སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྟག་སླག་ཅན་ལ་ཟུར་ཙམ་དཔྱད་པ་སྟོད་ཆའོ། | 2017/9/2 19:27:00
ཁྱུང་པོ་སྟག་སླག་ཅན་གྱི་རྣམ་ཐར་ལ་ཟུར་ཙམ་དཔྱད་པ། ཁོང་གི་འཁྲུངས་ཡུལ་ནི། ཁྱུང་དཀར་ནག་སེར་གསུམ་ལས། ཁྱུང་སེར་རྒྱལ་པོའི་མངའ་ཁོངས། ཁྱུང་སེར་བྱ་སྒར་དཔོན་གཉིས་ལས། སྒར་ཁང་གི་དཔོན་ཁྱུར་སེར་གདུངས་འཛིན་བསོད་ནམ་གྲགས་པར། སྲས་གཉིས་དང་སྲས་མོ་གཅིག་འཁྲུངས་པ་ལས། ཁྲོ་རྒྱལ་གྲགས་པ་སྒར་ཁང་གི་དཔོན་གཞིས་བཟུངས། གྲགས་དབང་རྩེ་དྲུག་དགོན་གྱི་སངས་གླིང་སྤྲུལ་སྐུར་ངོས་འཛིན་གྱིས། རྩེ་དྲུག་དགོན་གྱི་དབུ་བླར་མངའ་གསོལ་མཛད། སྲས་མོ་བཙུན་མ་མཛད་དེ། ཁྱུང་ནག་མ་འདལ་རི་ཁྲོད་དུ་བཞུགས། སངས་གླིང་བཞི་པ་པད་མ་གར་དབང་རྩེ་དྲུག་ཏུ་བཞུགས་སྐབས། བརྡ་ཐབས་རྟེན་འབྲེལ་ལས། དགུང་ལོ་སོ་གཉིས་ཐོག་ཁྲི་བབས་ཏེ། ཟླ་གཤིས་གྲོང་གི་ཟླ་སྒང་ཟེར་སར། ཟླ་བཟའ་ཨ་ཏིང་དང་ལྷན་དུ་མག་པའི་ཚུལ་དུ་བཞུགས་པས། ཕྱིས་སུ་ཟླ་གཤིས་བླ་བྲང་ཞེས་སུ་གྲགས་པ་བྱུང་། དེ་ལ་སྐུ་སྲས་ལྕམ་དྲལ་འགའ་ཞིག་འཁྲུངས་པ་ལས། ཆེ་བ་སྤྲུལ་པའི་སྐུ་མཆོག་སྔགས་འཆང་དབལ་འབར་སྟག་སླག་ཅན། ༡༨༣༣་ཆུ་སྦྲུལ་ལ་འཁྲུངས། ཉི་བསྟན་རང་རྣམ་དང་། བདེ་གླིང་རང་རྣམ མེ་སྟོན་རང་རྣམ། དེ་བཞིན་བསྟན་རྩིས་འགའ་ཞིག་ལས། སྔགས་འཆང་ཉིད་༡༨༣༢་ཆུ་འབྲུག་ལ་འཁྲུངས་པར་གསལ་ཀྱང་། སྔགས་འཆང་ཉིད་ཀྱི་གཏེར་དང་སྙན་རྒྱུད་སོགས་དང་། ཉིད་ཀྱིས་བརྩམས་གནང་བ་དག་གི་མཛད་བྱང་ཁག་ལས། ཆུ་སྦྲུལ་ལ་འཁྲུངས་པར་གསལ་བ་སྟེ། དཔེར་ན། ཡབ་སྲས་ཐུགས་སྒྲུབ་གཏེར་འབྱུང་ལོ་རྒྱུས་ལས། ༼་སྐྱེས་བདག་ཆུ་སྦྲུལ་ལོ་ཐོབ་པའི། ཁོ་བོ་གཡུང་དྲུང་བསྟན་འཛིན་དབང་རྒྱལ་བདག་༽ཅེས་དང་། ཡང་དེ་ལས། ༼་ཁོ་བོ་གཡུང་དྲུང་བསྟན་འཛིན་དབང་རྒྱལ་བདག རང་ལོ་ལྔ་ལོན་མེ་བྱ་ཟླ་ཚེས་ཀྱི། ཉི་ཤར་བྱིས་པའི་སྣང་ཚུལ་རོལ་རྩེད་སྐབས། ༽ཞེས་དང་། ཡང་དྲག་སྔགས་དབལ་མོའི་ལུང་བསྟན་བྱུང་ཚུལ་གྱི་ལོ་རྒྱུས་ལས། ༼་རང་ལོ་བཅུ་དྲུག་ལོ་ངོ་ཤར་བའི་དུས། ས་ཕོ་སྤྲེལ་ལོ་ཚེས་ཀྱི་ཉིན་པ་ལ། ༽ཞེས་སོགས་འབྱུང་ངོ་། ཆུང་དུས་ཀྱི་མཚན་ལ། ཡབ་ཀྱིས་བསྟན་འཛིན་ཚུལ་ཁྲིམས་དུ་གསོལ་བར་གྲགས། མཚན་གྱི་རྣམ་གྲངས་ལ ། ཆུང་དུས་བསྟན་འཛིན་ཚུལ་ཁྲིམས། རྩེ་དྲུག་ཏུ་རིག་འཛིན་མཁའ་འགྲོའི་གསང་མཚན། མན་ངག་ཕུན་ཚོགས་བདེ་ཆེན་དབང་ལྡན། རབ་ཏུ་བྱུང་དུས་སྣང་སྟོན་ཟླ་རྒྱལ་གྱི་མཚན། གཡུང་དྲུང་བསྟན་འཛིན། ཁྲིམས་ཆེན་ཞུ་དུས། མཁན་ཉི་མ་བསྟན་འཛིན་གྱིས། གཡུང་དྲུང་བསྟན་འཛིན་དབང་རྒྱལ། སྲིད་པ་རྒྱལ་མོས་གསང་མཚན། དབལ་འབར་སྟག་སླག་ བདེ་ཆེན་གླིང་པས་གསང་མཚན། བདུད་འདུལ་ཐོག་མེད་རྩལ། བཅས་སུ་མངའ། དགུང་ལོ་བདུན་བར་དུ། སྐབས་རེ་ཡབ་དང་ལྷན་དུ་རྩེ་དྲུག་དགོན་དུ་བཞུགས་ཤིང་། སྐབས་རེ་ཡབ་ཡུམ་གཉིས་དང་ལྷན་དུ་ཟླ་གཤིས་སུ་བཞུགས་པར་མཛད། ཉ་སྟོང་ཚེས་བཅུ་སོགས་སུ། ཡབ་ཡུམ་དང་ཉེ་འབྲེལ་ཡུལ་མི་བཅས་ཀྱི་ཁུར་ནས། རྩེ་དྲུག་ཏུ་ཡང་ཡང་བྱོན་ཞེས་བཤད་སྲོལ་ཐོས། ༡༨༣༧་མེ་བྱ་ལོར་སྟག་སླག་ཅན་དགུང་ལོ་ལྔའི་ཐོག་རིག་འཛིན་མཁའ་འགྲོའི་ལུང་བསྟན་དང་། གཏེར་དང་སྙན་རྒྱུད་ཐོབ་པ་སྟེ། ཡབ་སྲས་ཐུགས་སྒྲུབ་ལོ་རྒྱུས་ལས། ༼་་རང་ལོ་ལྔ་ལོན་མེ་བྱ་ཟླ་ཚེས་ཀྱི།། ཉི་ཤར་བྱིས་སྦའི་སྣང་ཚུལ་རོལ་རྩེད་ཀྱིས།། རྩེ་དྲུག་ལྷ་ཁང་ཉག་མར་ཕྱིན་དུས་སུ།། སྐད་ཅིག་ཉི་མའི་འོད་དང་འོད་ཀྱི་ཁྱབ།། དེ་དག་འོད་ཞུ་ཡོངས་སུ་གྱུར་པ་ལས།། མཁའ་འགྲོ་ཆེན་མོ་ཡུམ་ཆེན་ཚོགས་བདག་ཉིད།། དམར་སྨུག་རུས་རྒྱན་གར་གྱི་འགྱིང་བག་ལྡན།། གཡས་གཡོན་གྲི་ཁུག་བརྩེ་བའི་བརྡ་བསྒྱུརཅིང་། མ་བུ་བརྩེ་གདུང་ཚུལ་གྱིས་འདི་སྐད་གསུངས།། ༽ཞེས་དང་ཡང་༼་དེ་ནས་མཁའ་འགྲོ་ཡུམ་ཆེན་ཚོགས་བདག་ཉིད་ཀྱིས། དེ་ལྟར་འགྲོ་བའི་དོན་དུ་གང་འདུལ་གྱིས་ཐབས་སྟོན་མཁས་པའི་སྤྲུལ་པའི་སྐུ་མཆོག་ཁྱེད་ནི། ནང་དུ་སངས་རྒྱས་མངོན་པར་འཕགས་ཀྱང་། ཕྱི་རུ་བྱིས་པའི་ཚུལ་འཆང་བའི་ལས་ལྡན་ཁྱེད་ནི། བོད་ཡུལ་གྱི་འགྲོ་བའི་དོན་དུ། གནས་འདིར་བཞུགས་ནས་སེམས་ཅན་གྱི་དོན་མཐར་ཕྱིན་པར་མཛད་དགོས་པ་དང་། འཆི་མེད་དྲན་པ་ནམ་མཁའི་ཐུགས་དམ་གྱི་བོན་ནི། གཤེན་པོ་ཁྱེད་ལ་དབང་། ༽ཞེས་ལུང་བསྟན་གནང་བ་དང་། ༡༨༣༩་ས་ཕག་ལོར། དགུང་ལོ་བདུན་ཐོག་ཡབ་ཀྱིས་འབྲི་ཀློག་སློབ་པའི་དབུ་གཙུག་པར་གསལ་ཏེ། ཡབ་སྲས་ཐུགས་སྒྲུབ་ཀྱི་ལོ་རྒྱུས་ལས། ༼་དེ་ཉིན་ས་ཕག་ཟླ་༡་བའི་ཡར་ཚེས་༡་ལ།། ཡབ་མཆོག་བསྟན་གཉིས་གླིང་བའི་གཟིམ་སྤྱིལ་ནང་། ཚེ་སྒྲུབ་རྡོ་རྗེ་གོ་ཁྲབ་དབུ་ཡི་ཕྱོགས།། ཉི་ཤར་རྟེན་འབྲེལ་བརྟགས་ཤིང་ཡིག་རིགས་བསླབས།། འཕགས་པའི་ནོར་བདུན་གྲངས་ཀྱི་བསླབ་པ་སྦྱོངས།། ༽ཞེས་གསུངས་སོ། དེ་སྐབས་ཡབ་སངས་གླིང་པད་མ་གར་དབང་གིས། ཁོང་གི་གཟིམས་ཤག་ཏུ། སྟག་སླག་ཅན་བཅུག་ནས་སྒོ་ལྕགས་རྒྱབ་ནས་བཞག་པའི། སྐབས་ཤིག་མདུན་དུ་སྒྲ་ཆེན་པོ་ཞིག་བྱུང་བས། ཅི་ཡིན་སྙམ་ནས་ཧད་ཀྱིས་བལྟས་པའི་ཚེ། རླུང་འཚུབས་ཤིག་གིས་དབུས་སུ། སྐུ་མདོག་དམར་ལ་ཁྲོ་འཛུམས་དང་ལྡན་པའི། མཁའ་འགྲོ་ཞིག་གིས། འདི་སྐད་གསུངས། སྐལ་ལྡན་གཤེན་པོ་ཁྱོད། དལ་ཚུལ་མ་འདུག་ལ། ལ་འུར་མཁའ་སྤྱོད་གཤེགས། ཞེས་གསུང་ནས། འཇའ་ཡལ་བ་ལྟར་སོང་བས། དམ་པ་འདི་ཉིད་གཟིམས་ཁང་གི་ཐོག་ཏུ་ཕྱིན་ཏེ། དེ་ནས་མཁའ་སྤྲོད་རིག་འཛིན་གྱི་ཚོགས་གྲལ་དུ། རིག་འཛིན་རྒོད་ལྕམ་དཔའ་བོ་དཔའ་མོ་བསམ་གྱི་མི་ཁྱབ་པ། ནམ་མཁའི་སྐར་ཚོགས་བཀྲ་བ་ལྟར། གནས་པའི་ཞིང་མཆོག་འཆི་མེད་དདྲན་པ་ནམ་མཁའི་མདུན་དུ་སླེབས་པས། དྲན་པའི་ཞལ་ནས་འདི་ལྟར། འཁའ་སྤྱོད་གནས་འདིར་བྱོན་པ་ལེགས། འོ་བརྒྱལ་ཐང་ཆད་མ་བྱུང་ངམ། བོད་ཡུལ་མ་རིག་མུན་སེལ་གྱི། འགྲོ་དོན་མཛད་ལ་མི་འཕང་། ཞེས་གསུངས་ནས་འཆི་མེད་ཡབ་སྲས་ཐུགས་སྒྲུབ་ཀྱི་དབང་ལུང་ཡོངས་རྫོགས་གནང་སྟེ། གསང་མཚན་ལ། མན་ངག་ཕུན་ཚོགས་བདེ་ཆེན་དབང་ལྡན་ཞེས་གསོལ་ཞེས་གསུངས། དེའི་མཚམས་སྣང་རིག་འོད་གསལ་འཛིན་མེད་ཀྱི་ངང་ནས་སྔར་བཞིན་གཟིམས་ཁང་གི་ཐོག་ཏུ་སླེབས་ནས། ཡབ་ཡུམ་ཀུན་གྱིས་ཁྱོད་ནང་དུ་བཞག་ནས་སྒོ་ལྕགས་བསྡམས་པ་ནི། སྔར་བཞིན་འདུག་ཕྱི་ལ་ཐོན་ལུགས་ཇི་ལྟར་བྱས་པ་ཡིན། ཞེས་དྲིས་ཀྱང་། གོང་མའི་བཀའ་བཞིན་གསང་སྦས་མཛད་ནས་ཅི་ཡང་མ་སྨྲས་པར་བསྡད། ཞེས་གསལ། ལོ་དེའི་དགུན་ཟླ་འབྲིང་པོའི་ཚེས་བརྒྱད་ཉིན། དབལ་ཕུར་ནག་པོའི་རྒྱུད་ལུང་མན་ངག་བཅས་པ་ཡོངས་རྫོགས་སྙན་རྒྱུད་ཐོབ། ༡༨༤༠་ས་བྱི་ལོར། སྟག་སླག་ཅན་དགུང་ལོ་བརྒྱད་ཀྱི་སྐབས། རྩེ་དྲུག་ཏུ་སྣང་ཞིག་ཟླ་བ་རྒྱལ་མཚན་ཕེབས་པས་དྲུང་ནས། རབ་བྱུང་གི་སྡོམ་པ་ཞུས་པར་གསལ་ཏེ། སྐྱབས་མགོན་རྣམ་ཐར་རྒྱས་པ་ལས། ༼་གནས་མཆོག་ཤེལ་ལེ་རྩེ་དྲུག་ཏུ། ཞག་བཅུ་བཞུགས་སངས་རྒྱས་གླིང་པའི་ཡང་སྲིད་མཇལ། ཕར་ཚུར་དགྱེས་པའི་མཆོད་པའི་བྱེ་བྲག་མང་པོར་ཕུལ། སྙན་རྒྱུད་དབལ་འབར་སྟག་སླག་ཅན་དང་གཉིས་ལ། སོ་ཐར་གྱི་སྡོམ་པ་བྱིན་ཏེ། གཡུང་དྲུང་བསྟན་འཛིན་གསོལ། ༽སྐབས་དེར་ཕུལ་མིན་མི་ཤེས་ནའང་། སྣང་ཞིག་ཟླ་བ་རྒྱལ་མཚན་མཆོག་ལ། སྟག་སླག་ཅན་གྱིས་གསོལ་འདེབས་ཤིག་ཕུལ་བར་གསལ། དེ་ནས་དགུང་ལོ་དགུ་ཐོག་སྟག་སླག་ཅན་གྱི་ནེ་ནེར་གྱུར་པ། རྗེ་བཙུན་མ་ཚུལ་ཁྲིམས་དཔལ་བཟང་གིས། སྟག་སླག་ཅན་དགུང་ལོ་དགུ་ནས་བཅུ་བཞི་བར་སྟེ། ༡༨༤༡་ལྕགས་གླང་ནས་༡༨༤༦་མེ་རྟ་ལོའི་ཧོར་ཟླ་དྲུག་པ་བར། དབེན་གནས་མ་འདལ་རི་ཁྲོད་དུ། ཉར་ནས་ཡི་གེ་འབྲི་ཀློག་དང་། སྔོན་འགྲོ་དངོས་གཞི་སོགས་སྦྱོང་པ་མཛད་བཅོལ་བར་ཐོས་ལ། གཏེར་དང་སྙན་རྒྱུད་མང་པོ་ཞིག་དེ་དུས་རི་ཁྲོད་དེར་ཕབ་གནང་བ་གསལ་ལོ། ཡིན་ནའང་སྐབས་རེ་ཚུར་ཁྱུང་ནག་ཕོ་བྲང་དུ་བཞུགས་པ་དང་། སྐབས་རེ་མན་ཌལ་རི་ཁྲོད་དུ་བཞུགས་པར་མཛད་པ་སྟེ། པོམ་རའི་བསྐུལ་པའི་འཇུག་བྱང་ལས། ༼་བསྟན་འཛིན་ཚུལ་ཁྲིམས་བདག་རང་ལོ་བཅུའི་ཐོག་ཁྱུང་ནག་ཕོ་བྲང་དུ་རྣམ་འཇོམས་བསྙེན་སྒྲུབ་ཐུན་མཚམས་སུ། ཆུ་སྟག་ཟླ་༡་ཚེས་༥་ལ་སྙན་དུ་རྒྱུད༽ཞེས་པ་སོགས་མཛད་བྱང་། འགའ་ཞིག་ལས་གསལ་ལོ། གཙོ་མཆོག་བསྟོད་སྐུལ་འཇུག་བྱང་ལས། ༼་ཤིང་སྦྲུལ་ཟླ་༧་པའི་ཚེས་༢༧་ཉིན་སྙན་དུ་རྒྱུད། སླར་དབེན་གནས་མན་ཌལ་རི་ཁྲོད་དུ་སྦྱར་རོ། ༽ཞེས་དང་ སྲིད་རྒྱལ་བསྐུལ་པ་འཇུག་བྱང་ལས། ༼་མ་འདལ་རི་ཁྲོད་དུ་རང་ལོ་༡༣་ཐོག་གེ་ཁོད་བསྙེན་སྒྲུབ་སྐབས་སུ། ཤིང་སྦྲུལ་ཟླ་༡༡་པའི་ཚེས་༢༣་ལ་དཀར་ཤོག་ལ་དག་པར་ཕབས་སོ།༽ཞེས་དང་ཡབ་སྲས་ཐུགས་སྒྲུབ་འཇུག་བྱང་ལས། ༼་རང་ལོ་༧་ཐོག་ཤེལ་བྲག་གནས་སུ། རིག་འཛིན་ཚོགས་གྲལ་དུ་ཕྱིན་ནས། དབང་ལུང་གསང་མཚན་མན་ངག་ཕུན་ཚོགས་བདེ་ཆེན་དབང་ལྡན་གནང་ཞིང་། ཕྱིས་སུ་བཀའ་རྒྱ་ཡོལ་ནས། དབེན་གནས་མན་ཌལ་རི་ཁྲོད་དུ་གེ་ཁོད་བསྙེན་སྒྲུབ་སྐབས་ཤིང་སྦྲུལ་ཟླ་༡༡་པའི་ཚེས་ལ་ཞལ་བཤུས་སོ།།༽ཞེས་དང་། ཡང་བདུད་སོགས་བསྐུལ་པ་འགའ་ཞིག་ལས། ༼་བདུད་ཀྱི་བབསྐུལ་པ་འདིའང་། དབྲ་རིགས་བསྟན་འཛིན་དབང་རྒྱལ་བདག་མན་ཌལ་རི་ཁྲོད་དུ། གེ་ཁོད་བསྙེན་སྒྲུབ་སྐབས་སུ། མེ་རྟ་ཟླ་༡་ཚེས་༥་ཉིན་བརྡ་ཡིག་ལ་ཤར་བཞིན་ཞལ་བཤུས་སོ། ༽ཞེས་དང་ཡང་ངག་རྒྱུད་ཤོད་སྲོལ་ལ་མཁན་ཆེན་ཉི་མ་བསྟན་འཛིན་དྲུང་ནས། སྟག་སླག་ཅན་གྱིས། ཁྲིམས་ཆེན་ཉིས་བརྒྱ་ལྔ་བཅུ་ཞུས་པ་རེད་ཅེས། བཤད་སྲོལ་ཡོད་པ་ལྟར། མཁན་ཆེན་ཉི་མའི་རང་རྣམ་ལས། ༡༨༤༦མེ་རྟ་ལོར་མཁན་ཆེན་ཉི་མ་རང་ལོ་༣༤་ཕེབས་པ་དང་། སྟག་སླག་ཅན་རང་ལོ་༡༤་ཐོག་༼་ཝ་རྫོང་ཁྱུང་ནག་ཕོ་བྲང་དུ་སོང་ནས། ནག་རུ་བེ་ཧུ་ཚེ་དབང་བསྟན་འཛིན་སྐུ་མཆེད་དང་། ཁྱུང་པོ་གསེར་རྩེའི་གདུངས་ལས་འཁྲུངས་པའི། གཏེར་སྟོན་དབལ་འབར་སྟག་སླག་ཅན་དང་། དེར་བཞུགས་སྐུ་འཁོར་རྣམས་ལ། ཡི་དམ་དབལ་ཕུར་གྱི་དབང་བསྐུར་བགྱིས། ཁྱད་པར་སྙན་རྒྱུད་ཀྱི་སྤྲུལ་སྐུ་ལ་སོ་ཐར་གྱི་སྡོམ་པ་འབོགས་ནས། ཡི་དམ་དབལ་ཕུར་བགྱིས་ནས། གཏེར་དང་སྙན་རྒྱུད་ཀྱི་བསྟན་འགྲོའི་དོན་ཆེན་འགྲུབ་པའི་ལུང་བསྟན་ཕུལ། ༽ཞེས་དང་གཏེར་ལུང་ལས། ༼་དེ་སྐབས་ཟླ་༢་ཚེས་༦་ཁྱུང་ནག་ཕོ་བྲང་དུ།། ཚེ་དབང་ཐུགས་སྤྲུལ་མཁན་ཆེན་ཉི་མའི་མཚན། སྤྱན་དྲངས་བཞུགས་གསོལ་དབང་དམ་གཅིག་ཏུ་འདྲེས།། ༽ཞེས་གསུངས། གསང་རྒྱའི་ཤོག་སེར་ཞེས་གཏེར་ནས་བཏོན་པས། གཏེར་ཡིག་ཤོག་སེར་ཐོག་བརྡ་ཡིག་ཡོད་པ། མཁན་ཆེན་ཉི་མར་སྤྱན་འབུལ་ཞུས་པས། མཁན་ཆེན་གྱིས་མདང་དགོང་རྨིས་ལྟས་མཆོག་ཏུ་གྱུར་པས། ཁྱེད་བོན་བསྟན་འཛིན་སྐྱོང་སྤེལ་བ་ལ། རྟེན་འབྲེལ་སྤང་བླངས་ཟབ་དགོས་པའི་སྐྱེས་མཆོག་ཅིག་རེད་འདུག་པས། བདག་གིས་ཞལ་མཐོང་བ་ནི། ངོ་མཚར་བླ་མེད་དུ་གྱུར་ཞེས་གསུངས་པདང་། ཕྱི་ཉིན་ཤོག་སེར་དང་ལྷན་དུ་སྟོན་པའི་སྣང་བརྙན་དང་ཁ་བཏགས་བཅས་གནང་བ་གསལ་ཏེ། ༼དེ་ཉིན་གནང་སྐྱེས་བཟང་པོ་བདག་གི་སྤྱི་བོར་བསྩལ།། ཐུགས་བརྟགས་གེགས་སེལ་ཕྱྭ་རིམ་ཅི་དགོས་དང་།། རྟེན་འབྲེལ་བླ་མེད་ཕུན་སུམ་ཚོགས་པ་གྱུར།། ༽ཞེས་གསུངས། དེ་ནས་༡༨༤༦མེ་རྟ་ལོར་སྟག་སླག་ཅན་རང་ལོ་༡༤་ཐོག་དབེན་གནས་མན་ཌལ་རི་ཁྲོད་དུ་ཕར་ཕེབས་ནས་དེར་བཞུགས་པ་གསལ་ཏེ། སྟག་ལའི་བསྐང་བ་སོགས་འགའ་ཞིག་ལས།༼་མེ་རྟ་ཟླ་༣་ཚེས་༣༠་ཉིན་སྙན་དུ་བརྒྱུད་ཅིང་། དབེན་གནས་མན་ཌལ་རི་ཁྲོད་དུ་གུ་གེ་རིས་སུ་ཕབ་པའོ། ༽ཞེས་དང་། ཡང་ཡབ་སྲས་ཐུགས་སྒྲུབ་འཇུག་བྱང་ལས། ༼་་མེ་རྟ་ཟླ་༣་པའི་ཚེས་༣༠་ཉིན། མན་ཌལ་རི་ཁྲོད་དུ་གཏན་ལ་ཕབ་པའོ། ༽ཞེས་གསུངས་སོ། དྲེགས་པ་གསང་སྒྲུབ་སོགས། དྲན་པ་ཐུགས་སྒྲུབ་ཆ་ལག་ཆ་རྐྱེན་འགའ་ཞིག་གི་འཇུག་བྱང་ལས། ༼་་མེ་རྟ་ཟླ་༤་པའི་ཚེས་༣་ཉིན་དཀར་ཤོག་ཏུ་བཏབ་པའོ། ༽་ཞེས་གསལ། ལོ་དེའི་ཟླ་༦་པའི་ཚེས་༡་ཉིན། བདལ་གཤིས་སུ་བཞུགས་ནས། དེར་སྟག་ལ་ཕུར་བུ་རྩེ་མེད་སྙན་རྒྱུད་ཕབ་པར་གསལ་ཏེ། སྟག་ལ་ཕུར་བུ་རྩེ་མེད་ཀྱི་འཇུག་བྱང་ལས། ༼་་གྱིམ་ཤོད་གནས་ཀྱི་ནུབ་ཕྱོགས། མདུན་ཞོལ་ནག་ཟེ་རིན་ཆེན་འབར་བའི་སྐེད་པ། ཤུག་དགོན་གཡུང་དྲུང་གླིང་ལ། སུམ་བྷུ་ཏྲ་ལས་ཞལ་བཤུས་སོ། ༽ཞེས་གསལ། དེ་ནས་ཟླ་བ་དགུ་པར་ལམ་ལྷ་དགོན་གཡུང་དྲུང་གཏམ་བྲག་ཏུ་བཞུགས་པར་གསལ་ཏེ། མ་མོའི་སྲོག་སྒྲུབ་འཇུག་བྱང་ལས། ༼་་སྙིགས་མའི་ཁོ་བོ་གཡུང་དྲུང་བསྟན་འཛིན་བདག་ལ། མ་གཅིག་སྲིད་པ་རྒྱལ་མོས་དཔལ་ལུང་དུང་མཚོ་ཕྱུག་མོའི་འགྲམ་དུ་སྙན་དུ་རྒྱུད་ཅིང་། སླར་ལམ་དགོན་གཡུང་དྲུང་གཏམ་བྲག་ཏུ་མེ་རྟ་ལོའི་ཧོར་ཟླ་༩་པའི་ཚེས་༡༣་ལ། དབྱིངས་ཀྱི་བཀའ་རྒྱ་བཀྲོལ་ནས་ཞལ་བཤུས་ནས། དཔལ་གྱི་གདན་ས་ཁྱུང་ནག་ཕོ་བྲང་དུ་མེ་རྟ་ཟླ་༡༢་པའི་ཚེས་༡༡་ཉིན་གཏན་ལ་ཕབ་པའོ། ༽ཞེས་གསུང་པ་ལྟར་ཧོར་ཟླ་༡༢་སྐོར་ནས་ཁྱུང་ནག་རྫོང་དུ་བཞུགས་པར་གསལ་ལོ། ༡༨༤༧་མེ་ལུག་ལོར། སྟག་སླག་ཅན་རང་ལོ་༡༥་ཐོག་རྫུ་འཕྲུལ་རྩལ་གྱིས། རྨ་པོམ་ར་ནས་ཕུར་པའི་ལས་མཐའ་དགོངས་གཏེར་བཞེས་པ་དང་། ཁོང་སྐུ་དངོས་སུ། ལོ་འདིར་ཁྱུང་ནག་རྫོང་དུ་བཞུགས་མཛད་པ་གསལ་སྟེ། མ་མོའི་གནད་བསྐང་འཇུག་བྱང་ལས། ༼་་ཁོ་བོ་དབྲ་བཙུན་གཡུང་དྲུང་བསྟན་འཛིན་དབང་རྒྱལ་བདག་མེ་ལུག་ཧོར་ཟླ་༢་པའི་ཚེས་༢་ལ། མ་གཅིག་སྲིད་པ་རྒྱལ་མོ་ཉིད། བྱ་ཕོ་མ་རོག་གུ་ལ་སྤྲུལ་ནས་ལུང་བསྟན་ཞིང། ཕྱི་ཉིན་མཁའ་སྤྱོད་ཚོགས་གྲལ་དུ་ཕྱིན་ནས། སྙན་དུ་རྒྱུད་ཅིང་ཁྱུང་ནག་ཕོ་བྲང་དུ་ཡི་གེར་བཏབ་པའོ། ༽ཞེས་དང་ཡང་སྲིད་རྒྱལ་བསྐང་བ་འཇུག་བྱང་ལས། ༼་མེ་ལུག་ཧོར་ཟླ་༣་པའི་ཚེས་ལ། ཁྱུང་ནག་ཕོ་བྲང་དུ་སྙན་ལ་རྒྱུད་དོ། ཞེས་སྙན་ཕུར་ཅེས་དཔོད་ཆེན་འདི་ཡང་སྟག་སླག་ཅན་དགུང་ལོ་བཅོ་ལྔ་བཞེས་སྐབས། ཁྱུང་ནག་ཕོ་བྲང་དུ་སྙན་རྒྱུད་ཡི་གེར་ཕབ་པ་གསལ་ཏེ། དབལ་ཕུར་གསང་བ་ཡང་སྙིང་གི་སྒྲུབ་གཞུངས་འཇུག་བྱང་ལས། ༼་་དབལ་འབར་སྟག་སླག་ཅན་བདག་ལ། དངོས་གྲུབ་སུ་བབས་པ། སྤྲེའུ་ཞེས་པ་མེ་མོ་ལུག་གི་ལོར། ཧོར་ཟླ་༦་པའི་ཚེས་བཅུ་ལ་དཔལ་གྱི་གདན་ས་ཁྱུང་ནག་ཕོ་བྲང་དུ་གཏན་ལ་ཕབ་ཅིང་། དྲུང་ཡིག་པ་སྔགས་ནག་པ་ཤེ་ཙུ་མིང་གི་ཞལ་བཤུས་པ་ལགས་སོ། ༽ཞེས་དང་ད་རུང་རི་དམར་གྱི་བསང་ཡིག་ཞིག་བརྩམས་པར་གནང་། ལོ་འདིར་ཁྱུང་ནག་རྫོང་དུ་བཞུགས་མཛད་པར་གསལ་ཏེ། ཡུལ་མི་ཚོས་སྟག་སླག་ཅན་གྱིས། ཁྱུང་ནག་ཕོ་བྲང་དུ་བཀའ་གཏེར་སྙན་རྒྱུད་མང་པོ་ཞིག་ཕབ་པ་རེད་ཅེས་བཤད་སྲོལ་སྣང་བ་ནི། ལོ་འདི་དག་གི་རིང་ལ་ཡིན་ཤས་ཆེའོ། ༡༨༤༨་ས་སྤྲེལ་ལོར། སྟག་སླག་ཅན་དགུང་ལོ་༡༦་ནང་རྩེ་དྲུག་ཏུ་བཞུགས་ཡོད་པ་དང་སྐབས་དེར། གཏེར་བདག་ཡུམ་སྲས་སྡེ་ལྔས་ལུང་བསྟན་ཏེ། དྲག་སྔགས་དབལ་མོའི་སྒྲུབ་སྐོར་ཆ་ཚང་། ས་སྤྲེལ་ལོའི་ཧོར་ཟླ་༡་པོའི་ཚེས་༡་ཉིན། གནས་མཆོག་ཤེལ་ལེ་རྒྱ་གར་རྩེའི་མགུལ་ཀེའུ་ཚང་ནས་གཏེར་ལ་གདན་དྲངས་པར་གསལ་ཏེ། དྲག་སྔགས་དབལ་མོའི་གཏེར་འབྱུང་ལོ་རྒྱུས་ལས། ༼་གཏེར་འབྱུང་ལོ་རྒྱུས་ཟུར་ཙམ་བཤད་པ་ནི། ཁོ་བོ་དབྲ་ཁྱུང་གཡུང་དྲུང་བསྟན་པ་འཛིན།། གསང་མཚན་དབལ་འབར་སྟག་ཆུང་སྟག་སླག་ཅན།། སྒྲུབ་གནས་ཁྱད་འཕགས་ཤེལ་བྲག་མངོན་དགའི་རྩེར།། སྲིད་རྒྱལ་དྲིའུ་དམར་མོ་སྒྲུབ་པའི་སྐབས།། ས་སྤྲེལ་ཟླ་བའི་ཚེས་ཀྱི་ཉི་ཤར་ཙམ། ༽ཞེས་དང་ཡང་ལུང་བསྟན་ལས། ༼་་སྟག་ལའི་ཐུགས་སྤུལ་ཁོ་བོ་དབྲ་སྟོན་བདག། རང་ལོ་བཅུ་དྲུག་ལོ་ངོ་ཤར་བའི་དུས།། ས་ཕོ་སྤྲེལ་ལོ་ཚེས་ཀྱི་ཉིན་པ་ལ།། གྱིམ་ཤོད་ཤེལ་བྲག་ཤར་ཕྱོགས་སེང་གེ་རྫོང་། ༽ཞེས་གསུངས་ལ། ༡༨༤༩་ས་བྱ་ལོར་སྟག་སླག་ཅན་དགུང་ལོ་བཅུ་བདུན་ཐོག་ཀོང་པོར་བྱོན་ཡོད་དམ་སྙམ་སྟེ། དྲག་སྔགས་དབལ་མོའི་གཏེར་འབྱུང་ལོ་རྒྱུས་ལས། ༼་་བོན་གཤེན་སྟག་ཆུང་ཁྱུང་སྲས་ཀྱི།། བཅུ་བདུན་རྒྱས་པའི་ལང་ཚོ་ལ།། མ་རིག་ལོག་པའི་བར་ཆོད་ཉེ།། གདུལ་དཀའ་བར་ཆོད་ཞི་ཕྱིར་དུ།། གཤེན་གྱི་ཐུགས་སྤྲུལ་བོན་གྱི་གནས།། མདུང་རྩེ་འདྲ་བའི་མདུན་དྲུང་དུ།། བསྐོར་བ་བརྒྱ་ཕྲག་བྱས་ནས་སུ།། མོས་པའི་བརྐྱངས་ཕུག་ལན་གཅིག་འཚལ།། གདུལ་དཀའ་བསྟན་པའི་བར་ཆད་ཞི།། མ་ཡེངས་ངེས་པར་ཐུགས་ལ་ཞོག། ༽ཅེས་གསུངས་པས་སོ། བཤད་སྲོལ་ཞིག་ལ་སྟག་སླག་ཅན། གཏེར་གྲོགས་གསུམ་ཡོད་པ་དང་། སྐུ་ཡི་མཁའ་འགྲོ་ནག་རུ་སྲས་མོ་སྟེང་ཆེན་ཁ་ལ་དུས་རྒྱུན་བཞུགས་སྐབས། འཆལ་སྤྱོད་མཁན་ཞིག་ཡོད་པ་དེ་ཡིན་པ་དང་། གཟི་ཀིས་ནས་བོན་གཏེར་བཞེས་སྐབས་གྲོགས་སུ་བརྟེན་པ་གནང་བ་དང་། གསུང་གི་མཁའ་འགྲོ་ཀོང་པོར་ཕེབས་སྐབས། ཧོར་ནས་ཡིན་པའི་བུད་མེད་གཅིག་གཏེར་གྲོགས་སུ་བཞེས་པ་དེ་ཡིན་པ་དང་། ཕ་ཡུལ་དུ་ལོག་སྐབས་ཞང་པོ་དགའ་འདེགས་ཟེར་བར་བུ་མོ་དེ་ཕ་ཡུལ་དུ་ཁྲིད་པར་ཞུས་པས། དེས་འདི་རྟོ་བེ་ཚང་གི་བུ་མོ་འདྲ་བ་འདུག་ཕ་ཡུལ་དུ་ཁྲིད་ན། ངོ་ཚ་ཟེར་བས་རྟེན་འབྲེལ་འཆུགས་པར་བཤད། ཐུགས་ཀྱི་མཁའ་འགྲོ་དབྱིབ་དྲག་པོ་རྫོང་གི་འཕགས་སྤུ་བླ་བྲང་གི་སྲས་མོ། སྐལ་བཟང་ལྷ་མོ་ཡིན་ཞེས་བཤད་སྲོལ་སྣང་། ༡༨༥༠་ལྕགས་ཁྱི་ལོར་སྟག་སླག་ཅན་དགུང་ལོ་བཅོ་བརྒྱད་ཐོག་ཀོང་པོ་ནས། རྩེ་དྲུག་ཏུ་ཕེབས་ཏེ་དེར་ལོ་གཅིག་ཙམ་བཞུགས་པ་དང་། ༡༨༥༡་ལྕགས་ཕག་ལོར། སྟག་སླག་ཅན་དགུང་ལོ་བཅུ་དགུ་བཞེས་པའི་ལོ་དེའི་ལོ་འཇུག་ཏུ་གསང་སྟབས་སུ་ཚ་བ་རོང་དུ་ཕེབས་པར་བཤད་སྲོལ་སྣང་། ༡༨༥༢་ཆུ་བྱི་ལོར་སྟག་སླག་ཅན་དགུང་ལོ་༢༠་བཞེས་སྐབས། ཚ་བ་རོང་ནས་སྤྱི་འདུལ་གཏེར་ཐོན་པར་གསལ་ཏེ། ༼་་ཞི་ཁྲོ་རྩ་གསུམ་ཀུན་འདུས་ཆེ་མཆོག་དྲེགས་པ་སྤྱི་འདུལ་འདིའང་། ཚ་བ་རོང་གནས་མཆོག་བཀྲ་ཤིས་སྤུངས་པའི་རི་ནས་ཆུ་བྱི་ལོའི་ཧོར་ཟླ་ལྔ་པའི་ཚེས་༢༣་ཉིན་གཏེར་ནས་གདན་དྲངས༽ཞེས་གསལ། སྟག་སླག་ལྷ་རྒོད་དམ། སྤྱི་སྤུངས་གབ་པ་གསང་ཆེན་ཞེས་པའང་། ལྷོ་རྒྱལ་མོ་ཚ་བ་རོང་ནས་གཏེར་བཞེས་པར་གསལ། ལོ་འདིར་སྣང་ཞིག་སྐྱབས་མགོན། ཟླ་བ་རྒྱལ་མཚན་མཆོག་ཁྱུང་ཡུལ་དུ་ཕེབས་སྐབས། སྣང་སྟོན་རིན་པོ་ཁོང་གིས། ཚ་རོང་ལ་བང་ཆེན་མངགས་ནས། དབལ་འབར་སྟག་སླག་ཅན། ཁྱུང་ཡུལ་དུ་གདན་དྲངས་པར་གསལ་ཏེ། སྣང་སྟོན་ཟླ་རྒྱལ་རྣམ་ཐར་རྒྱས་པ་ལས། སྣང་ཞིག་ཟླ་རྒྱལ་དགུང་གྲངས་ང་བདུན་ལ་ཕེབས་པས་ཆུ་བྱི་ལོར། ༼་་ཁྱུང་པོར་ཕེབས། ཁྱུང་པོའི་གཙོ་བོ་རྣམས་དང་། དགོན་ཁག་སོ་སོ་ལ། སྐུ་འབབ་ཚན་པ་ཆེ་ལེགས་གྲངས་མང་པོར་ཕུལ། དགོན་ཁག་རྣམས་ལ་ཁྲོ་ཡོན་རེ་ཕུལ། ཚ་བ་རོང་དུ་བང་ཆེན་གཏོང་ཏེ། དབལ་འབར་སྟག་སླག་མཚན་ཅན་སྤྱན་དྲངས་ཏེ། ཕར་ལ་འགར་སྟོན་གཏེར་ལུགས་དབལ་ཕུར་ནག་པོའི་དབང་ལུང་རྗེས་གནང་ཕུལ་ཏེ། ཡི་དམ་དེ་ག་རང་ལ་ཉམས་སུ་ལེན་རྒྱུའི་བཀའ་ཕབ། རྗེས་སུ་རྣམ་རྒྱལ་ཀུན་གྲགས་གླིང་དུ་ཕེབས་ནས། རབ་གནས་མཛད་རྒྱུ་དང་། གཏེར་དང་སྙན་རྒྱུད་ཟབ་མོ་མང་པོའི་དབང་ལུང་གནང་རྒྱུའི་ཞལ་བཞེས་ཐོབ། མ་མོ་སྲོག་སྒྲུབ་སྐོར་ཚང་མ་བཅའ་ཕབ་ཅིང་ཚུར་ལ་ཕུལ། ཕར་ཚུར་དབང་ལུང་དང་འབྱོར་སྦྱོར་རིམ་བགྱིས་ཤིང་། ཟླ་གཅིག་རིང་བཞུགས་ཤིང་གསུང་གླེང་མང་པོའི་དགྱེས་དགྱེས་མཛད་དོ། མཚམས་པ་རྣམ་པ་གཉིས་ཀྱིས། རྒྱུ་རག་ལས་གྲུབ་པ་སྟོན་པའི་སྐུ་རྟེན་གཅིག་གནང་བྱུང་བར། ཕར་ལ་ཇ་འཁོར་གཅིག་བཅས་དགུ་ཚན་གཅིག་ཕུལ།། རྩེ་དྲུག་གནས་སུ་ཞག་བདུན་བཞུགས། ཚོགས་འཁོར་དང་མཆོད་པ་ཕུལ།། གཡས་ཕྱོགས་སུ་ཞབས་རྗེས་ཤིག་ཡོད་པར་གྲགས།། ༽ཞེས་གསལ། ༡༨༥༣ཆུ་གླང་ལོར་སྟག་སླག་ཅན་དགུང་ལོ་༢༡་ཐོག་ཁྱུང་ནག་རྫོང་དུ་བཞུགས་ཡོད་པར་གསལ་ཏེ། ཕུར་པའི་རྒྱུད་དགུ་ཞེས་པའི་འཇུག་བྱང་ལས། ༼་་བླ་ཆེན་དྲན་པ་ནམ་མཁས་དབལ་འབར་སྟག་སླག་ཅན་ལ་སྙན་དུ་བརྒྱུད་དེ། མན་ངག་གི་གསང་རྒྱ་ཐུབ་པར་བྱས། ཆུ་མོ་གླང་གི་ལོའི་ཟླ་ཚེས་བཟང་པོའི་ཉིན། སུམ་པ་གླང་གི་གྱིམ་ཤོད་ཁྱུང་ནག་དཔལ་གྱི་ཕོ་བྲང་དུ་གཏན་ལ་ཕབ། ༽ཞེས་གསལ། མེ་སྟོན་ཉི་རྒྱལ་མཚན་རང་རྣམ་ལས། ༼་་རང་ལོ་༣༨་ཆུ་གླང་ཟླ་ཚེས་ལ། རང་རེའི་ཕ་རྒན་དམ་པ་གྲོང་པ་ཡིན།། སངས་གླིང་ཡང་སྲིད་མི་ཕམ་གསུམ་པ་དང་། དེ་ཡི་རྒྱལ་སྲས་དབལ་འབར་སྟག་སླག་སོགས།། འདྲེན་མཆོག་བླ་མ་རྣམས་ཀྱིས་ལམ་སྟོན་མཛད།། ༽ཅེས་གསལ ༡༨༥༤་ཤིང་སྟག་ལོར་སྟག་སླག་ཅན་དགུང་ལོ་༢༢་ཐོག་གསང་སྟབས་སུ་ཚ་རོང་དུ་ཕེབས་ནས། ཕུར་ལ་དགོན་མདང་ལྡན་གཡུང་དྲུང་གླིང་དུ། ཞི་ཁྲོ་རྩ་གསུམ་ཀུན་འདུས་བཀའ་རྒྱ་བཀྲོལ་ནས། སྟོད་ཆ་ཕབ་ཚར་དུས། ཐུགས་ཀྱི་མཁའ་འགྲོ་འཕགས་སྤུ་རྨེའུ་སྲས་མོ་སྐལ་བཟང་ལྷ་མོའི། དབྱིབས་བླ་བྲང་དུ་གདན་དྲངས་ནས་དེར། ཞི་ཁྲོ་རྩ་གསུམ་ཀུན་འདུས་སྨད་ཆ་ཕབ་ཞེས་ཟེར་སྲོལ་ལྟར། སྤྱི་འདུལ་གཞུང་སོགས་སྟོད་ཆོག་སྐོར་གྱི་འཇུག་བྱང་ལ། ༼་ཞི་ཁྲོ་རྩ་གསུམ་ཀུན་འདུས་ཆེ་མཆོག་དྲེགས་པ་སྤྱི་འདུལ་འདིའང་། ཚ་བ་རོང་གནས་མཆོག་བཀྲ་ཤིས་སྤུངས་པའི་རི་ནས་ཆུ་བྱི་ལོའི་ཧོར་ཟླ་ལྔ་པའི་ཚེས་༢༣་ཉིན་གཏེར་ནས་གདན་དྲངས། སླར་ཤིང་སྟག་ཧོར་ཟླ་༤་པའི་ནང་མདང་ལྡན་གཡུང་དྲུང་གླིང་དུ་ཤོག་སེར་བོད་ཡིག་ཏུ་བསྒྱུར།༽ཞེས་གསལ་ལ་སྲུང་བཟློག་སོགས་སྨད་ཆོག་སྐོར་གྱི་འཇུག་བྱང་ལ། ༼་་ཞི་ཁྲོ་རྩ་གསུམ་ཀུན་འདུས་ཆེ་མཆོག་དྲེགས་པ་སྤྱི་འདུལ་འདིའང་། ཚ་བ་རོང་གནས་མཆོག་བཀྲ་ཤིས་སྤུངས་པའི་རི་ནས་ཆུ་བྱི་ལོའི་ཧོར་ཟླ་ལྔ་པའི་ཚེས་༢༣་ཉིན་གཏེར་ནས་གདན་དྲངས། སླར་ཤིང་སྟག་ཧོར་ཟླ་༨་པའི་ནང་དུ་དབྱིབ་ལྷུན་པོ་བརྩེགས་པའི་དགོན་དུ་ཤོག་སེར་བོད་ཡིག་ཏུ་བསྒྱུར་བ་དགེའོ།༽ཞེས་གསལ། ༡༨༥༥་ཤིང་ཡོས་ལོར། སྟག་སླག་ཅན་དགུང་ལོ་ཉེར་གསུམ་ལའང་ཚ་རོང་དབྱིབ་བླ་བྲང་དུ་བཞུགས་གནང་བ་དང་། ༡༨༥༦་མེ་འབྲུག་ལོར། སྟག་སླག་ཅན་དགུང་ལོ་ཉེར་བཞི་ཐོག་ཁྱུང་ཡུལ་དུ་ཡར་ཕེབས་ནས། ཧོར་ཟླ་ལྔ་པའི་ཚེས་༡༥་ཉིན། གཟི་ཀིས་གནས་སྒོ་ཕྱེས། བསྐོར་ལམ་བསྟོད། ཞེས་བཤད་སྲོལ་སྣང་ལ། ད་ལྟའང་ཧོར་ཟླ་ལྔ་པའི་ཚེས་༡༥་ཉིན་ཕྱོགས་གང་ས་ནས་གནས་འདི་ལ། མཇལ་བསྐོར་དུ་འགྲོ་མཁན་མང་པོ་ཡོད། དེ་ནས་རྩེ་དྲུག་བླ་མ་ཡོན་ཏན་དང་། གཡུང་དྲུང་། མན་ཌལ་མཚམས་པ་རྣམ་གཉིས། ག་ཤེལ་ཁྲི་ཆེན་སོགས་ལ། བཀའ་གཏེར་སྙན་གསུམ་གྱི་དབང་ལུང་རྒྱུད་སྤེལ་མཛད་དེ། རྩེ་དྲུག་ཏུ་ཡུན་རིང་ཙམ་བཞུགས་ནས། ལོ་འཇུག་ཏུ་ཚ་བ་རོང་དུ་མར་ཕེབས། ༡༨༥༧་མེ་སྦྲུལ་ལོར། སྟག་སླག་ཅན་དགུང་ལོ་ཉེར་ལྔ་བཞེས་སྐབས། དབྱིབ་བླ་བྲང་དུ་ལྕམ་སྐལ་བཟང་ལྷ་མོར། སྲས་བཙན་རྒྱལ་གྲགས་པ་འཁྲུངས་ཤིང་་ཚ་བ་རོང་དུ་བཞུགས། 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.