སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྒོ་བཞི་མཛོད་ལྔའི་ལྟ་སྤྱོད་ཅི་ལྟར་ཡིན་ནམ།། | 2018/8/2 15:58:00
དྲི་བ་བོན་སྒོ་བཞི་མཛོད་ལྔའི་ལྟ་སྤྱོད་ཅི་ལྟར་ཡིན་ནམ།།
དྲིས་ལན། སྒོ་བཞི་མཛོད་ལྔའི་ལྟ་སྤྱོད་ནི།
སྤྱིར་གཡང་དྲུང་བོན་ལ་སྤྱི་རུ་ཕྱི་རྒྱུད། ནང་རྒྱུད། གསང་རྒྱུད་འདུས་གསུམ་དུ་ཕྱེ། དེར་སྒོ་བཞི་མཛོད་ལྔ་འདུས་ཚུལ་ནི། ཕྱི་རྒྱུད་ལ་ཕྱི་ཡི་ཕྱི་རྒྱུད་དང་ཕྱི་རྒྱུད་གཉིས་སུ་ཕྱེ། ནང་རྒྱུད་ལ་ནང་རྒྱུད་དང་ནང་གི་ནང་རྒྱུད་གཉིས་སུ་ཕྱེ། གསང་རྒྱུད་མཐོ་ཐོག་སྤྱི་རྒྱུག་དང་ལྔའོ།། དེའི་ནང་ཐེག་པ་རིམ་དགུའང་འདུས་སོ།། དེ་དག་ཀྱང་བདེན་པ་གཉིས་ལ་འདུས།།  དེའང་ཐིག་ལེ་ཉག་གཅིག་ལ་འདུས་སོ།། དེ་དག་གི་སྤྱོད་པའི་སྤྱོད་ཐབས་དང་ལྟ་བ་བཅས་འདིར་སྟོན་པ་གཤེན་རབ་ཀྱིས་བསྟན་པ་འདི་ལྟ་དེ།། 
དེ་ཡང་མདོ་གཟེར་མིག་ལས།། 
ཕྱིའི་ཕྱི་ནི་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་དུ་གསུངས། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་དུ་གཏོགས་པ་ནི། ཤེས་རབ་རྒྱུད་སྦྱང་ཚིག་གི་ལོ་རྒྱུས་མང་པོ་གྱེར་བའོ། །ཕྱི་རྒྱུད་ཤི་ཐབས་འདུར་ཐབས་དང༌། ནང་རྒྱུད་ན་ཐབས་གླུད་ཐབས་དང༌། བར་རྒྱུད་དགོས་ཐབས་གཏོ་ཐབས་གསུམ།སེམས་ཅན་དོན་དུ་མང་པོ་འཚོགས་སར་གྱེར། ལྟ་བའི་བལྟ་ཐབས་ཀུན་རྫོབ་བདེན་པ་རུ། ཕྱི་སྣོད་རིན་ཆེན་གཞལ་ཡས་ཁང༌། ནང་བཅུད་ལྷ་དང་ལྷ་མོའོ། ཡ་སྟགས་མང་པོ་འདོད་པ་རྣམ་པ་ལྔ། སྤྱོད་པའི་སྤྱད་ཐབས་སེམས་ཅན་སྲོག་མི་བཅད་པ་རུ། ངག་གི་ཚིག་ཏུ་གྱེར་གྱིན་ལུས་ཀྱིས་ཚོམ་ཚོམ་བསྒྱུར། དོན་དམ་བདེན་པ་སྟོང་པའི་རང་བཞིན་ནོ། །ཆབ་ནག་གྱེར་བའི་བོན་ལ་འབུམ་སྡེ་དགུ་རུ་སངས་པོས་གླེགས་བམ་དཀར་ལ་ཡི་གེ་ནག་ཏུ་བྲིས། ཕྱི་རབས་སེམས་ཅན་རྣམས་ལ་བསྟན་པའི་རྗེས་སུ་བཞག།
ཕྱི་ཉིད་འཕན་ཡུལ་རྒྱས་པ་མདོ་ཁུངས་འབུམ་གྱི་བོན་དུ་གསུངས། འཕན་ཡུལ་རྒྱས་པ་མདོ་ཁུངས་འབུམ་གྱི་བོན་དུ་གཏོགས་པ་ནི། ཤེས་རབ་རྒྱུད་སྦྱང་འདུལ་ཁྲིམས་སྡོམ་པ་བསྲུང་བའོ། །བོན་ནི་འགྲེས་དང་ཚིག་བཤད་གཉིས། འགྲེས་རྐང་ལ་ཡང་རྣམ་པ་གཉིས། འཁོར་བའི་འགྲེས་དང་མྱ་ངན་ལས་འདས་པའི་འགྲེས། ཚིག་བཤད་ལ་ཡང་རྣམ་པ་གཉིས། གཏན་ཚིགས་བྱུང་ཁུངས་འདོད་པའི་ཚིག་བཤད་དང༌། མཆོད་སྦྱིན་སེམས་ཅན་དོན་དུ་བསྔོ་བའི་ཚིག་བཤད་གཉིས། སེམས་ཅན་དོན་དུ་མང་པོ་འཚོགས་པ་རུ། ཀློག་དང་བསྒྲགས་ཀྱིན་མཆོད་སྦྱིན་རྒྱུན་དུ་གཏོང༌། ལྟ་བའི་བལྟ་ཐབས་ཀུན་རྫོབ་བདེན་པ་རུ། ཕྱི་སྣོད་འོད་ཟེར་སྣ་ལྔའི་དཀྱིལ་འཁོར་ལ། ནང་བཅུད་ཡིག་འབྲུའི་སྐུ་དང་འོད་ཟེར་རོ། །ཡོ་བྱད་མང་པོ་གཡུང་དྲུང་རིན་ཆེན་པད་མའོ། །སྤྱོད་པའི་སྤྱད་ཐབས་སེམས་ཅན་རྣམས་ལ་ཕན་པ་བྱ། ངག་གིས་སྡིག་བཤགས་མཚན་བརྗོད་སྙིང་པོ་བཟླ་ཡིན་གཏང་རག་བསྒྱུར། ལུས་ཀྱིས་བསྐོར་བ་བྱས་ཀྱིན་ལྷ་ཕྱག་རྒྱུན་དུ་འཚལ། དོན་དམ་བདེན་པ་སྟོང་པའི་རང་བཞིན་ནོ། །འཕན་ཡུལ་ཀློག་གིན་མཆོད་སྦྱིན་བོན་ལ་ཁྲི་སྡེ་དགུ་དང་འབུམ་སྡེ་བདུན་དུ་སངས་པོས་གླེགས་བམ་དཀར་ལ་ཡི་གེ་ནག་ཏུ་བྲིས། ཕྱི་རབས་སེམས་ཅན་རྣམས་ལ་བསྟན་པའི་རྗེས་སུ་བཞག །
ནང་ཉིད་ཆབ་དཀར་ནག་པོ་སྔགས་ཀྱི་བོན་དུ་གསུངས། ཆབ་དཀར་མན་ངག་ནག་པོ་སྔགས་ཀྱི་བོན་དུ་གཏོགས་པ་ནི། ཤེས་རབ་རྒྱུད་སྦྱང་བསྙེན་སྒྲུབ་ཟབ་མོ་དང་དུ་བླངས་པའོ། །བོན་ནི་བྱིན་གྱིས་བརླབས་ནས་བདག་ཉིད་བདེར་གཤེགས་ཡེ་ཤེས་ལྷའི་རང་བཞིན་ནོ། །ལུས་ཀྱི་ལས་སུ་རང་བཞིན་ཕྱག་རྒྱ་ལྔ། ངག་གི་ལས་སུ་འཛབ་གྲངས་མ་ཆད་དྲང༌། ཡིད་ཀྱི་ལས་སུ་ཏིང་འཛིན་བསྐྱེད་རྫོགས་བསྒོམ། ཡོན་ཏན་ལས་སུ་ཡོ་བྱད་བསོག་བསྔོ་བྱ། འཕྲིན་ལས་ལས་སུ་ཚིག་བཤད་མཚན་བརྗོད་དོ། །སེམས་ཅན་དོན་དུ་མཆེད་ལྕམ་མང་པོ་དབེན་པའི་གནས་སུ་འཚོགས། ལྟ་བའི་བལྟ་ཐབས་ཀུན་རྫོབ་བདེན་པ་རུ། ཕྱི་སྣོད་ཡིད་བཞིན་ནོར་བུའི་ཁང་པ་ལ། ནང་བཅུད་ཀུན་བཟང་བདེར་གཤེགས་ཡབ་ཡུམ་མོ། །ཡ་སྟགས་མང་པོ་འོད་དང་ཆས་པའི་རྒྱན་དང་ལྷ་བྲན་ལྕམ་དྲལ་ལོ། །སྤྱོད་པའི་སྤྱད་ཐབས་སེམས་ཅན་སྙིང་རྗེས་གཟུང༌། དབེན་པའི་གནས་སོང་ཁྲོ་བོས་མཚམས་བཅད་ལ། སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ལྔ། བདེར་གཤེགས་ལྷ་དང་གཉིས་མེད་བསྙེན་གྱིན་བསྒྲུབ། དོན་དམ་བདེན་པ་སྟོང་པའི་རང་བཞིན་ནོ། །ཆབ་དཀར་བསྙེན་སྒྲུབ་བོན་ལ་ཁྲི་སྡེ་བཞི་རུ་སངས་པོས་གླེགས་བམ་དཀར་ལ་ཡི་གེ་ནག་ཏུ་བྲིས། ཕྱི་རབས་སེམས་ཅན་རྣམས་ལ་བསྟན་པའི་རྗེས་སུ་བཞག།
ནང་གི་ནང་ནི་དཔོན་གསས་མན་ངག་ལུང་གི་བོན་དུ་གསུངས། དཔོན་གསས་མན་ངག་ལུང་གི་བོན་དུ་གཏོགས་པ་ནི། ཤེས་རབ་རྒྱུད་སྦྱང་ཚིག་བོར་དོན་ལ་བསྒོམ་པའོ། །མཚོ་གླིང་དུར་ཁྲོད་ལུང་ཕུགས་ནགས་ཚལ་དུ། རི་དྭགས་སྨས་མ་བཞིན་དུ་ཆིག་པུར་དགོན་པར་གནས། ལྟ་བའི་བལྟ་ཐབས་ཚད་ནི། རྟག་ཆད་གཉིས་ཀའི་དོན་ཤེས། དེ་ལ་མ་ཆགས་མ་ཡེངས་པར། ཐིག་ལེ་ཆེན་པོ་ཉག་གཅིག་གི་དོན་ལ། མི་ཡེངས་བརྟན་པར་བསྒོམ། སྤྱོད་པའི་སྤྱད་ཐབས་གོང་དུ་སྨོས་པ་བཞིན་དུ་ཆིག་པུར་དགོན་པར་གནས། དཔོན་གསས་བསྒོམ་པའི་བོན་ལ་ཁྲི་སྡེ་ཆིག་ཏུ། སངས་པོས་གླེགས་བམ་དཀར་ལ་ཡི་གེ་ནག་ཏུ་བྲིས། ཕྱི་རབས་སེམས་ཅན་རྣམས་ལ་བསྟན་པའི་རྗེས་སུ་བཞག།

གསང་རྒྱུད་མཐོ་ཐོག་སྤྱིར་རྒྱུག་ནི། སྒོ་བཞི་སྤྱི་ལ་ཡོ་རུ་རྒྱུག་པའི་བོན་དུ་གསུངས། གཙང་མ་མཐོ་ཐོག་སྤྱིར་རྒྱུག་ལྟ་བ་ལ། སྤྱིར་གཅོད་བོན་དུ་གཏོགས་པ་ནི། སྒོ་བཞི་ཀུན་ལ་ཤེས་པའི་རྒྱུད་སྦྱངས་ནས། སྣང་ལ་རང་བཞིན་མེད་པའི་ལྟ་བ་གཅིག་ཏུ་འཇོག་པའོ། །ཀུན་རྫོབ་བདེན་པར་ཕྱི་སྣོད་སྒྱུ་མའི་རང་བཞིན་རྡུལ་དུ་རྟོག ནང་བཅུད་ཉིད་ཀྱང་སྟོང་པའི་རང་བཞིན་ཕྲ་རབ་རྡུལ་དུ་གོ། །དོན་དམ་བདེན་པ་དངོས་པོ་ངོ་བོ་ཅིར་ཡང་མ་ཡིན་པའོ། །འབྱུང་བ་བཞི་དང་ཕུང་པོ་བཞི། རུ་བཞི་ལྷ་དང་ཡེ་ཤེས་བཞི། ནམ་མཁའ་གཤེན་ལྷ་རྣམ་ཤེས་སྟོང་པ་ཉིད་དང་བཞི། ཀུན་ལ་སྤྱི་རུ་རྒྱུག་པ་བཞིན། སྒོ་བཞི་བོན་ལ་སྤྱིར་རྒྱུག་པས། གཙང་མ་མཐོ་ཐོག་སྤྱིར་རྒྱུག་གོ། །མཐོ་ཐོག་སྤྱིར་རྒྱུག་བོན་ལ་ཁྲི་སྡེ་གཉིས་སུ་སངས་པོས་གླེགས་བམ་དཀར་ལ་ཡི་གེ་ནག་ཏུ་བྲིས། ཕྱི་རབས་སེམས་ཅན་རྣམས་ལ་བསྟན་པའི་རྗེས་སུ་བཞག།
མདོ་གཟེར་མིག་ལས་བཏུས་སོ།། །།

Re:སྒོ་བཞི་མཛོད་ལྔའི་ལྟ་སྤྱོད་ཅི་ལྟར་ཡིན་ནམ།། | 2023/4/10 10:46:23
སྐུ་མགྲོན་N63Ul8(སྐུ་མགྲོན)ཕྱི་ཡི་ཕྱི་རྒྱུད་དང་ནང་གི་ནང་རྒྱུད་ཟེར་ཡ་དེ་བཀའ་གང་ནས་གསུང་པ་ཡིན་ནམ་ཐེགས་གང་གིས་སྒོ་ནས་ཕྱེས་པ་ཡིན་ནམ་གཞུང་ངོས་འཛིན་ནམ་གང་དག་ཡིན་
གཤམ་དུ་TXLM་ལགས་ཀྱིས་ལན་སློག་པ་ནི་
མདོ་གཟེར་མིག
རྩོམ་པ་པོ།:སྐུ་མགྲོན་N63Ul8(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.