སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
མ་རྒྱུད་ཐེག་པ་གང་ལ་གཏོགས་སམ། | 2018/9/5 12:37:00
རྩོམ་གྱི་ཡོངས་ཁུངས་བོན་དྲིས་ལན་དྲྭ་བ། ཤར་རྫ་རིན་པོ་ཆེ་སོགས་ཀྱིས་མ་རྒྱུད་འདི་ཡེ་གཤེན་ཆེན་པོའི་རྒྱུད་ཡིན་པར་བཞེད་ཡོད་པ་རེད། བཞེད་དོན་ཡང་མ་རྒྱུད་མི་ནུབ་ཐིག་ལེའི་འགྲེལ་ལས། ༼ འདི་ལ་གཞི་མཐར་ཐུག་པ་རང་འབྱུང་ཡེ་ཤེས། ལམ་མཐར་ཐུག་པ་ཐབས་དྲུག་མངོན་འགྱུར། འབྲས་བུ་མཐར་ཐུག་པ་བོན་ཉིད་བདེ་གསལ། བླ་མ་མཐར་ཐུག་པ་བླ་མེད་མ་རྒྱུད། ཡི་དམ་མཐར་ཐུག་པ་མཁའ་འགྱིང་དཀར་པོ། མཁའ་འགྲོ་མཐར་ཐུག་པ་ལམ་གྱི་རྒྱ་མཚོ། གྲུབ་མཐའ་མཐར་ཐུག་པ་རྫོགས་པའི་སངས་རྒྱས། ཐེག་པ་མཐར་ཐུག་པ་གཤེན་རྒྱལ་ཆེན་པོ། བོན་མཐར་ཐུག་པ་གསང་སྔགས་མ་རྒྱུད། ༽ ཞེས་ཐེག་པ་མཐར་ཐུག་གཤེན་རྒྱལ་ཆེན་པོ་ཞེས་པ་དེ། ཡེ་གཤེན་ཆེན་པོ་ལ་གོའམ་སྙམ་པ་དང་། གཞན་ཡང་སྒོ་མཛོད་༡༢༧་ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད་ཤ་༦༦་ལས། ༼ ཨ་དཀར་གྱི་ཐེག་པ་ཁྱད་པར་བླ་མེད་པ་ཞེས་པས། ཆབ་དཀར་ལམ་བསྐྱེད་རྫོགས་གཉིས་ལ་ཞུགས་ནས། ཐབས་ཁྱད་པར་ཅན་ལག་ཏུ་ཐོབ་པས། རབ་ད་ལྟ་རང་སངས་རྒྱས་ནུས། ༽ཞེས་པས་བསྐྱེད་རྫོགས་གཉིས་ལས་རྫོགས་རིམ་ཐབས་ཁྱད་པར་ཅན་ལག་ཏུ་ལེན་ནས་ཐོབ་མཁན་བླ་མེད་པའམ་ཡེ་གཤེན་ཆེན་པོར་གོ་བའི་དོན་ཡིན་ནམ་སྙམ་པ་དང་། ཡང་༼ ཆབ་དཀར་ལ་རྒྱུད་བཞི་སྟེ། ༽ཞེས་པ་ནས་བྱ་རྒྱུད་དང་སྤྱོད་པའི་རྒྱུད་སྐོར་བཤད་རྗེས་ཡང་༼ ཡེ་གཤེན་རྒྱུད་དང་བླ་མེད་རྒྱུད་ཅེས་པས། ཡེ་གཤེན་རྒྱུད་ཀྱི་གོ་བ་ནི། ནང་སེམས་ཀྱི་སྒོམ་པ་གཙོ་རུ་བྱེད་ལ། ཕྱི་ལུས་ངག་གི་བྱ་བ་ཞོར་ལ་བྱེད། སེམས་དཔའ་གཉིས་པོ་དེ་ཐ་མི་དད་པར་འདོད། རྒྱུད་ནི་སངས་རྒྱས་མཉམ་སྦྱོར་ཀྱི་རྒྱུད་ལ་སོགས་པའོ། ཡེ་གཤེན་བླ་ན་མེད་པའི་རྒྱུད་ཀྱི་གོ་བ་ནི། ཕྱི་རོལ་དུ་ལུས་ངག་གི་དགེ་སྦྱོར་ལ་མི་ལྟོས་པར། ནང་སེམས་ཀྱི་སྒོམ་པ་ལ་གཙོ་རུ་བྱེད་པའོ། སེམས་ལས་ལོག་པའི་སེམས་དཔའ་གཉིས་ཡང་མི་འདོད། བྱིན་གྱིས་རླབས་བྱ་རློབས་བྱེད་གཉིས་སུ་མི་འདོད། ལྷ་ཡང་བཏགས་པ་ཙམ། བདག་ཀྱང་བཏགས་པ་ཙམ། བསྒོམ་པ་དང་མི་སྒོམ་པ་ཡང་བཏགས་པ་ཙམ། བཏགས་པ་ཙམ་གང་ཡིན་པ་དེ་ནི། བློས་བྱས་པའི་བོན། ཡང་དག་པའི་བོན་ཉིད་ནི། མིང་མེད་བརྗོད་བྲལ། ཤེས་བརྗོད་ཀྱི་ཡུལ་ལས་འདས་པའོ། རྒྱུད་ནི་ཐུགས་རྗེ་ཉི་མ་ལ་སོགས་པའོ། ༽ ཞེས་ཡེ་གཤེན་ཆེན་པོའི་རྒྱུད་ཐུགས་རྗེ་ཉི་མའོ་ཞེས་དངོས་དུ་ཚིག་ཟིན་ཡོད་པ་དང་། ཡང་༼ བློ་རབ་ལ་ཡེ་གཤེན་རྒྱུད་དུ་བསྟན་ཞེས་པས་ནང་གི་སྒོམ་པ་ཁོ་ན་ལ་གཙོ་རུ་བྱེད་པ་ལས། ཕྱི་རོལ་གྱི་བྱ་ཆ་ནི་སྒྱུ་མའི་རང་བཞིན་དུ་གྱུར་པ་དེ། གཞན་འཇུག་པའི་ཡན་ལག་དུ། དགེ་སྦྱོར་ལྟར་སྣང་བ་ལས། རང་གི་གནས་ལུགས་ཁོང་དུ་ཆུད་ནས་ཡིད་ལ་བྱ་རྒྱུའམ་སྒོམ་རྒྱུ་ཐམས་ཅད་ནི་རྟོག་པ་ཡིན། གནས་ལུགས་དེ་ལ་དགེ་བ་བྱས་པས་ཕན་མ་བཏགས་མ་བྱས་པས་གནོད་པ་མ་སྐྱལ། བཅོས་སླད་བྲལ་བའི་རང་བྱུང་གི་ཡེ་ཤེས་དེ། དུས་གསུམ་སངས་རྒྱས་ཀྱི་དགོངས་པ་ཡིན། བོན་བྱེད་པ་ལ་སྙིང་རུས་མེད་པས་དཀར་ཐུབ་མི་ཡོང་། ནང་སེམས་ཀྱི་སྒོམ་པ་གཙོ་རུ་བྱེད་པ་ལ་སྙིང་རུས་དགོས། དེས་ན་སྙིང་རུས་ཅན་དེ་ལ་ཡེ་གཤེན་ཀྱི་རྒྱུད་འཐད་པ་ཡིན། ཡེ་གཤེན་བླ་ན་མེད་དོ་ཞེས་པས། འདུ་ཤེས་ཧྲགས་པ་ཐམས་ཅད་ཉོན་མོངས་པ་ཡང་ཧྲགས་པ་ཡིན་པས། དེ་ལ་སོ་སོར་རྟོགས་པའི་ཤེས་རབ་ཀྱིས། ལྟ་བ་བ་སྟོང་ཉིད་དུ་དབབ་དགོས། རྒྱུའི་བོན་ནམ་ཐེག་པ་ཆུང་ངུན་གྱི་བོན་གྱི་བློ་མི་ཁེངས་པས། འབྲས་བུའི་བོན་བླ་ན་མེད་པ་བསྟན་དགོས། འདི་ནི་བླ་མེད་ཀྱི་རྒྱུད་དུ་གྲགས་ཅེས་པས། ཉོན་མོངས་པ་སེལ་བའི་རྒྱུད་མ་རྒྱུད་ཐུགས་རྗེ་ཉི་མ་ནི། ཡེ་གཤེན་བླ་མེད་ཀྱི་རྒྱུད་ཡིན་ཞེས་པའོ། ༽ཞེས་ལུང་ལས་འབྱུང་ལས་འབྱུང་བའི་ཚིག་འདི་དག་ལ་གཞི་བཅོལ་ཏེ་བྱུང་བར་དྲན་ལ་སྤྱིར་ཤར་རྫ་རིན་པོ་ཆེའི་གསུངས་ཡོད་དོ་ཅོག་ལ་དཔྱད་མི་དགོས་པའི་ཚད་མ་ཡིན་མི་སྲིད་སྟེ། དཔེར་ན་ཤར་རྫ་རིན་པོ་ཆེས་ཡི་དམ་འགའ་ཞིག་གི་ཞི་དྲག་གཉིས་ཐེག་པ་སོ་སོར་ཕྱེས་ཡོད་མོད། ཡི་དག་ཞི་དྲག་ཚང་མ་ཐེག་པ་གཅིག་ཡིན་པ་བོན་གྱི་མཁས་དབང་སྔ་རབས་པས་བཞེད་ཡོད་ལ། དེ་བཞིན་ཡོངས་འཛིན་རིན་པོ་ཆེས་ཀྱང་དེ་ལྟར་བཞེད་པ་དོན་ལ་དེ་ལྟར་གནས་ངེས་པར་སྙམ་མོད། འོན་ཀྱང་མ་རྒྱུད་སྐོར་འདིར། བཀའ་ལས་འབྱུང་བའི་ཚིག་འདི་དག་གཅིག་པོར། རྨོང་པ་ང་དང་ང་འདྲའི་བསམ་ཞིང་གཞིགས་ན་ནི། ཡེ་གཤེན་ཆེན་པོའི་རྒྱུད་ནི། མ་རྒྱུད་ཐུགས་རྗེ་མ་ཡིན་པར་བསྟན་འདུག་བསམ་བསམ་ཞིག་འདུག་ལ། མ་ཚད་གསང་སྔགས་བཀའ་འགྲེལ་ཤ་༢༢༠་ལས། ༼ བཞི་པ་ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པའམ། ཡེ་གཤེན་ཆེན་པོའི་རྒྱུད་ཀྱི་མཆན་འགྲེལ་འགོད་པ་ལ། དང་པོ་ཤིན་ཏུ་དོན་ལྡན་གྱི་ངོ་བོ་ནི། མཁན་ཆེན་ཉི་མའི་བསྡུས་གྲྭ་ལས། གཙོ་བོ་རྫོགས་རིམ་ལམ་དུ་བྱེད་པའི་ཐེག་པ་ལ་གནས་པ་ཤིན་ཏུ་དོན་ལྡན་ཀུན་རྫོགས་ཐེག་ཆེན་པ་དང་ཞེས་དང་། སྒ་སྟོན་ཐེག་འགྲེལ་ལས། གཉིས་པ་རྫོགས་རིམ་ལ་གཉིས་ཏེ། ཞེས་དང་། ཤིན་ཏུ་དོན་ལྡན་ནི་རྫོགས་ཆེན་ལ་ལྟ་སྒོམ་ཉེ་བའོ། ཀུན་རྫོགས་ནི་ལྷ་དབྱིངས་ནས་ཉི་ཟླ་ཤར་བ་ལྟར་རྫོགས་ཚུལ་དུ་བསྒོམ་པ་སྟེ། དཔེར་ན་བྱིན་པའི་ཁང་ཆུང་ལྟར། རྒྱུ་རྐྱེན་སྣ་ཚོགས་ཀྱི་སྤྱོད་པ་མ་ཡིན་པའོ། ཞེས་གསུངས་པས། རང་གི་བསྒྲུབ་བྱའི་བྱང་ཆུབ་སྒྲུབ་བྱེད་གཙོ་བོ་རྫོགས་རིམ་བྱེད་པའི་སྔགས་ཀྱི་ཐེག་པ་དེ། ཤིན་ཏུ་དོན་ལྡན་གྱི་ཐེག་པའི་དོན་དུ་བཞག་པ་ལ། ༽ཞེས་ཤིན་ཏུ་དོན་ལྡན་ནམ་ཡེ་གཤེན་ཆེན་པོའི་རྒྱུད་ཀྱི་དགོངས་དོན། རྫོགས་རིམ་གཙོར་སྟོན་པར་གསུངས་པ་དེ་ཡང་མ་རྒྱུད་འདི་རྫོགས་རིམ་གཙོར་སྟོན་པའི་ཡེ་གཤེན་རྒྱུད་དུ་ཡིན་ས་རེད་སྙམ་པ་འབྱུང་ལ། དེ་བཞིན་ཤིན་ཏུ་དོན་ལྡན་ནི་རྫོགས་ཆེན་ལ་ལྟ་སྒོམ་ཉེ་བའོ། ཞེས་པས། མ་རྒྱུད་འདིས། གཞི་ལམ་འབྲས་གསུམ་ལྟ་སྒོམ་སྤྱོད་གསུམ་གང་གི་ཆ་ནས་ཡང་། རྫོགས་ཆེན་དང་དབྱེ་བ་ཕྱེད་དགོས་ན། འོད་གསལ་ཐོད་རྒལ་སྐོར་བསྟན་མ་བསྟན་ཙམ་ལས་ཁག་པོ་འབྱུང་བ་དང་། མ་རྒྱུད་ལས། རྫོགས་ཆེན་ལྟར་ཐོད་རྒལ་འོད་གསལ་བསྟན་མེད་པ་དང་། ཐབས་ལམ་སྡེ་དྲུག་སོགས་དང་བསྐྱེད་རིམ་སྔགས་སྤྱི་འགྲོ་ཙམ་དང་། རྫོགས་རིམ་ཆེས་ཟབ་པར་བསྟན་པ་ཙམ་ལས་རྫོགས་ཆེན་དང་ལྟ་སྒོམ་ཁྱད་པར་ཕྱེ་མི་ཤེས་པ་པ་ལྟ་བུར་འབྱུང་བ་ལས་ཀྱང་། མ་རྒྱུད་འདི་ཡེ་གཤེན་ཆེན་པོའི་རྒྱུད་རང་རེད་འདུག་སྙམ་པ་བྱུང་ལ། དེ་བཞིན་མ་རྒྱུད་ཟང་ཟང་མའམ། རྒྱལ་གཤེན་བརྗེད་བྱང་ལས།༼ གསང་སྔགས་ལ་ལམ་གསུམ་སྟེ། ཐབས་ལམ་དུ་བྱེད་པ་དང་། ལྷ་ལམ་དུ་བྱེད་པ་དང་། ཤེས་རབ་ལམ་དུ་བྱེད་པའོ། ༽ཞེས་པའི་ལྷ་ལམ་དུ་བྱེད་མཁན་བྱ་རྒྱུད་དང་སྤྱོད་རྒྱུད་པ་དང་། ཐབས་ལམ་དུ་བྱེད་མཁན་ཡེ་གཤེན་རྒྱུད་སྤྱི་སྤུངས་སྐོར་གསུམ་སོགས། བསྐྱེད་རིམ་གཙོར་བྱེད་མཁན་དག་དང་། ཐབས་ཕལ་པ་དང་ཤེས་རབ་གཙོ་བོར་ལམ་དུ་བྱེད་མཁན་ཡེ་གཤེན་ཆེན་པོའི་རྒྱུད། མ་རྒྱུད་སོགས་རྫོགས་རིམ་གཙོར་བྱེད་མཁན་དག་ལ་གོའམ་སྙམ་པ་ནི་རང་གི་ལོག་རྟོག་བློ་ལས་སོ།། ཡང་སྐྱབས་རྗེ་ཡོངས་འཛིན་བླ་མས་ནི། མ་རྒྱུད་འདི་དངོས་བསྐྱེད་པའམ། ཡེ་གཤེན་རྒྱུད་ཡིན་པར་བཞེད་ཡོད་པ་རེད། བཞེད་དགོས་དོན་ཡང་། མ་རྒྱུད་གཞི་ཡེ་སངས་རྒྱས་པའི་རྒྱུད་ལས། ༼ ཟབ་པའི་མ་རྒྱུད་གསང་སྔགས་གདམས་པའི་མཆོག། མྱུར་བ་ཨ་དཀར་ཐེག་པ་ཆེན་པོའི་རྩེ། མཐོ་བ་བསྒྲོད་པ་ཀུན་གྱི་ཡང་ཕུག་ཡིན། ༽ཞེས་ཨ་དཀར་ཐེག་པ་ཆེན་པོའི་རྩེ། ཞེས་ཨ་དཀར་བའི་དོན་ལ་དགོངས་པའམ། ཡང་མི་ནུབ་ཐིག་ལེའི་འགྲེལ་ལས། ༼གསང་མཆོག་གསང་བ་དབྱིངས་རོལ་ཡེ་ཤེས་ལ་དགོངས་པ་ཨ་དཀར་དངོས་ཡིན་ཀྱང་། འབྲས་བུ་སྟོན་པའི་ལམ་ལ་མ་ཟབ་པ་དང་། གསང་མཆོག་མཐར་ཐུག་གསང་སྔགས་ལ་དགོངས་པ་འདི་ཉིད་གཞི་ཡེ་ཤེས་སུ་སྟོན་པས་རང་བཞིན་ཡེ་སངས་རྒྱས། ལམ་ཐབས་ལམ་དུ་སྟོན་པས་ཉེ་བར་མངོན་སངས་རྒྱས། འབྲས་བུ་བླ་ན་མེད་པར་སྟོན་པས་རྫོགས་སངས་རྒྱས་པ། སངས་རྒྱས་རྒྱུད་གསུམ་འདི་ཉིད་ལ་གསལ་བའི་དོན་གསུམ་མོ། ༽ཞེས་དང་ཡང་། ༼འདི་ནི་ཨ་དཀར་དབྱིངས་དང་ཡེ་ཤེས་སུ་སྟོན་པས་གསང་བ་དེའི་མཆོག་གོ། ༽ཞེས་འདི་ནི་ཨ་དཀར་དབྱིངས་དང་ཡེ་ཤེས་སུ་སྟོན། ཞེས་ཨ་དཀར་བ་ཡིན་པར་བསྟན་ནམ། ཡང་ན་གསང་བ་དེའི་མཆོག་གོ་ཞེས་པ་ནི་ཨ་དཀར་བ་ལས་མཆོག་ཏུ་གྱུར་པའི་དོན་བསྟན་པ་མིན་ནམ་དྲན། མདོར་ན་ཡོངས་འཛིན་རིན་པོ་ཆེས་མ་རྒྱུད་འདི་ཨ་དཀར་བར་བཞེད་དོན། ལུང་དོན་དང་རིག་པ་མང་པོ་ལས་རྙེད་པ་གདོན་མི་བཟའ་མོད། ཕྲན་རང་ནི་བློ་རྨོང་དྲག་པའི་ད་རུང་ངེས་ཤེས་ལེགས་པོ་ཞིག་མ་དྲོངས་པར་གཟོད་དཔྱད་རྒྱུ་ཡོད་པར་སྙམ། སྤྱིར་ཡོངས་འཛིན་རིན་པོ་ཆེ་ནི་འཛམ་གླིང་བོད་ཀྱི་ཤེས་རིག་གི་ཚིག་མཛོད་དང་། གཡུང་དྲུང་བོན་གྱི་སྒོ་བཞི་མཛོད་ལྔའི་ལྡེ་མིག་སྡེ་སྣོད་ཟུང་གསུམ་ཡ་དྲུག་གསལ་བས་སྒྲོན་མེ། སྙེགས་དུས་ཀྱི་སྟོན་པ་དངོས་ཡིན་ཞིང་རྒྱལ་བའི་བཀའ་དང་། འཕགས་པའི་ལུང་བཞིན་རྒྱལ་བསྟན་གསལ་བར་གནང་མཁན་དང་། རྗེ་མཉམ་མེད་པའི་རྒྱལ་ཚབ་ངོ་མ་ཡིན་པས། དེ་ལ་བཀའ་དྲིན་བསམ་བཞིན་རྗེས་སུ་འཛིན་པར་གསོལ་བ་འདེབས་དགོས་ལ། གསུངས་བརྩམས་ཁག་ལ་དོགས་སློངས་དང་དཔྱད་ཞིབ་ཡང་ཞུ་འོས་ལ། ཞུ་ཐུབ་ན་མཁས་པའི་གསུངས་ལ་རྒྱན་དུ་འགྱུར་བ་ལོས་ཡི་སྙམ་ལ།། ཞུ་ཐུབ་མཁན་ཡང་། རྗེ་འདི་པའི་དངོས་སློབ་དང་ཡང་སློབ་དགེ་བཤེས་རྣམ་པ་ཙམ་ལས། ཕྲན་རང་ལྟ་བུས་ཅི། འོན་ཀྱང་དྲ་གྲོགས་ཀྱི་བཀའ་ངག་ལྟར་བསམ་ཚུལ་ཙམ་ནི་ཞུས་བཞག་པ་ཡིན། ཞུ་འོད་རྒྱས་པས་ཟླ་དགོན་རི་ཁྲོད་དུ། ༢༠༡༨་ལོའི་ཟླ་༨་པའི་ཚེས་༢༥་ཉིན། 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.