སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྔགས་འཆང་བ། | 2018/7/22 11:48:00
སྔགས་འཆང་བ། རྩོམ་པ་པོ། སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ།། 
བླ་མ་ཡི་དམ་དབྱེར་མེད་པའི་སྐྱབས་ཡུལ་རྣམས་ལ་ཕྱག་འཚལ་ལོ།། སྔགས་འཆང་བའི་ཆས་གོས་དང་། སྒྲིག་ཁྲིམས། བློ་སྦྱང་གི་སྐོར་བཅས་གསུམ།
དང་པོ་ཆས་གོས་ཀྱི་སྐོར་ནི། སྔར་སྲོལ་གྱི་དཔེ་རྒྱུད་ཁུངས་ལྡན་འགའ་དང་བསྟུན། ཀུན་མཐུན་གྱི་མིག་དགྲར་མ་སོང་བའི་སྐབས་དང་བསྟུན། ལུས་ཀྱི་གོས་དབྱར་སྲབ་དགུན་འཐུག་གང་ལྟར་ཡང་། ཕྱུ་བ་ཕྱི་གཡོག་སྔོན་པོ་ཅན་དང་། སྐེད་རགས་དམར་པོ། དགུན་གོས་ནང་ཚང་དུ་དབྱི་ལྤགས་ལུག་ལྤགས་སོགས་གང་ཡིན་པའི་ཕྱི་གཡོག་སྔོན་པོ། སྟོད་འབོག་དམར་པོའམ་སྔོན་པོ། གཅན་གཟན་སོགས་ཀྱི་གོང་སླག་ཅེས་གོང་བའི་ཕྱི་རྒྱན་ནོ།། ༼མཆན་ཡུལ་དུས་འཚམས་པར་དགོས་སྟབས་པགས་རིགས་ཀྱི་ཚབ་ཏུ་གོས་ཆེན་སོགས་གང་འོས་གནང་རྒྱུ། ༽དེ་ཡང་ཁོག་སྟོད་དུ་གོན་རྒྱུའི་ཕུ་དུང་ཅན་བབ་རིང་ཙམ་ཡོད་པ་ཕྱར་བུ་ཡང་ཟེར། དེ་ཡི་སྟེང་དུ་དར་གྱི་གོང་ཁྱུད་ཅེས་གཟན་མདོག་དམར་པོ་ཞིག་གོ། འབོལ་ལྷམ་ཞེས་ཡུལ་ལུགས་ཀྱི་ལྷམ་ཡུ་བ་ཅན། ལྷམ་སྒྲོགས་དམར་པོ། མཐིལ་བརྩེགས་ཡོད་པ་དང་། ཞྭ་དཀར་མོ་རྩེ་རྒྱལ། འཚོགས་གྲལ་དུ་ཕྱར་ཙེ་ཞེས་ཟླ་གམ་ལྟ་བུའི་སུལ་མ་མེད་པའི་དམར་པོ་དང་སྨུག་མདོག་གང་རུང་གཡང་ལུགས་སུ་གོན་རྒྱུའོ། སྐྲ་ནི་གཙུག་ཏུ་བཅིངས་པའམ་ལྷས་མ་གང་རུང་། 
གཉིས་པ་བོན་སྤྱོད་སྤྱི་ཡི་སྒྲིག་ཁྲིམས་ནི། སངས་རྒྱས་ཀྱི་གསུང་ལ་མཉན་ཞིང་བརྩི་བཀུར་ཞུ་དགོས་པས། ལུས་ཀྱི་ཕྱག་དང་སྐོར་བ། ངག་གིས་སྙིང་པོ་རྣམ་གསུམ་བགྲང་བ། སེམས་ཀྱིས་སྐྱབས་སེམས་དང་། སྡིག་བཅུ་སོགས་ལ་འབག་ཤོར་དོགས་དགོས་ཤིང་། ཁྱད་པར་དུ་དགེ་ཚོགས་བསགས་པའི་དུས་ཆེན་སོགས་དང་། ཞེ་དགུ་བཟུང་བ། སྟོན་རིམ་བྱེད་པ་སོགས་ལ་དམིགས་ཏེ་དུད་འགྲོ་བསད་ནས་ཤ་ཁྲག་ཟས་སྟོན་བྱེད་པ་སོགས་ཤིན་ཏུ་མི་རུང་སྟེ། གཡུང་དྲུང་བོན་དང་འགལ་བ་ཁོ་ན་ཡིན་གཤིས་དེ་རིགས་སྤངས་དགོས་རྒྱུ། གང་ཟག་གི་ངོས་ནས་ཡིག་ཆ་ཀློག་འདོན་ཤེས་ཙམ་ནས་དཀོར་ལ་རྔམ་པ་དང་། རིགས་རུས་བཟང་ངན་གང་ལྟར་ཡང་བོན་མཐུན་གྱི་སྡོམ་པ་སྣ་ཅིག་མི་བསྲུང་བའི་ཁར། གྲོང་ཆོག་སོགས་ལ་རྔ་ཆུང་ཁུར། ཟིན་བྲིས་སོགས་པོད་ཆུང་གལ་ཏའི་ནང་དུ་བཅུག་ནས་ཡུལ་གྲོང་མྱུལ། ཤ་ཆང་དང་ཟས་བཟང་ངན་གཏམ། སྲོད་ལ་བྱི་ཕོ་འགྲོ་བསྐྱོད། བྱི་ཕྲུག་དུ་མའི་འབྲས་བུ་ཅན། ཤ་ཆང་གི་ལས་དང་ལོག་གཡེམ་ལ་བག་མེད་དུ་སྤྱོད་པའི་རིགས་མཆོད་ཡུལ་དུ་བཀུར་བ་དང་། བསྙེན་བཀུར་བྱས་པ་རྣམས། ལེའུའི་དད་རྫས་ཆུད་ཟོས་སུ་འགྲོ་བས་གཟབ་དགོས། 
གསུམ་པ་བློ་སྦྱང་གི་སྐོར། ཐོག་མར་བླ་མ་མཚན་ཉིད་དང་ལྡན་པ་ཞིག་ལ་བསྟེན། ཨ་སྙན་རྫོགས་གསུམ། མ་རྒྱུད་ཐར་ལམ། དྲང་དོན་མུན་སེལ་སྒྲོན་མ་སོགས་གང་རུང་གི་གཞུང་དང་བསྟུན་ཏེ། ཁྲིད་རིམ་གྱི་ཚིག་ལ་གོ་རྟོགས་ཡོད་པ། དོན་ལ་མྱོང་བ་ཡོད་པ། བསགས་སྦྱོང་འབུམ་དགུའི་གྲངས་ཚད་ལོན་པ་ཞིག་བྱེད། དེ་ནས་རང་གི་གཞུང་ལུགས་རྒྱུད་སྡེ་བཞི་ཡི་རྣམ་བཞག་ལ་ལེགས་པར་ཞིབ་ཏུ་བསླབ། དེ་རྣམས་ཀྱི་སྤྱི་དོན་ཞིག་གོ་བའི་རྗེས་སུ་སྒྲུབ་པ་པོ་རང་གི་བློ་དང་ནུས་པ་ལ་བསྟུན་ཏེ། གཞུང་བཞིན་ཡི་དམ་གང་ཡིན་དེ་ཡི་ཁྲིད་རིམ་ལྟར། ཚོགས་ལམ་དང་། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མཐར་ཕྱིན་པའི་ལམ་བཅས་ཀྱི་རྣམ་བཞག་ལ་མ་རྨོངས་པར་ལག་ལེན་རྒྱུད་ལ་ཁེལ་བར་བྱེད། དེ་དང་མཐུན་པའི་དམ་སྡོམ་རྣམས་ཀྱང་ཤིན་ཏུ་དམ་པར་བསྲུང་བར་བྱེད། དེ་ལྟར་གྱི་ལྟ་སྒོམ་སྤྱོད་པར་མི་ཚེ་འཁྱོལ་བར་བྱེད་པའི་སྔགས་འཆང་གཡུང་དྲུང་གི་བོན་རིན་པོ་ཆེ་འཛིན་པའི་སྐྱེས་མཆོག་སྔར་གྱི་གསང་གྲུབ་མཁས་པ་མི་བཞི། ལོ་པཎ་གཤེན་བརྒྱད། སྙ་ཆེན་ལི་ཤུ་སྟག་རིང་སོགས་ཀྱི་རྗེས་འཛིན་གདུང་ཚོབ་ཏུ་འོས་པའི་ཚོགས་སོ།། 
ཁྱེད་རྣམ་པས་སྔགས་དགོན་བདུད་འདུལ་སྔགས་གླིང་ཞིག་བཞེངས་གྲུབ་ན། ནང་བཅུད་དུ་འདི་བཞིན་གྱི་བཅའ་གཞི་འགྲུབ་པའི་སྨོན་ལམ་ཡིན།
ཕྱི་དུས་ཡང་སྟོན་ཤེས་རབ་རྒྱལ་མཚན་ནས་སྔགས་ཆས་འདི་འདྲ། བླ་བརྒྱུད་རྣམ་ཐར་ལས། རྒྱལ་གཤེན་རིག་མཛོད་དེབ་དང་པོ། སྤྱི་ཨང་༥༦་ནས། ནམ་སྨད་བོན་པོ་སྔགས་པའི་ཆ་བྱད་ཅན། རལ་པ་སིལ་མ་ཐོར་ཅོག་ཏུ་བཅིངས་པ། ལ་ལ་རོ་སྟོད་ཉི་ལེ་བྱས་པ། སྨང་ར་རྒྱ་ཞོལ་ལེ་བ། ཤ་ལ་འཇོལ་ཤག་དཀར་མོ་གྱོན་པ། ནང་འཇམ་དཀར་པོ་ཞིག། དེ་སྟེང་ན་ཕོད་ཁ་སྔོན་པོ་ཞིག། ཕྱི་གོས་དཀར་པོ་ཞིག། ༼མཆན་གཟན་ལྟ་བུ། ༽རྐེད་པ་ལྕགས་ཕུར་གཅིག་གཟེར་བ་ཞིག་མཇལ་དུ་མཚན་ལྟས་སུ་བྱུང་། དེ་ནས་སང་ཉི་དྲོས་ལ། ཉེ་གནས་ན་རེ། འུ་ལ་གདོང་སྐྱ་ནས་ཡོང་བའི་བོན་ཞིག་མཇལ་ཞུ་ཡིན་གདའ་ཞུས་པས། མདང་གི་མཚན་ལམ་དུ་བྱུང་བ་དེར་འདུག་གསུངས། མཇལ་བས་ཆོག་གསུངས་ནས་མཇལ་ལོ།། ཞེས་སོ།།
དགེ་བསྙེན་པའི་ཚུལ་གོས་གྱི་ཚུལ་ལ། སྔགས་ཆས་སམ་སེར་ཆས་གོན་པ་ལ། ཐ་ན་དགེ་བསྙེན་གྱི་སྡོམ་པ་བསྲུངས་བ་ཞིག་དགོས་པས། དེ་ཡི་གོས་ཀྱི་ཚུལ་ལ། མདོ་དྲི་མེད་གཅི་བརྗིད་པོད་གསུམ་པའི་ནང་། དགེ་བསྙེན་ཐེག་པའི་མདོ་ལྟར། ཕྱི་ཡི་གོས་ལྔ། ནང་གི་གཏན་ཁྲིམས་ལྔ། བར་གྱི་སྤྱོད་ལམ་ལྔ་དང་མཐུན་པར་བྱ་ཞིང་། ཐེག་པ་ལ་འཇུག་སྟེ། དང་པོ་ཕྱི་ཡི་ཚུལ་གོས་ལྔ་ནི། སྟོད་གོས་དང་། སྨད་ཤམ་དང་། ཆག་ནན་དང་། རྨད་འོག་དང་། རྨད་གོས་ཕྱར་བུ་དང་ལྔའོ།། 
ནང་གི་ཁྲིམས་ལྔ་ནི། ཞེ་སྡང་དབང་གིས་སྲོག་གཅོད་པ། འདོད་ཆགས་དབང་གིས་མ་བྱིན་པ་ལེན་པ་དང་། གཏི་མུག་དབང་གིས་རྒྱུ་འབྲས་མི་བརྩི་བར་ཐོབ་རྫོབ་ཏུ་སྤྱོད་པ་དང་། ང་རྒྱལ་དབང་གིས་དྲེགས་པའི་ལས་བགྱི་བ་དང་། ཕྲག་དོག་དབང་གིས་ཚིག་རྩུབ་མོ་དང་། ངག་འཁྱལ་སྨྲ་བ་དང་། རྫུན་དང་། ཕྲ་མ་སྨྲ་བ་དང་ལྔ་སྤང་བའི་བླང་བ་ནི་དེ་ལས་བཟློག་པ་སྟེ། ༼ མཆན་དེ་ལས་བཟློག་པ་ནི། སྲོག་གཅོད་སྤངས་ཤིང་གཞན་གྱི་སྲོག་སྐྱོབ་པ། མ་བྱིན་པ་ལེན་པ་སྤངས་ཤིང་སྦྱིན་པ་གཏོང་བ། རྒྱུ་འབྲས་ཞིབ་ཏུ་བརྩི་ཞིང་དགེ་སྒྲུབ་སྡིག་སྤོངས་ལ་འབད་པ། དྲེགས་པའི་ལས་ཆེ་ཐབས་ཚུལ་ཆོས་སྤངས་ཤིང་ཁེངས་སྐྱུང་དམན་ས་བཟུང་བ། ཚིག་རྩུབ་སྨྲ་བ་སྤངས་ཤིང་ངག་འཇམ་པར་སྨྲ་བ། ངག་འཁྱལ་སྨྲ་བ་སྤངས་ཤིང་སྒྲུབ་པ་དང་བསྙེན་པ་སོགས་ཀྱི་སྐབས་ངག་གཅོད་པ། དབྱེན་དཀྲུགས་ཕྲ་མ་བཤད་པ་སྤངས་མཐུན་ཚིགས་སྨྲ་བ་དང་ལྔའོ། ༽ ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པའོ། བར་གྱི་སྤྱོད་ཚུལ་ལྔ་ནི། དག་པའི་ཁྲུས་བགྱི་བ་དང་། ཕྱག་སྐོར་དང་མོས་འདུན་སྤྱོད་པ་དང་། སྐུ་གདུང་གི་སྰཙྪ་གདབ་པ་དང་། རྣམ་དག་གི་ཆབ་གཏོར་གཏོང་བ་དང་། ཚོགས་གསོག་པའི་ཡན་ལག་ལ་མཆོད་པ་འབུལ་བ་དང་ལྔའོ། གོས་ལྔ་ཡི་སྟོད་གོས་དང་སྨད་ཤག་གཉིས་གྲྭ་ཆས་དང་འདྲ་བ་ལ། ཆག་ནན་ཞེས་སེར་ལྷམ་སྙམས། རྨད་འོག་ནི་རྒྱས་བསྡུས་ཙམ་ལ་གཟན་ལྟ་བུའོ།། རྨད་གོས་ཕྱར་བུ་ཞེས་སྟོད་གོས་རིང་པོ་དེའོ། བསྟན་རྣམ་པས།། །། 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.