སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གཟི་ཀིས་རི་ཁྲོད་ཀྱི་མཁན་རབས་གསུམ་གྱི་རྣམ་ཐར། | 2016/12/11 15:50:00
གཟི་ཀིས་བདེ་ལྡན་སྨིན་གྲོལ་རི་ཁྲོད་འདི་ཐོག་མར་ཕྱག་འདེབས་པ་པོ། མཁན་རབས་དང་པོ་འཇའ་ལུས་ཉེར་ལྔའི་ནང་ཚན་ཚུལ་ཁྲིམས་ཕུད་ཚོགས་མཆོག་གི་རྣམ་ཐར་མདོར་བསྡུས་ནི། ནག་རུ་ལྷ་མཐོང་མཁར་པ་ཚང་ཞེས་སྐུ་འཁྲུངས། ཆུང་ནས་སྐྱེས་ ཐོབ་ཤེས་རབ་ལྡན་ཞིང་འབྲི་ཀློག་སོགས་མཁས་པར་སྦྱོང་ དེ་ནས་ཤར་རྫ་རིན་པོ་ཆེའི་མདུན་བཅར་ནས་ཁྲིད་ལུང་དབང་གསུམ་ཞུས་ཏེ་ཐོས་བསམ་སྒོམ་སྒྲུབ་དང་ཉམས་ལེན་གནང་ དེ་མཚམས་ཁྱུང་ཡུལ་དུ་ཡར་ཕེབས་ནས་ཚེ་འབུམ་རྫོང་ཁྲོད་དུ། མཚམས་ཁང་བརྩིགས་ནས་ལོ་དྲུག་ལྷག་བཞུགས་ཏེ་ཉམས་ལེན་མཛད། དེ་ནས་རྩེ་དྲུག་དགོན་པས་རྩེ་དྲུག་ཏུ་མར་བྱོན་ནས་སྒྲུ་གྲྭ་འཛུགས་རོགས་ཞུས་པ་བཞིན་ རྩེ་དྲུག་ཏུ་སྒྲུབ་གྲྭའི་མཁན་པོ་མཛད་དེ་ ལོ་གསུམ་ལྷག་ལ་བཞུགས་ནས་བོན་འཁོར་བསྐོར་དེ་མཚམས་རྩེ་དྲུག་ཏུ་ཉིད་ཀྱི་ སློབ་བུ་བརྩོན་འགྲུས་རྒྱལ་མཚན་མཆོག་སྒྲུབ་གྲྭའི་མཁན་པོར་བསྐོས་ནས་ མཁར་པ་ཚུལ་ཁྲིམས་ཕུད་ཚོགས་མཆོག་ཡབ་ཡུལ་ནག་རུ་ལ་་ཕེབས་དེ་ནས་སྔར་ཤར་རྫ་རིན་པོ་ཆེ་ བཀྲ་ཤིས་རྒྱལ་མཚན་མཆོག་གི་ནག་རུ་ལ་སྒྲུབ་གྲྭ་ཞིག་ གཙུག་དགོས་པས་བཀའ་སློབ་གནང་བ་སྒང་སྒང་ལ་ཁའི་གཟི་ཀིས་ལ་འཛུགས་དགོས་ དགོངས་ནས་གནས་མཆོག་དབལ་མོ་འབྲོང་རིའི་ཤར་དུ་གཟི་ཀིས་བདེ་ལྡན་སྨིན་གྲོལ་རི་ཁྲོད་ ཅེས་པ་ཕྱག་བཏབ་ནས་ལོ་བདུན་བརྒྱད་ཙམ་བཞུགས་ཏེ་ཕྱོགས་ཐ་གྲུ་ནས་འདུས་པའི་སློབ་མ་རྣམས་ལ་ འཆད་ཉན་སྒོམ་སྒྲུབ་གྱི་སྲོལ་གཙུག་ནས་སྨིན་གྲོལ་དོན་ལྡན་མཛད་དོ། དེ་རྗེས་ཁྱུང་ནག་དགོན་པའི་དགོན་བདག་བླ་མ་མཐའ་ཞུ་གྲགས་སྡིས་མཆོག་གིས་ ནག་རུའི་སྡེ་དཔོན་རྣམས་དང་གྲོས་བྱས་ནས་ཚུལ་ཁྲིམས་ཕུན་ཚོགས་མཆོག་ ནག་རུ་དགོན་དུ་མར་བཞུགས་རོག་ཞུས་པ་དང་ཤར་རྫའི་རྒྱལ་ཚབ་བློ་གྲོས་རྒྱལ་མཚན་མཆོག་ ཁྱུང་ཡུལ་ནག་རུ་དགོན་དུ་ཕེབས་པ་སྐབས་འཁེལ་བའི། ཤར་རྫའི་རྒྱལ་ཚབ་བློ་གྲོས་རྒྱལ་མཚན་མཆོག་གི་ནག་རུ་དགོན་ ཁྱུང་ནག་བསམ་གགཏན་གླིང་དུ་སྒྲུབ་གྲྭ་དབུ་འཛུགས་མཛད་པ་དང་ ཚུལ་ཁྲིམས་ཕུན་ཚོགས་མཆོག་སྒྲུབ་གྲྭའི་མཁན་པོར་མངའ་གསོལ། གཡུང་དྲུང་བསམ་གཏན་གླིང་དུ་སྤྱི་ལོ་༡༩༥༧མེ་བྱ་ལོར་གྲྭ་བཙུན་ལྔ་ཙམ་ཡོད་པའི་སྒྲུབ་གྲྭ་ཞིག་དབུ་ཚུགས། སྤྱི་ལོ་༡༩༥༨ ས་ཁྱི་ལོར་མཁན་པོ་སྟོད་ཧོར་ཕྱོགས་སུ་གདུལ་བྱར་བྱོན། སྤྱི་ལོ་༡༩༥༩ ས་ཕག་ལོར་བོད་ཟླ་༨པར་སྐུ་གཤེགས་སོ་རི་ཁྲོད་འདིའང་རིག་གསར་སྐབས་རྩ་གཏོར་སོང་། དེ་རྗེས་གཟི་ཀིས་རི་ཁྲོད་བསྐྱར་གསོ་མཛད་མཁན། མཁན་རབས་གཉིས་པ། མཐའ་ཞུ་ཚུལ་ཁྲིམས་ཡེ་ཤེས་ཀྱི་རྣམ་ཐར་བཞུགས། ཡབ་མཐའ་ཞུ་པད་མ་ཀུན་ལེགས་དང་ཡུམ་ཟན་བཟའ་ ཨ་ཉོག་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་མེ་ཕོ་རྟ་༼༡༩༦༦༽ལོར་ངོ་མཚར་དུ་མའི་ལྟས་དང་བཅས་སྐུ་ཡི་མཚན་དཔེ་བཞད། ཁོང་གཉིས་ལ་སྲས་གསུམ་འཁྲུངས་པ་ལས་ཆེ་བ་ཡིན། ཡབ་ཀྱིས་མཚན་གཡུང་དྲུང་རྒྱལ་མཚན་གསོལ། དགུང་ལོ་དྲུག་ནས་ཡབ་ཀྱིས་འབྲི་ཀློག་སོགས་ལེགས་པར་བསླབས། དགུང་ལོ་བརྒྱད་དགུ་ཙམ་ནས་རུ་ཁག་གི་ནོར་རྫིར་འགྲོ་ཞོར་ངན་སོང་སྒོ་གཅོད་ཚར་བརྒྱ་ཕྲག་དུ་མ་བཏོན་པ་ཡིན་གསུངས། གཉིས་པ།ཆུང་ནས་ཞི་ཞིང་དུལ་ལ་ངང་རྒྱུད་རིང་བ་བོན་དང་བླ་མ་ལ་ཤིན་ཏུ་མོས་པ།ཀུན་ལ་ཕན་སེམས་ཆེ་ཞིང་ སྙིང་རྗེ་ལྡན་པས་མ་ནུས་ཉམ་ཐག་ལ་ཅི་ཕན་བྱེད་པའི་འཇིག་རྟེན་བྱ་བ་དང་ཡོ་བྱད་ཟས་ནོར་ལ་ཆགས་ཞེན་དང་བདག་འཛིན་ཤིན་ཏུ་ཆུང་བ་ དགྲ་གཉེན་བློ་དང་བྲལ་ཞིང༌།སྤྱོད་ཚུལ་བོན་དང་མཐུན་པ།དད་པ་དང་སྙིང་རྗེ་སོགས་དམ་པའི་རིགས་སད་པའི་ཚུལ་ནི་གསེར་ས་འོག་ཏུ་གནས་ཀྱང་ འོད་ནམ་མཁར་ཁྱབ་བ་ལྟར་འཇིག་རྟེན་འདིར་ཆེད་དུ་ངོམ་པ་བཞིན་དུ་གྱུར་ཏོ། དགུང་ལོ་བཅུ་བཞི་སྐབས་གནས་ཆེན་ཀོང་པོ་བོན་རིར་ སྐོར་བ་བཅུ་གསུམ་ཕུལ་རྗེས་རང་ཡུལ་དུ་ཚུར་ཕེབས་ཏེ་འཇའ་ལུས་པ་གཙུག་ཕུད་འོད་གསལ་གྱི་མདུན་ནས་ སྔོན་འགྲོའི་ཁྲིད་རིམ་བཀའ་ལུང་རྒྱ་མཚོ་ཚར་གཅིག་གསན། །དེ་སྔོན་འགྲོ་འབུམ་དགུ་འགྲོ་ངེས་སུ་བསགས་སྦྱངས་ཡང་དག་མཛད། དེ་ནས་འཁོར་བ་དུག་གི་འདམ་རྫབ། དགྲ་གཉེན་བདུད་ཀྱི་བསླུ་བྲིད།རྒྱུ་ནོར་རྩྭ་འགོའི་ཟིལ་པར་མཐོང་ནས་ཕ་མ་སྤུན་མཆེད་ལ་གནང་བ་ཞུས་ཏེ།རྩེ་དྲུག་དྲི་མེད་ཤེལ་བྲག་གླིང་དུ་ ངང་པ་པད་མཚོར་འཇུག་པ་བཞིན་དགའ་དད་སྤྲོ་གསུམ་གྱི་ངང་ནས་འབྱོར་ཏེ་རྩ་བླ་རིན་ཆེན་རྒྱལ་མཚན་མདུན་རབ་ཏུ་བྱུང་ནས་ མཚན་ཚུལ་ཁྲིམས་ཡེ་ཤེས་སུ་གསོལ།སླར་ཡང་སྔོན་འགྲོའི་ཁྲིད་རིམ་ཞུས་ཏེ་འབུམ་དགུ་བསགས་སྦྱང་འགྲོ་ངེས་དང་འཕོ་བ་སེམས་ཁྲིད་ འཁོར་འདས་རུ་ཤན་བཅས་ལ་ཉམས་ལེན་ཚུལ་བཞིན་གནང༌།རྩེ་དྲུག་ཏུ་བཞུགས་རིང་སྔ་ཕྱིར་ཁྲ་དགོན་མཁན་པོ་སྐལ་བཟང་གཡུང་དྲུང་དང༌། ཁྱུང་ནག་མཁན་པོ་བོན་དབྱིངས་རང་གྲོལ། རྩེ་དྲུག་མཁན་པོ་གཙུག་ཕུད་ཚུལ་ཁྲིམས། རི་ཁྲོད་བླ་མ་གཡུང་དྲུང་རྒྱལ་མཚན། འཇའ་ལུས་པ་གཙུག་ཕུད་འོད་གསལ། རྣལ་འབྱོར་ཡེ་ཤེས་རྒྱལ་མཚན་སོགས་མཉེས་པ་གསུམ་གྱིས། གཙུག་ཏུ་བསྟེན་ནས་མདོ་སྔགས་སེམས་གསུམ་གྱི། དབང་ལུང་ཁྲིད་གདམས་མཐའ་ཡས་པ་གསན་བསམ་མཛད།དེ་ནས་རྩེ་དགོན་སྒྲུབ་གྲྭར་ཞུགས་ཏེ་བཀའ་ལུང་རྒྱ་མཚོ་དང་སྡེ་སྣོད་མཛོད་སོགས་ཤར་རྫའི་མཛོད་ཆེན་སྐོར་དང༌།ཡང་རྩེ་ཀློང་ཆེན། བཀའ་རྒྱུད་སྐོར་བཞི་སོགས་ལ་ཐོས་བསམ་དང༌།སྔོན་འགྲོ་བསགས་སྦྱངས་ཕྱི་ནང་འཁོར་འདས་རུ་ཤན།རྩ་རླུང༌།མུན་མཚམས།ཐོད་བརྒལ་སོགས་ཐར་ལམ་སྡེ་དྲུག་ལ་ ཉམས་ལེན་མཛད་བཞིན་བཞུགས། རྩ་རླུང་གྲོལ་མཚམས་ཀོང་པོ་བོན་རི་དང༌།གཤེན་ཚང༌།བོན་གྱི་གདན་ས་གསུམ་སོགས་སུ་གནས་སྐོར་དང་མཆོད་ མཇལ་མཛད། སྨན་རིར་ཟླ་ཤས་བཞུགས་རིང་ཁྲིད་ལུང་ཁ་ཤས་དང་རྩིས་བཅས་སྦྱངས།དེ་ནས་རིམ་གྱིས་ཧོར་ཡུལ་གྱི་རྟོགས་ལྡན་རྣམས་མཇལ་ཏེ།རག་ ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་གི་མདུན་ནས་རིག་འཛིན་འདུས་པ་དང་ཕ་རྒྱུད་རིག་པ་ཁུ་བྱུག་གི་དབང༌། མ་རྒྱུད་ཀྱི་དབང་བཞི། མཁའ་འགྲོ་གསང་གཅོད་ཀྱི་དབང་སོགས་དང༌། ཁ་བོ་རྟོགས་ལྡན་ཤེས་རབ་ཕུན་ཚོགས་ཀྱི་མདུན་ནས་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་ལུང༌། བེ་རུ་རྟོགས་ལྡན་ཚུལ་ཁྲིམས་དགའ་བའི་མདུན་ནས་སྙན་རྒྱུད་སྐྱ་གུ་སྨུག་གུ།བྲུ་རྒྱལ་བའི་ཨ་ཁྲིད་སོགས་ཀྱི་དབང་ལུང་ཁྲིད་གདམས་དུ་མ་གསན་ཞིང་ ཉམས་ལེན་གྱི་དཀའ་གནད་དུ་མར་བཀའ་འདྲི་དང་གསུང་གླེང་ཡང་ཞུས།དེའི་སྐབས་རང་དགོན་རྩེ་དྲུག་ཏུ་ལུང་དཀར་དཔོན་སློབ་དྲང་སྲོང་ཚུལ་ ཁྲིམས་རྣམ་དག་༼དྲང་སྲོང་གཡུང་དྲུང་༽གདན་དྲངས་ཏེ། མཚན་ཉིད་བཤད་གྲྭ་ཚུགས་པའི་སྙན་པ་ཐོས་པས། ཚིག་གི་སྒྲོ་འདོགས་ཆོད་པ་དང༌། ཐོས་བསམ་གྱི་མཐའ་རྒྱ་ཆོད་པ་ལ་མཚན་ཉིད་མ་སྦྱང་ན་ཐབས་མི་འདུག་དགོངས་ཏེ། མྱུར་བར་རང་ཡུལ་དུ་འབྱོར་ཐབས་མཛད་པས། མཚན་ཉིད་བཤད་གྲྭར་ཞུགས་རྒྱུའི་གོ་སྐབས་ཐོབ། ལོ་ཟླ་མང་པོར་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས། བརྩོན་པ་བརྒྱ་ཕྲག་དུ་མ་མཛད་ནས་བཅུ་ཕྲག་རིག་པའི་གནས་དང༌།སྒོ་བཞི་མཛོད་ལྔའི་སྙིང་པོ་མདོ་སྔགས་བླ་མེད་ཀྱི་གཞུང་ལུགས་རྒྱ་མཚོ་ཆེན་པོ་ལ་ ཐོས་བརྩོན་གྱི་གྲུ་བོས་ལེགས་པར་བརྒལ་ནས་ངེས་ལེགས་ཀྱི་ཕ་ནོར་ལ་ལོངས་སུ་སྤྱོད་པར་མཛད་དོ། །རྗེ་བླ་མ་ཉིད་སྦྱང་བརྩོན་དང་ཀུན་གཞི་ཡ་རབས་སྤྱོད་ཚུལ་བཅས། ཤིན་ཏུ་ལེགས་པའི་བླ་སློབ་ཀུན་གྱིས་ཚད་མར་འཛིན་པར་གྲགས་ཤིང༌།མཆེད་གྲོགས་ཀྱི་གསུང་ལས།མཐའ་ཞུ་བླ་མ་ཚུལ་ཁྲིམས་ཡེ་ཤེས་མཆོག །ཡོན་ཏན་ཆ་ནས་གཞན་ལས་མི་དམན་ཀྱང༌། །མཁས་པའི་ང་རྒྱལ་ཆེ་ཚུལ་ཁེངས་དྲེགས་དང༌། །གྲུབ་པའི་ཐོ་ཅོའི་རིགས་ནི་དྲི་ཙམ་དབེན། །བླ་མར་ཅི་སྨྲོས་འཛིན་གྲྭའི་གྲོགས་མཆེད་ཀུན། །གོང་དུ་བཀུར་ནས་ཕན་ཚུན་མཐུན་ཐབས་ལས། །རྐུ་རྫུན་དབྱེན་དང་ཚིག་རྩུབ་བརྡུང་འཕྲོག་སོགས། །མཐོ་དམན་སུ་དང་གང་ལའང་མཛད་མྱོང་མེད། །གཟུ་བོར་གནས་པའི་འདུས་སྡེ་རྒྱ་མཚོའི་དབུས། །ཡ་རབས་དམ་པའི་རང་གཤིས་ཆེས་ཆེར་མངོན། །མཐོ་ལ་ངོ་བསྟོད་དམན་ལ་བརྙས་བཞག་རིགས། །ནམ་ཡང་མི་མཛད་ཐ་ན་སྐད་ཆ་ཚུན། དྲང་པོར་སྩོལ་བས་ཀུན་གྱིས་མངོན་པར་བསྟོད། །ཇི་སྐད་ཤར་རྫའི་འཇའ་ལུས་གསུང་འབུམ་ལས། །འགྲོ་བ་གང་ཞིག་ཕ་མར་ཤེས་ནས་ནི། །ཉམ་ཐག་མཐོང་ཚེ་མིག་སྒོར་མཆིལ་མའི་གང༌། །གང་ལའང་མི་འཚེ་ཁྲོ་བའང་གཏན་ནས་བྲལ། །རང་ཉིད་གཅེས་འཛིན་དགྲ་ཡི་ཕྱོགས་སུ་བཞག །མི་འདོད་གང་བྱུང་དགའ་སྤྲོའི་དང་དུ་ལེན། །རྟག་ཏུ་བྱམས་དང་སྙིང་རྗེའི་རྒྱུད་བརླན་པའི། །གང་ཟག་དེ་འདྲར་ལྷ་མིས་ཕྱག་བྱར་འོས།།ཞེས་གསུངས་ཚུལ་ཡེ་མཆོག་ལ་ཚད་མར་ལྡན།ཞེས་པ་སོགས་མང་ངོ་། ༡༩༩༢ ཧོར་ཡེ་སྟོད་ལུང་དཀར་དགོན་དུ་ ྋསྐྱབས་རྗེ་ྋཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ། ཆིབས་བསྒྱུར་གནང་སྐབས་མཚན་ཉིད་དཔོན་སློབ་དྲང་སྲོང་གཡུང་དྲུང་སོགས་མཁན་པོ་དང་སློབ་དཔོན་དཔང་པོ་ལོ་ཙཱ་བ་བཅས་ཚུལ་བཞིན་ལྡན་པའི་མདུན་ནས་ ཐེག་པ་ཆེན་པོ་སོ་ཐར་གྱི་ཁྲིམས་ཉིས་བརྒྱ་ལྔ་བཅུ་བཞེས་ཏེ།མཚན་ཚུལ་ཁྲིམས་ཡེ་ཤེས་རྒྱལ་མཚན་ཞེས་སུ་གསོལ།དེ་རྗེས་ཆུ་སྤྲེལ་ལོར་ལུང་དགོན་ ནས་མཚན་ཉིད་གྲོལ་ཏེ་མར་རྩེ་དྲུག་ཏུ་ཕེབས།རྩེ་དྲུག་ཏུ་བཞུགས་རིང་སྔ་རྗེས་སུ་ྋསྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ ་མཆོག་དང༌། ཞྭ་དཀར་བསྟན་པའི་བདག་ཉིད་ྋསྐྱབས་རྗེའི་སྨན་རིའི་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་རྣམ་གཉིས་ཁྱུང་ཡུལ་དུ་ཆིབས་བསྒྱུར་གནང་སྐབས་ སྡེ་དགོན་གར་ཕེབས་ཀྱི་རྗེས་སུ་འབྲངས་ཏེ། ཐེག་འགྲེལ་དང་གསང་སྔགས་རྣམ་བཤད་སོགས་ཀྱི་ཁྲིད་དང༌། ཚེ་དབང་བོད་ཡུལ་མ་དང༌། མེ་རི། ལྷ་རྒོད་སོགས་ཀྱི་དབང་ལུང་བཅས་ཕྱི་ནང་གསང་བའི་དབང་ལུང་ཁྲིད་གདམས་གང་གནང་རྣམས་གསན་པར་མཛད།དེ་ནས་ཁྱུང་ནག་བསམ་གཏན་གླིང་དུ་ཟླ་ ཤས་རིང་བཞུགས་ཏེ།མཁན་པོ་བོན་དབྱིངས་རང་གྲོལ་གྱི་མདུན་ནས་དབྱིངས་རིག་མཛོད་ཀྱི་ཁྲིད་རྒྱས་པར་གསན་ནས་ཉམས་བཞེས་སྦྲག་མ་མཛད། རྫོགས་ཆེན་སྐུ་གསུམ་རང་ཤར་དང༌།བདེར་འདུས་ཀྱི་དབང་གཞི་ཐེངས་གསུམ་དང༌། ཀུན་བཟང་སྙིང་ཐིག་ཀྱི་ཉམས་ཁྲིད་བཅས་གསན་པར་གནང་སྟེ། མུན་མཚམས་ཞེ་དགུ་གཅིག་བཞུགས།དེ་ནས་སླར་ཡང་མཁས་བཞིའི་གབ་འགྲེལ་དང༌། བཀའ་རྒྱུད་སྐོར་བཞི་སོགས་བླ་མེད་རྫོགས་པ་ཆེན་པོའི་ཁྲིད་ལུང་མཐའ་ཡས་པ། གསན་བསམ་གནང་། དེ་རྗེས་སྟེང་ཆེན་དགོན་པའི་མཁན་པོ་རྒྱ་མཚོ་ནོར་བུ་དང་སློབ་དཔོན་རྒྱལ་བ་བསྟན་འཛིན་ རྣམ་གཉིས་ཀྱི་མདུན་ནས་བྱམས་མའི་དབང་གཞི་སོགས་དབང་ལུང་ཁྲིད་གསུམ་མང་པོ་གསན།སྔ་རྗེས་སུ་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་མཁས་ གྲུབ་གཉིས་ལྡན་གྱི།སྐྱེས་མཆོག་བཅུ་གཉིས་ཙམ་ལས་དབང་ལུང་ཁྲིད་གསུམ་མཐའ་ཡས་པ་ཞུས་པ་རྣམས་བརྗོད་ཀྱིས་མི་ལང་པས། རགས་ཙམ་ནི་ཟུར་གསལ་གསན་ཐོ་པོ་ཏི་ལས་ཤེས་པར་བྱའོ། །ཕན་བདེ་ཀུན་གྱི་འབྱུང་གནས་ནི་རྒྱལ་བའི་བསྟན་པ་ཡིན་ལ། དེ་ཉིད་ཡུན་རིང་དུ་གནས་པ་དང་སྤེལ་བའི་ཐབས་ནི་བཤད་སྒྲུབ་གཉིས་ལ་རག་ལས་པས། བཤད་སྒྲུབ་ཀྱི་བསྟན་པ་གང་ན་ཡོད་པ་དེར་རྒྱལ་བའི་བསྟན་པ་རིན'་ཆེ་བཞུགས་པ་ཡིན་པས།དེའི་ཚུལ་ལ་དགོངས་ནས་སྐུ་ངལ་ལ་མ་ལྟོས་པར་བསྟན་'པ་ལ་ གཅིག་ཏུ་སྨན་པའི་ཐུགས་བཞེད་ཁོ་ནའི་ཕྱོགས་ཀྱི་དད་འདུན་བྱུང་རིགས་ཀུན་ལ་ཐོག་མར་སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་འཆད་ཉན་ལ་རྩལ་འདོན་མཛད་ ནས་སློབ་གཉེར་གྱི་སྒོར་བཅུག་ནས་བསགས་སྦྱོངས་ཀྱི་རྒྱུན་སྤེལ།དེ་ནས་འཕོ་བ་བཅས་གནང༌།དེ་ནས་དངོས་གཞི་སྐུ་གསུམ་རང་ཤར་ལྟར་སེམས་ཁྲིད་དང་། ཕྱི་ནང་འཁོར་འདས་རུ་ཤན་བཅས་ཞག་བརྒྱ་ལ་ཉམས་སུ་ལེན་པར་བཅོལ། དེ་ནས་རྩ་རླུང་ཐོད་བརྒལ་སོགས་ཀྱི་གདམས་ཁྲིད་གནང་ནས་མཐར་སྡེ་སྣོད་མཛོད་དང༌། དབྱིངས་རིག་མཛོད། ཀུན་བཟང་སྙིང་ཐིག ཚེ་དབང་བོད་ཡུལ་མ། ཡོངས་རྩེ་ཀློང་ཆེན་སོགས་བཤད་རྒྱུན་བསྐྱངས་པའི་གྲུབ་མཐའ་རྐང་ཚུགས་པའི་སློབ་གཉེར་བ་མང་པོ་བསྐྱངས་བ་དང༌། ཉམས་ཁྲིད་སོགས་ཁྲིད་རྒྱུན་རིགས་ཇི་སྙེད་པའི་རྒྱུན་སྤེལ་བའི་སྒྲུབ་རྒྱུད་ཀྱི་བསྟན་པའི་རྐང་འཛིན་པའང་མང་དུ་བྱུང་བ་ལས་ལམ་ལྷ་དགོན་པའི་ རྟོགས་ལྡན་ཚུལ་ཁྲིམས་གཙུག་ཕུད་དང༌། ལུང་དཀར་དགོན་པའི་རྣལ་འབྱོར་བློ་གྲོས་ཡེ་ཤེས། ཀོ་དགོན་རྣལ་འབྱོར་ཚུལ་ཁྲིམས་བསྟན་འཛིན། རྟོགས་ལྡན་ཚུལ་ཁྲིམས་མཐར་ཕྱིན། རྟོགས་ལྡན་གཡུང་དྲུང་ཟླ་བ། རྟོགས་ལྡན་ཤེས་རབ་ཚུལ་ཁྲིམས། རྗེ་བླ་མ་ཉིད་ཀྱི་སྐུ་ཚ་ཉི་མ་འོད་ཟེར། དཔལ་མཆོག་མི་ནུབ་རྒྱལ་མཚན། ཁུ་བོ་བྱང་ཆུབ་རྒྱལ་མཚན། གྲྭ་བཙུན་ཚུལ་ཁྲིམས་འགྱུར་མེད། རྟོགས་ལྡན་ཨ་འཚོ་རྣམ་རྒྱལ། ཚུལ་ཁྲིམས་བློ་ལྡན། བསྟན་འཛིན་ཚུལ་ཁྲིམས། ཚུལ་ཁྲིམས་མཆོག་ལྡན། ཚུལ་ཁྲིམས་དབང་གྲགས། དྭང་ར་བ་གཡུང་དྲུང་འོད་ཟེར། བརྩོན་འགྲུས་གཙོ་མཆོགཚུལ་ཁྲིམས་དགེ་ལེགས།གཙུག་གསས་ཀུན་འཕེལ་སོགས་དང༌།གཅུང་པོ་འོད་ཟེར་མཐར་རྒྱས་རང་བཅས་ཕྱིན་དྲུག་བསྡུ་བཞིའི་སྒོ་ནས་སྨིན་གྲོལ་མཛད་པའོ། །མཆོག་དང་བར་མ་དང་དམན་པའི་གདུལ་བྱ་རྣམས་ལ་ནམ་ཡང་སྐུ་ངལ་ལ་མི་གཟིགས་ཤིང་སྤྱོད་དུབ་མེད་པར་མདོ་སྔགས་རྫོགས་ཆེན་དང་འབྲེལ་བའི་ བཤད་པ་དང་བཀའ་དབང་རྗེས་གནང་ཁྲིད་རིམ་བཀླག་ལུང་ཡན་ཆད་སོ་སོའི་མོས་ཁམས་དང་མཐུན་པར་ཕྱོགས་དང་རིས་སུ་མེད་པར་བོན་སྦྱིན་གནང༌། རྗེ་ཉིད་ཀྱིས་བརྩམས་པའི་བཀའ་བརྟེན་ལའང་དེང་སྐབས་དཔར་བའི་བཀའ་འགྱུར་དང༌། བརྟེན་འགྱུར་གྱི་རྩིས་རྒྱའམ་དཀར་ཆག་དང༌། ལུགས་གཉིས་ཀྱི་བསླབ་བྱ་རྒྱས་བསྡུས། ཀ་རྩོམ། ཉམས་མགུར། བླ་བསྟོད། སྲུང་མའི་བསྐང་གསོལ། འདུར་གྱི་ཁྲིད་ཡིག་སྲིད་གཤེན་ཐེག་པ་གསལ་བའི་སྒྲོན་མེ་སོགས་མང་ངོ༌། ། ཤར་རྫ་འཇའ་ལུས་པའི་ཞལ་ནས།ཀྱེ་མ་སྙིགས་མའི་འགྲོ་རྣམས་བསོད་ནམས་དམན། །ཆེ་ཐབས་ཚུལ་ཆོས་མཁན་ལ་བཟང་པོར་བརྩི། །དཀོར་ནག་གསོག་འཇོག་མཁན་གྱི་བླ་གཟུགས་རྣམས། །ཐོས་བསམ་སྒོམ་པ་འཇིག་རྟེན་བོན་ལ་མཛད། །དོན་གཉེར་བརྩོན་འགྲུས་རྒྱུ་མའི་ནོར་ལ་བྱེད། །དེང་དུས་ངང་ཚུལ་བསམ་ནས་སྐྱོ་བ་འཕེལ། །བསྟན་འཛིན་གཤེན་རྣམས་གྲོང་པའི་དཀོར་ལ་གཡེང༌། །བཤད་སྒྲུབ་བསྟན་པ་འཇའ་བཞིན་ཡལ་ཉེན་ཆེ། །ཀྱེ་ལགས་སྟོན་པའི་རྗེས་འཇུག་སྐྱེས་བུ་བསམ་ཡོད་རྣམས། །འདིར་སྣང་མི་རྟག་དར་ཙམ་མཁྱེན་ལགས་སམ། །ཕྱི་མའི་བྱང་ཆུབ་བསྒྲུབ་ལ་ནན་ཏན་མཛོད། །ཅེས་དང༌།དབྲ་སྲས་འཇའ་ལུས་པས། འོ་སྐོལ་མཁས་གྲུབ་བླ་མ་མང་པོ་ཞིག་མཇལ་ནས། སྨིན་གྲོལ་གདམས་ངག་བདུད་རྩི་ཟབ་རྒུ་ཐོབ་ཅིང༌། རང་གི་ཉམས་ལེན་ཞིག་ནུས་ན་རང་ལག་འདུག་ཀྱང༌། ད་རུང་གཡེང་བ་དང་གྲོང་ཆོག་ལ་རང་མགོ་འཁོར་བ། བློ་སྙིང་རྩ་བ་ནས་རུལ་བའི་ལྟས་ངན་རེད་འདུག བླ་མ་རྗེ་དང་ནི་མ་མཇལ་མི་ནག་སྐྱེ་བོ། ཚེ་འདི་ཁོ་ན་ལ་འཁྲུལ་བ་ཁག་མེད་རེད་མོད། འུ་ཅག་ཟབ་རྒྱས་ཀྱི་གདམས་ངག་ཡོད་རྒུ་ཞུས་ནས་དེ་དོན་ཚུལ་བཞིན་དུ་མི་བསྒོམ་མདོ་མེད་མ།ཞེས་གསུངས་པ་ ལྟར།མཁས་གྲུབ་གཉིས་ལྡན་གྱི་བླ་མ་བཅུ་གསུམ་དང་མཇལ་ནས།ཕྱི་ནང་གསང་བའི་ཐོས་བསམ་སྒོམ་པ་མཐའ་ཡས་པར་ཞུས་པའི་དོན་འབྲས་ཉམས་སུ་ལེན་ པར་དགོངས་ཏེ་དབེན་པའི་གནས་མཆོག་དབལ་མོ་འབྲོང་རིའི་སྒྲུབ་གནས་སུ་སྒྲུབ་ཁང་ཆུང་ངུ་སྤྱོད་ལམ་ཤོང་ཙམ་རྩིག་ནས་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་ ཉམས་ལེན་མཛད་ཅིང་བཞུགས་གནང་བ་ཡིན་ཏེ། དེ་ཡང་དང་པོ་ཕྱི་ནང་གི་སྔོན་འགྲོ་སཙྪ་ཆུ་གཏོར་མདོ་འབུམ་གཟུངས་གསུམ། ས་སྙིང་དང་འཁྲུག་བཅོས་བརྔན་བསང་ས་སློང་སོགས་མཛད། དེ་ནས་ཚེ་དབང་བོད་ཡུལ་མའི་སྒྲུབ་པ་ཟླ་བ་གསུམ། མན་ངག་དགོངས་གཅོད་རྣམ་གསུམ་ལྟར་དུས་དྲུག་ལུས་སྦྱིན་མཛད་དེ། གཉན་ཁྲོད་ཞག་བརྒྱ་འགྲིམ་པར་མཛད་ཅིང་། རྩེ་གཅིག་མ་ཡེངས་པར་བསྙེན་སྒྲུབ་དང་ཉམས་ལེན་གནང་གིན་བཞུགས་པའོ། །།ཇི་སྐད་དུ།རྙེད་དང་བཀུར་བསྟིའི་མི་སེམས་རི་ལ་བྲོས། །ཉིན་མཚན་ཀུན་ཏུ་སྒོམ་སྒྲུབ་བྲག་ནང་ཉལ། །ལྟོ་སྐྱ་གོས་ཧྲུལ་སྤྲང་པོ་ཡིས་ཀྱང་སྨད། །ཁྱེད་ཀྱི་རྣམ་ཐར་འཛིན་པ་ཉིན་སྐར་ཙམ། །ཞེས་པ་ལྟར་དེ་ཡང་ཚེ་འདིར་སྐྱོ་ཤས་དང་ངེས་འབྱུང་དྲག་པོ་སྐྱེས་ཤིང་ཕྱི་འཇིག་རྟེན་འདུ་འཛིའི་བྱ་བ་དང༌། ནང་རྣམ་རྟོག་གི་སྤྲོས་པ་རྒྱང་དུ་དོར་ནས། གཉེན་བཤེས་མཛའ་གྲོགས་ཟས་ནོར་ལོངས་སྤྱོད་སོགས། ཚེ་འདི་ཡི་བདེ་སྐྱིད་སྙན་གསུམ་གང་ལའང་མ་ཆགས་པར། སྲོག་འཚོ་ཙམ་གྱིས་ཟས་གོས་ངན་ངོན་ལ་བརྟེན་ནས།དབེན་པ་ལྔ་ལྡན་དུ་བྱར་མེད་སོས་དལ་གྱི་ངང་ནས་གུ་ཡངས་བློ་བདེའི་ངེས་གསང་སྙིང་པོའི་ཉམས་ལེན་ རྩེ་གཅིག་ཏུ་བརྩོན་པ་གནང་སྟེ།སྒྲུབ་རྒྱུད་གོང་མའི་ཕྱག་ལེན་བཞིན་གནང་བ་སྟེ།དེ་ཡང་མདོ་ལས།གསང་རྒྱུད་ཐེག་ཆེན་ལྟ་བའི་སྤྱི་ཁོག་ཕུབས། །ནང་རྒྱུད་གསང་སྔགས་སྒོམ་པའི་སྙིང་པོ་བཙལ། །ཕྱི་རྒྱུད་འདུལ་ཁྲིམས་སྤྱོད་པའི་ལ་དོར་བྱ། །དེ་གསུམ་ཟུང་འབྲེལ་བདག་གཞན་དོན་གཉིས་འགྲུབ། །ཅེས་གསུངས་པ་ལྟར།དང་པོ་ཕྱི་ཡི་སྤྱོད་པ་མདོ་འདུལ་བ་དང་མཐུན་པར་ཀུན་སྤྱོད་གཙང་ཞིང༌།མཐོང་ན་མི་མཐུན་པ་མེད་པའི་སྤྱོད་ལམ་སྤྱི་དང༌།ན་བཟའ་ཚུལ་ གོས་སོགས་བསླབ་པའི་གནས་ཕྲ་མོ་ལའང་ཡུལ་དུས་ཀྱི་རྐྱེན་དབང་གི མིག་ལྟོས་སུ་མ་སོང་བར་མཛད་པ་དང༌།མཚུངས་མེད་དམ་པ་ཡབ་སྲས་དང་རྗེ་བཙུན་ཤར་རྫ་བའི་བཀའ་སྲོལ་ཡང་དག་པར་དཀའ་སྤྱད་སྙིང་རུས་ཀྱི་སྒོ་ནས་བསྐྱེད་སྒོམ་གྱི་ཉམས་ལེན་སྨར་བ་དང༌། སྒོམ་རིམ་ལ་ངེས་ཤེས་འདྲོངས་པ་དང༌། སྒོམ་བཟླ་ཟུང་འཇུག་གི་སྒོ་ནས་སྔ་ཕྱི་རིམ་པར་ སྔོན་འགྲོ་འབུམ་དགུའི་བསགས་སྦྱོང་ཐེངས་དྲུག་ལྷག་ཙམ་འགྲོ་ངེས་སུ་གནང་ཁྱད་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་གཉིས་ལ་ཉམས་ལེན་གྱི་མཐིལ་བཅོལ་ནས་བློ་སྦྱོང་ཁོ་ན་ལ་རྩལ་འདོན་དུ་ གནང་བའི་བདག་འཛིན་དང་གཅེས་འཛིན་གྱི་སྙེམས་རྟོག་རྩད་ནས་ཆོད་པས་ང་ཁྱོད་ཀྱི་ཕྱོགས་ཞེན་གཏན་ནས་ཟད།སྟོང་ཉིད་དང་སྙིང་རྗེའི་བློ་གཏིང་ནས་འབྱོངས་ཏེ །རྐྱེན་ངན་ལམ་དུ་ཁྱེར་བའི་འབྲེལ་ཚད་དོན་ལྡན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བར་མངའ། གཉིས་པ་སྔགས་སེམས་བསྐྱེད་རྫོགས་ཀྱི་ལམ་རིམ་ལྟར་ན་དབང་གི་ རྒྱུད་སྨིན་ན་གྲོལ་བྱེད་ཁྲིད་ཀྱི་ཉམས་ལེན་ལ་ཐུན་བཞིའི་རྣལ་འབྱོར་གྱི་ཁོངས་སུ་དྲིལ་ནས་བསྐྱེད་རིམ་ལྷ་ཡི་འཁོར་ལོ་ལ་བརྟེན་ཏེ་ཕྱག་རྒྱ་གཅིག་སྤྲོས་ཀྱི་ ཏིང་འཛིན་བསྒོམ་པའི་ལུས་སྒྲིབ་སྦྱང༌།གདན་གསུམ་དག་པའི་ཉེ་ལམ་བུམ་དབང་གི་ཉམས་ལེན་གྱིས་སྣང་བ་ཐམས་ཅད་གདོད་ནས་དག་པ་ རབ་འབྱམས་སྒྱུ་འཕྲུལ་ལྷ་ཡི་ཕྱག་རྒྱའི་མི་ཕྱེད་པར་བཅིང་བའི་བརྟན་པ་ཐོབ་པར་མཛད།རྒྱུད་སྡེ་ཕྱི་ནང་གི་ལྷག་པའི་ལྷ་དུ་མ་མར་བཟླས་པ་སྔགས་ཀྱི་འཁོར་ལོ་ལ་བརྟེན་ནས་ངག་སྒྲིབ་སྦྱང་སྟེ། སྒྲ་གྲགས་སྔགས་སུ་རྫོགས་པའི་ཕྱི་ནང་འབྱུང་བའི་སྒྲ་སྐད་ ཐམས་ཅད་གྲགས་སྟོང་གཡུང་དྲུང་གི་གདངས་སུ་འཕོ་བར་མཛད།རྫོགས་རིམ་ཐམས་ཀྱི་ཉེ་ལམ་རྩ་རླུང་གཏུམ་མོའི་ཉམས་ལེན་ཡན་ལག་ དང་བཅས་པ་མཚན་བཅས་ཐབས་ཀྱི་ཉམས་ལེན་ཐུན་བཞི་དགུན་ཐོག་གསུམ་དང༌། ནང་དགོང་ཐུན་གཉིས་རེ་ལོ་དུ་མར་ཐུགས་བརྩོན་གནང་ནས་སེམས་ཉིད་ཡེ་ཤེས་ཀྱི་འཁོར་ལོར་བརྟེན་ནས་ཡིད་སྒྲིབ་སྦྱང༌། རླུང་སེམས་ཟུང་འཇུག་གི་སྒོ་ནས་མཚན་མེད་དོན་གྱི་འོད་གསལ་ལྷན་སྐྱེས་ཡེ་ཤེས་ཀྱི་འཁོར་ལོར་བརྟེན་ནས་ཤེས་སྒྲིབ་སྦྱང༌། ཕྱག་རྒྱ་ཆེན་པོའི་ལྟ་སྒོམ་གྱིས་གནས་ལུགས་དོན་གྱི་ཡེ་ཤེས་རྩལ་དུ་བཏོན་ནས་ཉམས་སུ་ལེན་པར་མཛད་དེ། དངོས་གྲུབ་རྣམ་གཉིས་ཀྱི་དཔལ་ལ་ཅིར་ཡང་སྤྱོད་པའི་གྲུབ་པའི་རིག་འཛིན་མཆོག་གི་གོ་འཕང་དུ་ཉེ་བར་བཞུགས་པའོ། གསུམ་པ་བླ་མེད་ཐེག་པའི་ལམ་རིམ་ལྟར་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་དྲིན་ཆེན་རྩ་བའི་བླ་མར་བློ་གཏད་རྩེ་གཅིག་པའི་མོས་གུས་ཀྱི་ ཐུགས་རྒྱུད་ལྷོང་བར་བྱས་ནས་ཀ་དག་ཁྲེག་ཆོད་ཀྱི་ལམ་རིམ་གྱིས་སེམས་ལས་འདས་པའི་རིག་པ་རྣལ་མ་རྐྱང་འདེད་དུ་བྱས་ནས་བསྒོམས་ པས་ལྟ་ཐོག་ནས་སྒོམ་པ་ཤར་ཏེ་ཉིན་མཚན་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་བརྟེན་ནས་ཀུན་ཏུ་བཟང་པོའི་དགོངས་པ་མངོན་དུ་གྱུར་ཏེ།གདོད་མའི་དབྱིངས་སུ་ གཤེགས་པར་མཛད།ལྷུན་གྲུབ་འོད་གསལ་གྱི་རང་གདངས་མངོན་སུམ་ལམ་བྱེད་ཀུན་བཟང་སྙིང་ཐིག་ལྟར་ཉམས་སུ་བླངས་པའི་ཚེ་འདི་ལ་སྐུ་བཞིའི་རྒྱལ་ སར་མངའ་དབང་འབྱོར་བའི་ལམ་རྟགས་ཚད་དུ་འཁྱོལ་བའི་ངེས་པ་དོན་གྱི་རྣལ་འབྱོར་བ་ལམ་རྟགས་ཡོན་ཏན་ཉམས་རྟོགས་ཀྱི་རྩལ་ཡོངས་སུ་རྫོགས་ པར་མངའ་བའོ། །ལོ་མང་རིང་དུ་སྒོ་གསུམ་འཁྲུལ་པའི་དབང་དུ་ཡུན་ཙམ་ཡང་འབྲངས་མྱོང་མེད་ལ་རྣམ་གཡེང་སོས་དལ་དུ་སྐད་གཅིག་ཀྱང་བཞུགས་མྱོང་མེད་ཅིང༌། ཆུང་ནས་འཇིག་རྟེན་བོན་བརྒྱད་དགྲ་འདུལ་གཉེན་སྐྱོང་གི་བྱ་བ་ལ་ཐུགས་མི་དགྱེས་ཤིང༌། དཀོར་ཁ་ཐབས་ཀྱི་ཆེད་དུ་ནམ་ཡང་ཕེབས་མ་མྱོང་ཞིང་དད་ལྡན་གྱི་ཕུལ་བའི་དངོས་རྫས་ལ་གསོག་འཇོག་སྲུང་སྤེལ་གསུམ་མཛད་མྱོང་མེད་ལ་ཆེ་ ཆུང་ཚང་མ་ཚོགས་སུ་འགྲོ་ངེས་མཛད་ཅིང༌།གཏོར་སྒམ་དང་མདུན་ཅོག་ཐབ་ཆས་བཅས་ལ་སྟབས་བདེ་ཙམ་ལས་ངོ་དྲག་པའི་ན་བཟའ་དང་སྤུས་ ལེགས་གཙང་མཛེས་ཀྱི་སྤྱོད་ཆས་སོགས་ཀྱི་སྒྲིག་བཤམ་ལྟ་ཞོག གོས་ཧྲུལ་དང་ལྷམ་ཧྲུལ་མནབ་སྟེ་བྱ་བྲལ་གྱི་རྟུལ་ཤུགས་ལ་གནས་ནས་སྐུ་ཚེ་མཐར་བསྐྱལ་བ་ཡིན་ཏེ།ཞལ་ནས་ཀྱང༌།ཁ་རྒྱབ་ཉམ་ཆུང་བྱེའུས་སོས། །ཡང་དག་ཐར་ལམ་སྒྲུབ་པ་དཀོན། །ཞེས་གསུངས་པར་མཛད། ཇི་སྐད་དུ། སྡོམ་གསུམ་རྣམ་པར་དག་པ་དང༌། །རིག་པའི་གནས་ལ་མཁས་པ་དང༌། །རང་བཞིན་ངང་ཚུལ་བཟང་རྣམས་ཀྱིས། །
སྐྱེ་རྒུའིསྣང་བ་བོན་ལ་བསྒྱུར།།ཞེས་པའི་དོན་དང་ལྡན་ནོ།། དབེན་པར་བཞུགས་ནས་ཞིང་ལ་མ་ཕེབས་བར།ཐུན་དང་ཐུན་བར་གཉིས་སུ་ཕྱེ་ནས་སྒོམ་སྒྲུབ་ཉམས་ལེན་ཆུ་ བོའི་རྒྱུན་ལྟར་གནང་བའི་ཉིན་རེའི་མཛད་རིམ་མདོར་བསྡུས་གོང་དུ་གསལ་བ་ལྟར་གནང་བའོ། དེ་ལྟར་དགུང་ལོ་བཅུ་དྲུག་ནས་བཟུང༌། བྲེལ་བྲེལ་འཚུབ་འཚུབ་ཀྱི་སྒོ་ནས་ཐོས་བསམ་སྒོམ་པ་དང༌།བསྙེན་སྒྲུབ་ཉམས་ལེན་སོགས་མཚན་བཅས་མཚན་ མེད་ཀྱི་དགེ་སྦྱོར་ལ་བརྩོན་འགྲུས་དྲག་པོ་གནང་བ་ནི།རྒྱུ་འབྲས་ལ་ཡིད་ཆེས་པའི་རྟགས་མཚན་དུ་མངོན།དམ་པ་ཉིད་ནི་སྐུ་ཚེ་ཧྲིལ་པོ་ཐོས་བསམ་སྒོམ་གསུམ་དང༌།འཆད་རྩོད་རྩོམ་གསུམ་ཁོ་ན་ལ་མ་གཏོགས།འདོད་ཞེན་གྱི་གྲོང་ཆོག་གསོན་གཤིན་གྱི་ དཀོར་རྗེས་སུ་ཆེད་དུ་གཏན་ནས་ཕེབས་བཞུད་མཛད་མ་མྱོང་ཞིང༌།དམན་པའི་རྟུལ་ཞུགས་མཛད་ནས་བྱ་བྲལ་ཀུན་སྤངས་ཁོ་ནའི་ཚུལ་དུ་བཞུགས་ཀྱང༌། སྔོན་གྱི་ཐུགས་བསྐྱེད་དང་བསོད་ནམས་ཀྱི་མཐུས། ཇི་ལྟར་འདོད་པ་མཁོ་བའི་འདོད་དགུ་ཐམས་ཅད་འབད་མེད་དུ་འབྱུང་བས་ལོངས་སྤྱོད་ཀྱི་དངོས་པོ་ཆར་བཞིན་དུ་བབས་པ་དེ་དག་གནས་ མིན་མི་འོས་པར་ཅུང་ཟད་ཀྱང་ཆུད་ཟོས་སུ་མི་གཏོང་བར་རྟེན་གསུམ་དང་མཆོད་སྦྱིན་གྱི་ཆེད་དུ་ཕངས་མེད་དུ་བཏང་བར་མཛད་པ་དེ་དག་ ཞིབ་པར་སྨོས་མི་ལངས་ཀྱང༌།རགས་ཙམ་ནི་སྐུ་རྟེན་གསེར་ཟངས་ཀྱི་སྟོན་པའི་སྐུ་དང༌། འདུལ་ཐང༌། ཀུན་རིག་སོགས་ཀྱི་ཐང་ག ཙག་པོད་སྣ་ཚོགས། གསུང་རྟེན་རྒྱལ་བའི་བཀའ་འགྱུར་དང་བརྟེན་འགྱུར། གཞན་མདོ་འབུམ་གཟུངས་གསུམ་དང་མཉམ་མེད་བཀའ་འབུམ། ཤར་རྫའི་བཀའ་འབུམ། སྨན་སློབ་བཀའ་འབུམ་སོགས་ཚར་གྲངས་མང་པོ་དང༌། རྩ་གསུམ་སྒྲུབ་སྐོར་རིགས་སོགས་པོ་ཏི་སྟོང་ཕྲག་ལྷག་བླུ་ཉོ་མཛད། རྡོ་བརྐོས་ཐར་མདོ་རྒྱས་པ་ཚར་གཅིག་དང་ཐར་བསྡུས་གྲངས་མང༌། ཇོ་དར་ཡིག་བརྒྱ་དང་སྙིང་པོ་རྣམ་གསུམ་འབུམ་ལྷག་ཙམ། སྙིང་པོ་རྣམ་གསུམ་དང་ཡིག་བརྒྱ་དུང་བཅུ་འགྲོ་ངེས་ཀྱི་འཁོར་ཆེན་གཉིས་དང༌། ཐུགས་རྟེན་སྐུ་གདུང་གཉིས། སྐུ་དངོས་ཀྱི་སཙྪ་ཁྲི་ཁ་ལྷག་སོགས་པར་བ་རེ་རེ་ནས་སྨོས་མི་ལངས་པ་དེ་ཙམ་མོ། །གཞན་ཡང་སྒྲུབ་ཆེན་གར་ཚུགས་སར་འགྱེད་དང་མང་ཇ་རང་དགོན། ཁྱུང་ནག་བསམ་གཏན་གླིང་ལ་འདུ་ཚོགས་ཉམས་གསོ་ཆེད་ཞལ་འདེབས་གནང་བ་དང༌།དབེན་པའི་རིར་དགེ་ལ་གནས་པ་མང་པོ་ལ་འཚོ་ཆས་སྦྱར་བ་ མེ་གསུར་དང་འབྲེལ་བར་བསྟན་འགྲོ་སྤྱིའི་དོན་དུ་གླུད་བསྔོའི་རིགས་དང་ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་དང༌། བཅུ། བཅོ་ལྔ། ཉེར་གཉིས། གནམ་སྟོང་བཅས་སུ་དཔོན་སློབ་ཚང་མས་ཉ་ཁྲིམས་བསྲུངས་ཞིང་ཚོགས་མཆོད་རྒྱས་པ་དང་མར་མེ་སྤོས་སོགས་རྣམ་ལྔ་གང་འབྱོར་བཤམ་པ། ཟླ་བའི་དུས་ཆེན་ཁག་ལ་ཚོགས་དང་མར་མེ་བརྒྱ་རྩ་སོགས་མཆོད་སྤྲིན་གྱི་བཀོད་པ་གཙང་ལེགས་བསྟར་ཆགས་སུ་གནང་བ། ལོང་སྤྲང་བྱ་ཁྱི་ཡན་ཆོད་ལ་གང་འཚམས་ཀྱི་ཟས་གོས་བཏང་བ་སོགས་ཚོགས་གསོག་སྦྱིན་གཏོང་གི་ཐབས་ལ་རྒྱུན་མཐུད་དུ་བརྩོན་གནང་མཛདཔའོ། །དེ་ནས་དགུང་ལོ་སོ་ལྔར་བཞེས་དུས་ཁྱུང་ནག་ལྷ་སྡེ་ཡོངས་དང་དབུ་ཁྲིད་བླ་གྲྭ་སོགས་ཀྱི་རེ་མདུན་ཡང་ཡང་ཞུས་པ་བཞིན་ བསམ་གཏན་གླིང་དགོན་གྱི་དབུ་བླར་མངའ་གསོལ་ཁྲི་འདོན་སོགས་རྟེན་འབྲེལ་བྱས། གནས་སྐབས་དགུན་རིང་དགོན་པར་བཞུགས་ས་མེད་པས་རི་ཁྲོད་དུཡར་ཕེབས་ཏེ་འབྲུག་གསས་རྩ་སྒྲུབ་ཀྱི་བསྙེན་སྒྲུབ་ལ་བཞུགས་བཞིན་པས་སྐབས་སུ། བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིད། འཇའ་འོད་གུར་དང་བཅས་སྐུ་གཤེགས་སོ། དེ་སྐབས་ཁྱུང་ཡུལ་གྱི་བླ་མ་མཁན་པོ་རྣམས་གདན་དྲངས་ཏེ། བསྔོ་སྨོན་ཞུས། ཨེ་མ་ཧོ།ཚུ༷ལ་ཁྲིམས་རྣམ་དག་གསེར་ཞུན་བུམ་པ་རུ། །གཞན་ཕན་བྱང་སེམས་བདུད་རྩི་རྒྱུན་གྱིས་གཏམས། །སྟོང་ཉིད་ཡེ་ཤེས་ཁ་རྒྱན་མངོན་པར་མཐོ། ཡང་དག་དོན་རྟོགས་བླ་མར་གསོལ་བ་འདེབས།།དཔལ་ལྡན་བླ་མ་རིང་དུ་བསྟེན་པའི་ཚེ།མང་དུ་ཐོས་དོན་རྒྱུད་ལ་ལེགས་སྦྱར་ནས། །དབེན་པའི་གནས་སུ་སྒྲུབ་པའི་རྒྱལ་མཚན་མཆོག །རྟག་ཏུ་བསྒྲེང་བའི་བླ་མར་གསོལ་བ་འདེབས། །སྙིང་རྗེ་ཆེ་ལ་རིང་ནས་གོམས་པའི་ཐུགས། །སྙིང་པོ་མེད་པའི་ཡུལ་ལ་མི་ཆགས་པར། །སྙིང་རྗེའི་རང་གཟུགས་གཤེན་ལྷའི་རྣམ་པ་རུ། །སྙིང་ལ་འཆང་བའི་བླ་མར་གསོལ་བ་འདེབས། །དེ་ལྟར་གསོལ་བཏབ་དགོངས་དོན་སྟོན་ཟླའི་དཔལ། །བདག་ཅག་དད་མོས་གུས་པའི་ཀློང་འཆར་ནས། །ཉམས་རྟོགས་ཡོན་ཏན་རྒྱ་མཚོ་འཕེལ་བ་དང༌། །བདེ་ཆེན་ཐར་ལམ་སྣང་བ་གསལ་གྱུར་ཅིག །ཅེས་སྲིད་ན་དཀོན་པའི་དཔལ་ལྡན་བླ་མ་མཐའ་ཞུ་ཚུལ་ཁྲིམས་ཡེ་ཤེས་སྐུ་ཞི་བར་གཤེགས་སྐབས་སློབ་བུ་ཚུལ་ཁྲིམས་མཐར་ཕྱིན་སོགས་ཀྱིས་རྗེས་དྲན་གསོལ་འདེབས་དགོས་ཞེས་ནན་བསྐུལ་ངོར། རྒྱ་མཚོ་ནོར་བུས་དད་པས་ཕུལ་བ་དགེ།དེ་ནས་དགོང་ཞག་ཞེ་དགུའི་རིང་བླ་གྲྭ་བཅུ་གཅིག་གིས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་མཆོད་སྦྱིན་དང༌། གཅུང་པོ་འོད་ཟེར་མཐར་རྒྱས་ཕྲན་ནས་ཉིན་རེ་བཞིན་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་རེ་བཏང༌།དགོངས་རྫོགས་མཆོད་སྤྲིན་ཀུན་རིག་ལས་ བཞི་རྒྱུན་ལྔ་དགུ་སྐོར་ལུགས་ཆ་གསུམ་ཀློང་རྒྱས་སྟོང་ཤིང་བཅས་གསེར་དངུལ་གྱིས་བྲིས་ནས།སྐམ་རློན་གྱི་མཆོད་རྫས་དར་ཟབ་འཕན་གདུགས་སོགས་ བཀྲག་ལྡན་ཡིད་དུ་འོང་བའི་རྫས་ཀྱིས་མཆོད་པ་ཕུལ་བ་དང་ལྷན་དུ་བླ་གྲྭ་བཅུ་ཕྲག་གཉིས་འཚོགས་ཏེ་ཉིན་བཅུའི་རིང་གོང་གསལ་ཡི་དམ་གཞུང་བསྲང་ སྟེ་གཤེགས་གསོལ་ཞུས།དེའི་སྐབས་སུ་ནམ་མཁའ་སྤྱི་དང་ཁྱད་པར་གདུང་ཁང་གི་ལྷོ་ནས་འཇའ་འོད་གསལ་ལ་དྭངས་པ་ཤར་བ། ཉིན་བཅོ་ལྔ་ཙམ་བྱུང་བས་དེར་ཡོད་ལ་ཉམས་རྟོགས་སྐྱེས་པ་དགེ་སེམས་འཕེལ་བ་སོགས་བརྗོད་མི་ཤེས་པ་བྱུང༌། རྗེས་འཇུག་དད་རྟེན་རིང་བསྲེལ་ཤེལ་མདོག་མང་ཙམ་བྱུང་བ་རྣམས།སྐུ་གདུང་མཆོད་རྟེན་ནང་བཞུགས་སུ་གསོལ།གདུང་ཐལ་གདུང་ རུས་རྣམས་སཙྪ་གདབ་ནས་ཁང་བརྩེགས་མཆོད་རྟེན་གྱི་གཟུངས་གཞུག་ཏུ་ཕུལ་བ་སོགས་དགོངས་རྫོགས་མཆོད་འབུལ་རྒྱས་ཤིང་སྨར་བ་ཞུས ། མཐའ་ཞུ་འོད་རྒྱས་པས་བྲིས་པ་དགེའོ། །
 རི་ཁྲོད་འདིའི་འགན་འཛིན་པ། མཁན་རབས་གསུམ་པ། རྒྱ་རིགས་ལིན་མཚམས་པ་དགེ་རྒྱས་ཚུལ་ཁྲིམས་མཐར་ཕྱིན་མཆོག་གི་རྣམ་ཐར་ལོ་རྒྱུས་མདོར་བསྡུས་ནི། 
༼༼་གཟི་ཀིའི་མཚམས་པ་ཚུལ་ཁྲིམས་མཐར་ཕྱིན་ནི།།
ཡབ་ནི་དགེ་རྒྱས་དོན་འགྲུབ་དཔལ་ལྡན་དང་།
ཡུམ་ནི་དམར་བཟའ་བཀྲ་ཤིས་ལྷ་མོའི་བུ།།
ཤིང་ཕོ་སྟག་གི་དཔྱིད་ཟླ་ར་ལ་སྐྱེས།།
དྲིན་ཅན་ཨ་མས་ཀ་ཁའི་ཡིག་ངོ་སྤྲད།།
བཅུ་དྲུག་ལོ་ནས་ཀོང་པོ་བོན་རིར་ཕྱིན།།
བསྐོར་བརྒྱ་ལོན་ནས་བོན་སྐྱབས་བླ་མའི་དྲུང་།
སྔོན་འགྲོ་མཐུན་མང་བོན་ལ་བློ་སྦྱོང་ཤིང་།
ཟབ་གདམ་ཁྲིད་ཆོད་ཐོད་རྒལ་མན་ངག་ཞུ།།
རྩེ་དྲུག་མཚམས་པ་ནམ་མཁའ་རྒྱལ་མཚན་མདུན།།
རྩ་རླུང་མུན་མཚམ་ཁྲིད་ལུང་གྲང་མེད་ཞུས།།
གཅིག་དགུ་གོ་བདུན་ལོ་ལ་གཟི་ཀིའི་རུ།།
མཐའ་ཞུ་མཚམས་པ་ཚུལ་ཁྲིམས་ཡེ་ཤེས་དྲུང་།
རྫོགས་ཆེན་མན་ངག་བོན་གྱི་སྡེ་བཞི་ཡི།།
ལག་ལེན་མན་ངག་གནད་ཀྱི་གདམ་དོན་ཞུས།།
སུམ་ལྡན་བཞི་རྫོགས་བླ་མར་བསྟན་པའི་རྗེས། 
གཟི་ཀིའི་མཚམས་པའི་མཚན་སྙན་ལག་ཏུ་འཛིན།།
རི་ཁྲོད་མགན་འཛིན་རྒན་པའི་ཐུགས་མགན་བཞེས།།
ལོ་མང་གཟི་ཀིའི་རི་ལ་བསྒོམ་སྒྲུབ་མཛད།།
ཉིས་སྟོང་བདུན་ལ་སྟེང་དགོན་སྒྲུབ་གྲྭར་ཞུགས།།
སྐྱབས་རྗེ་འོད་ཟེར་སྦྱིན་པ་ཕུན་ཚོགས་དང་།
སྒྲུབ་མཁན་ནོར་བུ་འཕགས་མཆོགས་རྣམ་གསུམ་དྲུང་།
མཛོད་ཆེན་ལྔ་དང་རྫོགས་ཆེན་སྡེ་བཞི་སོགས།།

སྔགས་རྫོགས་བོན་གྱི་ཁྲིད་ལུང་མ་ལུས་ཞུས།།
ཉིས་སྟོང་བཅུ་གཅིག་སྟོང་ཟླ་ཐ་ཆུང་ནང་།
སྒྲུབ་ཐོན་རྣམ་འབྱོར་ཆེན་མོ་མཛོད་སྒོ་དང་། 
སྟེང་དགོན་བླ་མ་རྒྱ་མཚོ་རིན་པོ་ཆེར། །
རྣམ་འབྱོར་ཆེན་མོ་སྨོན་ལམ་རྒྱལ་མཚན་དང་།
ཚ་རང་ཡུལ་སྡེས་རེ་བསྐུལ་ཅི་བཞིན་དུ།།
བཀྲ་ཡུལ་དགོན་པོའི་མཁན་པོ་མངའ་གསོལ་མཛད།།
དེ་རྗེས་སྤྲུལ་སྐུ་བསྟན་འཛིན་བཟོད་པ་ཡི།།
ཡོངས་འཛིན་སློབ་དཔོན་ལོ་གཅིག་མཛད་པའི་རྗེས།
གཟི་ཀིའི་དབེན་པར་སྒོམ་སྒྲུབ་སྔར་རྒྱུན་བཞིན།།
ལོ་ཤས་མཛད་ནས་གཉིས་སྟོང་བཅུ་བཞི་ལོར།
སྟེང་དགོན་སྒོམ་གྲྭར་སྟག་ལ་མཚམས་པ་མཛད།།
ད་ལྟ་སྔར་བཞིན་སྒོམ་སྒྲུབ་གནས་པའི་ངང་།
གཟི་ཀིའི་རི་ཁྲོད་གཙོར་མགན་ཁོང་གི་མཛད།།
སྒྲུབ་གྲོགས་གཡུང་དྲུང་ཟླ་བ་ལ་སོགས་པར།།
སྒྲུབ་རྒྱབ་འཚོ་བའི་མཐུན་རྐྱེན་གང་མང་དང་།
ནུས་མེད་སློབ་ཕྲུག་སློབ་ཡོན་སྤྲད་པ་་སོགས།།
ཉམ་ཐག་ནུས་མེད་ཀུན་ལ་བྱམས་ཀྱིས་སྐྱོངས།།
ཡོད་ཚད་དགེ་བའི་ཕྱོགས་ལ་འཕུང་མེད་གཏོང་།
དེ་ལྟར་ཁོང་གི་ལོ་རྒྱུས་མདོར་བསྡུས་ཞིག།
དགོས་ཞེས་མཐའ་ཞུ་འོད་ཟེར་མཐར་རྒྱས་པས།།
བཀའ་ལྟར་གུས་པས་མ་ལྡོག་ཙམ་དུ་བྲིས།
༽༽
དེ་ལྟར་ལོ་རྒྱུས་འདོར་བསྡུས་འདི་ནི། ཕྲན་གྱིས་བསྐུལ་པ་ལྟར། མཚམས་པ་རིན་ཆེ་ཁོང་ཉིད་ནས་མཁོ་འདོན་གནང་བ་ལྟར། མ་བསྒྱུར་མ་བཅོས་ཇི་བཞིན་དུ་མཐའ་ཞུ་འོད་རྒྱས་པས་བསྒྲིགས་པའོ།། །

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.