས་པས། སྲས་ཁྲོ་བོ་རྒྱལ་མཚན་འཁྲུངས། དེ་ནས་གདན་ས་བླ་བྲང་། གར་བཏབ་བརྟག་དགོས་དགོངས་ནས། དབུ་ཞྭ་ནམ་མཁར་འཕངས་པས། ས་མིག་གཉན་པོ་བདུད་ཆུ་འཐུང་སྣ་ལ་བབས་པས། དེར་རབ་བྱུང་བདུན་པའི་ས་འབྲུག་ལོར། ཀླུ་བཙན་ཁ་གནོན་དུ་ལྷ་ཁང་བཞེངས་ཏེ། སྲིད་རྒྱལ་ལུང་བཞིན་མཐའ་ཞུ་བླ་བྲང་ཞེས་གསོལ། ལྕམ་དང་སྲས་རྣམས་དེར་བཞུགས། ཞུ་སྒོམ་རིན་པོ་ཆེ་ཁྱུང་ནག་ཟླ་བ་དགོན་པར་བཞུགས་ནས་བསྟན་པ་སྐྱོང་། དེ་ནས་དགུང་ལོ་དགུ་བཅུར། དབྱིངས་སུ་གཤེགས། བླ་མ་དེས་ཕྱག་བཏབ་པའི་མཐའ་ཞུ་བླ་བྲང་། རིག་གནས་གསར་བརྗེ་བར་གནས།
- ཟིན་ཐོ་གོང་མ།1 ཁྱུང་ནག་བསམ་གཏན་གླིང་གི་ལོ་རྒྱུས།
- ཟིན་ཐོ་འོག་མ།3ཁྱུང་ནག་བསམ་གཏན་གླིང་གི་ལོ་རྒྱུས།