སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གསུམ་པ་དགེ་འདུན་པའི་སྡེ་ལ་ཡོད་དགོས་པའི་ཕུགས་འདུན། | 2016/12/12 8:57:00
གསུམ་པ། དགེ་འདུན་གྱི་སྡེ་ལ་ཡོད་དགོས་པའི་ཕུགས་འདུན། ལམ་ཞུགས་དགེ་འདུན་པ་ལ་མཚོན་ན། ལམ་ཞུགས་དགེ་འདུན་པ་ནི། ཁྱིམ་ལས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡིན་ཞིང་། དེ་ལ་དགོས་ཆེད་ཡང་། སྒོ་གསུམ་གྱི་མི་དགེའི་ཉེས་སྤྱོད་རྣམས་སྡོམ་ཞིང་། སྲུང་ཁྲིམས་རྩ་བ་དང་ཡན་ལག་གི་སྒོ་ནས། སྒྲིབ་པ་འདག་པར་བྱེད་ཅིང་། སྒྲིབ་པ་དག་ན་ཏིང་འཛིན་གསལ། ཏིང་འཛིན་གསལ་བའི་ཤེས་རབ་སྐྱེ། ཤེས་རབ་ཟབ་མོའི་ལས་འབྲས་དང་། བདག་མེད་སྟོང་ཉིད་ཀྱི་དོན་གཏན་ལ་འབེབས་ཅིང་། ང་བདག་འཁྲུལ་པའི་རྩ་བ་རྩད་ནས་བཅད་དེ། མཐར་ཐུག་གཏན་བདེར་འགོད་ནུས་པའི་ན་དགོས་ཆེད་ཆེའོ། ལར་དེང་དུས་དགེ་འདུན་པ་འགའ་ཞིག་གི འདོད་མོས་ལ་མཚོན་ནའང་། ལ་ལས་སྡོམ་པ་ཞུས་ཀྱང་། ཕུགས་འདུན་གྲོང་ཆོག་ལ་གཏད་ཅིང་། དེའི་ཆེད་དུ་འདོན་ཆ་ཁོ་ན་ལ་ཁ་བྱང་གཏོང་བ་ལས། གཞན་པའི་རིག་གནས་གང་ཡང་མི་བསླབས། དེ་ལ་བྱང་ཆ་ཐོན་པ་དང་། སྔོན་འགྲོ་བསག་སྦྱོང། དངོས་གཞི་སེམས་ཁྲིད། རྩ་རླངས་མུན་མཚམས་བཅས་ཐོན་ཐབས་བྱེད། དེ་གྲུབ་པ་དང་། དེ་ནས་ཆོ་གའི་འཕྲིན་ལས་གོ་རིམ་དང་། རྔ་རྡུང་རོལ་མོ་འབུད་བཀྲོལ་ཙམ་སྦྱང་རྗེས། མི་ཚེ་གཏོ་སྐུ་རིམ་ཁོ་ནར་དུས་འདའ་བ་རྣམས། གནས་སྐབས་འཇིག་རྟེན་པར་རྐྱེན་གེགས་སེལ་བ་དང་། ཕན་པ་སྒྲུབ་པས་ཞབས་ཞུ་རུ་ཆེ་ཞིང་། འཇིག་རྟེན་སྐྱེ་བོ་ཕོ་མོ་ལས། ཁྱད་དུ་འཕགས་ན་ཡང་། དེ་ཙམ་གྱིས་ཕྱི་མའི་དོན་ཆེན། རྒྱ་ཆེན་པོ་ཞིག་མི་འགྲུབ་པའི། ཐོས་པའི་མཐའ་རྒྱ་གཅོད་པ་དང་། ཐེ་ཚོམ་གྱི་སྒྲོ་འདོག་གཅོད་དེ་ཐར་པའི་གོ་འཕབས་སྒྲུབ་པ་ལ། ངེས་པར་དུ་བཤད་སྒྲུབ་སྒོམ་གསུམ། ཚད་ལྡན་གང་རུང་ཞིག་ཏུ་ཞུགས་དགོས་ཤིང་། མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་ལ། ལོ་ཡི་ཕྲེང་བ་བསྟར་ནས་སྦྱོང་བརྩོན་བྱེད་པ་ནི། ལམ་ཞུགས་དགེ་འདུན་པ་ལ་མཚོན་ན། ཆེའི་རིན་ཐང་ལྡན་ལ། མི་ཚེའི་ནང་རྒྱུད་དགོས་ངེས་ཀྱི་འགན་འཁྲི་ཞིག་ཏུ་ངེས། སྤྱིར་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ། འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་། ཟབ་དོན་ཀྱི་སྙིང་པོ་ལག་ཏུ་ལེན་ཞིང་། གོམ་པར་བྱེད་པ་ལ། སྐབས་བབ་ཀྱི་གཞུང་ལུགས་ཁག་ལ། ཐོས་པ་གྲངས་མང་ཞིང་མྱོང་བ་རྒྱ་ཆེར། དགོས་པ་ནི་སུས་ཀྱང་སྨོས་མེད་རེད། དེས་ན་བསླབ་གསུམ་གྱི་རྩ་བ་ཤིན་ཏུ་བརྟེན་ཞིང་། ཐོས་བསམ་ཤེས་བྱའི་ཡལ་འདབ་རབ་ཏུ་རྒྱས་པའི་མ་ཚད། ཕུགས་འདུན་ལེགས་གྲུབ་ཀྱི་འབྲས་བུ། གཡུར་དུ་ཟ་བའི་རབ་འབྱམས། དགེ་བའི་བཤེས་གཉེན་རྣམས་དང་། བསྙེན་སྒྲུབ་ཀྱི་རྫོང་མཁར་རྩིག་ཅིང་། ལྟ་སྒོམ་ཀྱི་གོ་ཆ་བགོས་ནས འཁོར་བའི་གཡུལ་ལས་རྒྱལ་བའི། གཤེན་གྱི་སྒོམ་སྒྲུབ་སློབ་ཐོན་པ་རྣམས་ནི།། ཐོག་མར་མཚན་ལྡན་དཔོན་གསས་ལ། བསྟེན་ཏེ་ཐུགས་ཟིན་པར་མཛད། དེ་ལས་བཀའ་དྲིན་སྐྱོང་བས། རིག་པའི་གནས་དང་མདོ་སྔགས་བླ་མེད་ཀྱི་གཞུང་ལ། ལོ་མང་རིང་དཀའ་བ་ཁྱད་དུ་བསད་ཅིང་། ངལ་བ་དང་དུ་བླང་། ཉན་བསམ་ཚུལ་བཞིན་མཛད་དེ། བདར་ཤ་ཞིབ་མོར་བཅད། དཔོན་གསས་བླ་མའི་ཐུགས་བཅུད་ལོན་པར་མཛད་པའི། ཕལ་དང་ཕལ་གྱི་འགྲན་ཟླ་བྲལ་ཞིང་། བསྟོད་པའི་གནས་དང་བཀུར་བའི་ཞིང་དུ་གྱུར་པ་ཡིན་ཏེ། མཁས་པའི་གཙུག་རྒྱན་མཉམ་མེད་པས། དགག་སྒྲུབ་ཚུལ་ལ་མཁས་པ་ཡི། སྐྱེས་བུ་དེ་ནི་བསྟོད་འོས་ཏེ། བདེ་ཆེན་ལམ་སྟོན་སངས་རྒྱས་ཀྱི། བསྟན་པ་འདི་ཡིས་འཛིན་པར་འགྱུར། ཞེས་པའི་ལུང་གིས་བསྔགས་འོས་ཀྱི་གནས་སུ་གྱུར་པའོ། དེ་ལྟར་གྲུབ་མཐའི་རྣམ་བཞག་ལེགས་པར་ཕྱེད་ཅིང་། བློ་གྲོས་ཀྱི་སྣང་བ་རྒྱས་པ་དང་། ཐར་པ་སྒྲུབ་པའི་ཐབས་ཕྱིན་ཅི་མ་ལོག་པའི། གནད་རྣམས་མ་རྨོང་པར་མཁྱེན་པ་ནི། སངས་རྒྱས་ཀྱི་བསྟན་པ་འཛིན་པས། སྐྱེས་བུ་དམ་པ་དངོས་ཡིན་ནོ། དེ་ཡང་བཤད་སྒྲུབ་སྒོམ་གསུམ་ལས། སློབ་མཐར་ཕྱིན་པ་ཙམ་གྱི། བློ་ཡིད་ཚིམ་ནས་མ་བསྡད་པར། ལུས་ངག་གི་སྤྱོད་ལམ་རྣམ་པར་དག་པའི། གཞན་དངས་བ་འདྲེན་ཞིང་འཆད་རྩོད་ཀྱི་ལས་སུ་ཞུགས་ཏེ། རྒན་དར་གཞོན་བྱིས་ཕོ་མོ་རིས་མེད་ལ། སློབ་གསོའི་བྱ་བ་གཉེར་ནས། ཕོ་མོ་རིས་མེད་ཀྱི་རྒན་དར་གཞོན་བྱིས་གང་མང་། ཀ་ཁ་ནས་འགོ་གཙུག་སྟེ། སློབ་གསོ་སྤྲད་དེ། བློ་སྣ་བོན་ལ་བསྒྱུར་ཞིང་བོན་སྒོར་བཅུག་ནས། འགྲོ་བ་རྣམས་ཡང་དག་ཐར་ལམ་ལ་འགོད་དགོས་ཤིང་། ཡང་ན་ཕྱོགས་མཐའི་བོན་མ་དར་བའི་ས་ཆར། བོན་བསྟན་དར་རྒྱས་གཏོང་དགོས། ཡང་ན་རྩོམ་རིག་གི་ལས་སུ་ཞུགས་ཏེ། མདོ་འབུམ་རྒྱུད་མཛོད་སོགས། བཀའ་དང་བཀའ་བརྟེན་རྣམས་ལ་འགྲེལ་དང་། ཏི་ཀ་བརྩམ་ནས་གསལ་ཁ་གཏོད་དགོས། ཡང་ན་རིག་པའི་གནས་བཅུ་དང་། ཐེག་པ་རིམ་དགུ་སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ་སོགས་ལས། སྣ་རེ་ལ་མཁས་པ་ཕུལ་དུ་ཕྱིན་པ་བསླབས་ནས། རིགས་གཅིག་གི་མཁས་ལྟ་བུ། བོན་སྣ་རེ་ཞིབ་ཅིང་ཕྲ་བ་འགྲོ་བ་འདོམས་པའམ། ཡང་ན་ཞང་སྐད་ལྟ་བུ་སྒྲ་སྐད་ལ་ཉམས་ཞིབ་བྱེད་དེ། གནའ་བོའི་བོད་ཡིག་བོད་སྐད་ལ་རྒྱུས་ལོན་བྱེད་དགོས། ཡང་ན་ལོ་རྒྱུས་ལ་ཉམས་ཞིབ་དང་ཞིབ་དཔྱད་བྱེད་དེ། ལོ་རྒྱས་བག་ལ་ཞ་བ་རྣམས་ཁ་གསལ་གཏོང་བ་སོགས། མདོར་ན་དོན་སྣ་རེའི་ཐོག་ནས། མཁས་པའི་ཡངས་རྩེར་འཛེགས་ཐུབ་པསམབརྩོན་ལེན་བྱེད་པའམ། ཡང་ན་བསྙེན་སྒྲུབ་ཀྱི་སྒོ་རུ་ཞུགས་ཏེ། ཡི་དམ་ལྷ་ཞལ་མཇལ་ནས་གྲུབ་པའི། རྟགས་མཚན་ཐོན་པ་བྱེད་དགོས། ཡང་ན་སྒོམ་པའི་སྒོ་རུ་ཞུགས་ཏེ། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་སྒྲུབ་ནས། སྣང་ལུས་སེམས་གསུམ་འཇའ་ལུས་འོད་སྐུར། གཤེགས་ཐུབ་པར་བྱེད་པ་སོགས། མདོར་ན་བཤད་སྒྲུབ་སྒོམ་གསུམ་ལས། སློབ་ཐོན་བྱས་པས་དོད་པོ། དཀོར་ཁེ་གྲགས་དང་ཐོབ་གོ་ས། མིང་མགོ་རྣ་ཙམ་ལ་མ་ཞེན་པར། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གང་ཐད་ནས། གཞན་ལས་འབུར་དུ་ཐོན་པ་ཞིག་བྱེད་དགོས་ཏེ། འཆད་རྩོད་རྩོམ་གསུམ་དང་། བསྙེན་སྒྲུབ་སྒོམ་པ། འཛིན་སྐྱོང་སྤེལ་བ་སོགས། གཟེངས་སུ་ཐོན་པའི་མཛད་པ། རྗེས་བཞག་གི་ཆེད་དུ། མི་ཚེའི་རིང་འབད་བརྩོན་བྱེད་མཁན་ནི། ཆེས་བླ་ན་མེད་པའི་འཚོ་གནས་ཀྱི་སྙིང་པོ་ལོན་པ་ཡིན་ལ། ཆེས་བླ་ན་མེད་པའི་མི་ཚེའི་རིན་ཐང་ལྡན་པའི་མ་ཚད། ཆེས་བླ་ན་མེད་པའི་ཕུགས་འདུན་དམིགས་ཡུལ་ཡང་འགྲུབ་པ་ཡིན་ནོ། 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.