སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ལི་ཐོ།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
ནང་འཇུག
སྒྲིག་འཇུག...
དྲ་གྲོགས།
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྒྲིག་འཇུག...
སྲིད་པའི་བརྡ་དར་ཆེན་མོར་དཔྱད་པ། | 2016/10/10 14:34:00
སྲིད་པའི་བརྡ་དར་ཆེན་མོར་དཔྱད་པ།
སྤྱིར་གཡུང་དྲུང་བོན་གྱི་བརྡ་དར་ཁ་དོག་ལྔ་ལྡན་གཡུང་དྲུང་ཆག་ཤིང་གིས་བརྒྱན་པ་འདིའི། བརྡ་དོན་དང་བྱུང་ཁུངས་སྐྱབས་རྗེ་སྨན་རིའི་སློབ་དཔོན། ཡོངས་འཛིན་སྨྲ་བའི་དབང་པོ་བསྟན་འཛིན་རྣམ་དག་རིན་པོ་ཆེས། གསལ་པོར་གསུང་ཡོད་ན་ཡང་། ད་ལན་རང་འདྲ་འགས། ཕྲན་ལ་དྲི་བ་བྱུང་བས། ཡོངས་འཛིན་སྨྲ་དབང་མཆོག་གི གསུང་འབུམ་དང་རྒྱལ་བའི་བཀའ་ལུང་དྲི་མ་མེད་པར་རྟེན་ཏེ། ལན་ཞིག་གདབ་པར་འདོད་དོ། དེ་ཡང་ཡོངས་འཛིན་རིན་པོ་ཆེའི་གསུང་འབུམ། ཁྲི་རྟེན་ནོར་རྩེའི་དཔེ་མཛོད་ཁང་གིས། ༢༠༠༥་ལོར། བསྡུ་སྒྲིག་དང་དཔར་སྐྲུན་ཞུས་པའི། དེབ་བཞི་པ་ལས། ༼་་གཡུང་དྲུང་བོན་གྱི་བརྡ་དར། ཁ་དོག་ལྔ་ལྡན་གཡུང་དྲུང་ཆག་ཤིང་གིས་བརྒྱན་པ། འདིའི་བརྡ་དོན་ནི། བྱུང་ཁུངས་རྒྱུད་ཀྱི་རྒྱུད་སྡེ་དུ་མ་མཆིས་མོད། ད་ལྟ་སྐབས་འདིར། བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རྒྱལ་བ་གཤེན་རབ་མི་བོས་གསུང་པའི་བཀའ། ཀུན་འབུམ་གོ་འབྱེད་རྩ་བའི་རྒྱུད་ལས་གསུང་པ་དང་་བསྟུན་ཏེ། བརྡ་དར་ཁ་དོག་སྣ་ལྔ་ནི། དཀརཔོ་ནམ་མཁའ། རླུང་ལྗང་ཁུ། མེ་དམར་པོ། ཆུ་སྔོན་པོ། ས་སེར་པོ་དང་ལྔ་ནི། ཀུན་འབུམ་ལས། ཐམས་ཅད་བརྟེན་པའི་གནས་འཇིག་རྟེན་ཆགས་ལུགས་ནི། ནམ་མཁའ་སྟོང་དལ་ཕྱོ་སངས་གནས་པ་ལས། སྲིད་པའི་ཐུགས་རྗེ་བྱིན་གྱིས་རློབས་པའི་མཐུས། སྲ་བརྟེན་རླུང་རི་གཡུང་དྲུང་རྒྱ་གྲམ་སྲིད། རླུང་གི་གཡོ་འགུལ་དྲོད་ཀྱི་མེ་དཔུང་འབར། མེ་ཡི་དྲོད་སྤྲུལ་མཁའ་ལ་སྤྲིན་དུ་འཁྲིགས། སྤྲིན་ལས་ཆར་བྱུང་རྒྱུ་མཚོ་ཆེན་པོ་སྲིད། མཚོ་ལས་ཁ་ཞག་གསེར་གྱི་ས་གཞི་སྲིད། ཞེས་དང་།་་༽ཞེས་ཀུན་འབུམ་གྱི་འབྱུང་ལྔ་ཆགས་ཚུལ་ལུང་དྲངས་ཏེ། འོག་གཞི་ནམ་མཁའ་སྟོང་པ་ཕྱོ་སངས་དང་། དེ་སྟེང་རླུང་། དེ་སྟེང་མེ། དེ་སྟེང་ཆུ། དེ་སྟེང་ས་བཅས་འོག་གཞི་འབྱུང་ལྔའི་ཆགས་ལུགས་དང་མཐུན་པར། དར་སྣ་ལྔའི་གོ་རིམ་སྒྲིགས་ལུགས་གསལ་པོར་བསྟན་གནང་ནས། མདོ་སྔགས་རྒྱུད་སྡེ་རྒྱལ་མཚོའི་འབྱུང་ལྔའི་གནས་ལུགས་དང་། ཡོངས་སུ་མཐུན་པར་མཛད་པ་ནི། ཡི་རང་བའི་གནས་སོ། ཡང་དེ་ལས། ༼་་བདེར་གཤེགས་འབྱུང་བདག་ལྔ་ཡི་ཐུགས་རྗེ་ཡི་ཞེས་དང་། འབྱུང་བདག་ལྔ་ནི། དེ་ཉིད་ལས། ཀུན་འདུལ། ཀུན་གྲོལ། ཀུན་རིག་ཀུན་འཇོམས། ཞེས་པས། ཀུན་འདུལ་ལྕགས་ལྷ། ཀུན་གྲོལ་མེ་ལྷ། ཀུན་འཇོམས་ཆུ་ལྷ། ཀུན་འབུམ་ས་ལྷ་བཅས་ལྔ་ལས། འདིར་མཁའ་གནས་སུ་ལྕགས་བཞུགས་པར་སྣང་ངོ་། ་་༽ཞེས་འབྱུང་བ་ཁམས་ལྔའི་ལྷ་གང་ཡིན་པ་བསྟན། ཡང་། ༼་་ཁ་དོག་ཀྱང་ཀུན་འབུམ་ལས། དབུས་སུ་ཀུན་འབུམ་གོ་འབྱེད་སེར། ཤར་དུ་ཀུན་གྲོལ་དབྱིངས་ཕྱུག་ལྗང་། ལྷོ་རུ་ཀུན་རིག་རྒྱས་པ་དམར། ནུབ་ཏུ་ཀུན་འདུལ་ཆེན་པོ་དཀར། བྱང་དུ་ཀུན་འཇོམས་རྒྱལ་པོ་སྔོ། ཞེས་གསུང་། ་་༽ཞེས་པའི་ལུང་དྲངས་ཏེ། འདིར་གཞུང་ལས་བསྟན་པས་དར་ལྔའི་ཁ་མདོག་གང་ཡིན་པ་གསལ་བར་བསྟན་བྱེད་ལས། དར་གྱི་གོ་རིམ་སྒྲིགས་ལུགས་གོང་དུ་བསྟན་ཟིན་པ་ལྟར་ལས། འདི་ལ་བསྟུས་མི་དགོས་སོ། དེ་མཚམས་དར་ཚོན་སྣ་ལྔར། ཀུན་འབུམ་འབྱུང་ལྔའི་ལྷ་ཚོགས་བདུན་བརྒྱ་ཉི་ཤུ་སོགས་ཀྱི་རྟེན་ཡིན་ཚུལ་དང་། ལྷ་ཚོགས་ཀྱི་རྟེན་བརྡ་དར་བཀུར་བཟོས་དང་། བྱི་དོར་གཟབ་ན་འགལ་རྐྱེན་སེལ་ཞིང་། མཐུན་རྐྱེན་འཛོམས་ཚུལ་སོགས་བསྟན་ལ། དེ་མཚམས་ནས། གཡུང་དྲུང་ཆག་ཤིང་གི་བརྡ་དོན་ཡེ་དབང་རིགས་ལྔའི་རྟེན་དང་། རིག་པའི་གནས་ཆེན་ལྔའི་བརྡ་དོན་ཡིན་ཚུལ་སོགས། གསལ་བར་བསྟན་འདུག་པས། དེར་གཟིགས་ནས་གཞིགས་པར་ཞུ། གོང་དུ་ལུང་དྲངས་པས། འབྱུང་བདག་ལྔའི་གནས་ཕྱོགས་ནི། སྤར་ཁ་དང་ལོ་བསྐོར་གཟའ་སྐར་སོགས། ནག་རྩིས་དང་བསྟུན་པས་གནས་ཕྱོགས་ཡིན་པ་ལས། ཀུན་འབུམ་གྱི་རྩ་བའི་ལྷ་ལྔའི་གཞུང་གི་དཀྱིལ་འཁོར་དང་། མཐུན་པའི་བཞུགས་ཚུལ་མ་ཡིན་ཏེ། གཞུང་གི་གོང་འོག་ལ་གཟིགས་ནས་གཞིགས་པར་མཛོད། འདིར་དཔེ་མཚོན་ཙམ་དྲང་ན། ཀུན་འབུམ་རྩ་བའི་ལྷ་ལྔའི་གནས་ལུགས་ཀྱི་ལུང་ནི། གཡུང་དྲུང་བོན་གྱི་བཀའ་རྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་ནས། བསྡུ་སྒྲིགས་མཛད་དེ། ཀན་སུ་མི་རིགས་དཔེ་སྐྲུན་ཁང་གིས་སྤར་མ། གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེག་བམ། དཔོད། ༡༣༣་ ལས། ༼་་བདེར་གཤེགས་འབྱུང་བདག་ལྔ་ཡི་ཐུགས་རྗེ་ཡི། དབུས་ནས་ཀུན་འབུམ་གོ་འབྱེད་ཀྱི། ས་རླུང་སེར་པོ་གྲུ་བཞིར་བསྐྱེད། རི་རབ་གྲུ་བཞི་ལྡན་པ་བྱུང་། ཤར་ནས་ཀུན་འདུལ་ཆེན་པོ་ཡི། ལྕགས་རླུང་དཀར་པོ་ཟླ་གམ་བཏེགས། ལུས་འཕགས་གླིང་ཡང་ཟླ་གམ་བྱུང་། བྱང་ནས་ཀུན་གྲོལ་དབྱིངས་ཕྱུག་གི། ཤིང་རླུང་ལྗང་ཁུ་གྲུ་བཞི་བཏེགས། སྒྲ་མི་བསྙན་གླིང་གྲུ་བཞིར་བྱུང་། ནུབ་ནས་ཀུན་རིག་གསལ་བ་ཡིས། མེ་རླུང་དམར་པོ་ཟླུམ་པོ་བཏེགས། བན་གླང་སྤྱོད་གླིང་ཟླུམ་པོ་འབྱུང་། ལྷོ་ནས་ཀུན་འཇོམས་རྒྱལ་པོ་ཡིས། ཆུ་རླུང་སྔོན་པོ་གྲུ་གསུམ་བཏེགས། འཛམ་བུ་གླིང་ནི་སོག་ཀར་བྱུང་། འདིར་ནམ་མཁའི་གནས་སུ་ལྕགས་དང་། རླུང་གནས་སུ་ཤིང་བཞུགས་པ་ནི། ནག་རྩིས་ཀྱི་འབྱུང་བ་ཁམས་ལྔའི། མ་བུ་དགྲ་གྲོགས་ཀྱི་སྐོར་འགོ་དང་མཐུན་པར་མཛད་པ་དང་། འདིར་འབྱུང་བ་རང་གནས་དབུས་ས་དང་། ཤར་ནམ་མཁའི་ཁམས་སུ་ལྕགས། བྱང་རླུང་ཁམས་སུ་ཤིང་། ནུབ་མེ། ལྷོ་ཆུ་བཅས་འབྱུང་ལ། སྐབས་གཞན་དུ་ནག་རྩིས་དང་མཐུན་པར། དབུས་ས་དང་། ཤར་ཤིང་བྱང་ཆུ་ནུབ་ལྕགས་ལྷོ་མེ་བཅས་འབྱུང་བ་ནི། ནག་རྩིས་དང་བསྟུན་པས་ལྷ་ལྔའི་བཞུགས་ལུགས་དང་། རྩ་བའི་ལྷ་ལྔའི་བཞུགས་ལུགས་བཅས་ལུགས་གཉིས་སུ་སྣང་བ་ནི། ཐེག་པའི་བཞེད་དང་བསྟུན་པར་སྙམ་མོ། ་་༽ཡང་དེའི་སྐུ་བསྟོད་ལས། ༼་་མི་འགྱུར་ས་ཡི་གསས་མཁར་ནས། ས་ཡི་ས་ལྷ་སྤྲུལ་པའི་སྐུ། ཁྲོ་རྒྱལ་ཀུན་འབུམ་གོ་འབྱེད་ནི། ཞེས་དང་ཡང་། བསྭོ་ཤར་ཕྱོགས་སྲིད་པའི་ཁ་གནོན་པ། གཡུང་དྲུང་བརྩིགས་པའི་ཞིང་ཁམས་ཀྱི། གཡུ་བུན་འོད་ཀྱི་གསས་མཁར་ནས། ཀུན་འདུལ་ཆེན་པོ་ལྕགས་ཀྱི་ལྷ། ཞེས་དང་ཡང་། བསྭོ་བྱང་ཕྱོགས་སྲིད་པའི་ཁ་འཛིན་པ། འཁོར་ལོ་བསྒྱུར་བའི་ཞིང་ཁམས་ཀྱི། འཕྲུལ་ཆེན་སྒྲའི་གསས་མཁར་ནས། ཀུན་སྒྲོལ་དབྱིང་ཕྱུག་རླུང་གི་ལྷ། ཞེས་དང་། ཡང་། བསྭོ་ནུབ་ཕྱོགས་སྲིད་པའི་ཁ་གནོན་པ། བདེ་ལྡན་པད་མའི་ཞིང་ཁམས་ཀྱི། མུན་ན་སྒྲོན་མའི་གསས་མཁར་ནས། ཀུན་རིགས་རྒྱས་པ་མེ་ཡི་ལྷ། ཞེས་དང་་ཡང་། བསྭོ་ལྷོ་ཕྱོགས་སྲིད་པའི་ཁ་གནོན་པ། རིན་ཆེན་བརྩེགས་པའི་ཞིང་ཁམས་ནས། བདུད་རྩི་གྲོལ་བའི་གསས་མཁར་གྱི། ཀུན་འཇོམས་རྒྱལ་པོ་ཆུ་ཡི་ལྷ། ་་༽ཞེས་ཀུན་འབུམ་རྩ་བའི་ལྷ་ལྔའི་བཞུགས་ལུགས་ནི། དབུས་ནས་ཤར་བྱང་ནུབ་ལྷོ་བཅས་བསྟན་ལ། དེ་ཡང་ཤར་དཀར་བྱང་ལྗང་ནུབ་དམར་ལྷོ་སྔོ་དབུས་སེར་བཅས་ཀྱི་གོ་རིམ་མ་བསྟན་སྙམ་ན། དེ་ལྟར་གོ་རིམ་བསྟན་པའང་གཞུང་འདིར་འདུག་སྟེ། ཀུན་འབུམ་གོ་འབྱེད་ཤོག་གྲངས་༡༢༡། ཀུན་འབུམ་གྱི་དབང་ཆོག་ལས། ༼་་ཀུན་འབུམ་ལྔའི་གནང་པ་ནི། སྲུང་སྐུད་བཏག་དང་སྨན་ཤིང་སྦྱིན། ཁྲུས་ཆུ་བླུད་དང་། རིག་མེ་གཏད། བརྡ་ཡིག་བཏག་པ་ལྔ་ཡོད་དེ། ༼་འོག་ནས་ཡར་རྩིས་པས་ནམ་མཁའི་ཁམས་སམ་ལྕགས་ལྷ་སྐུ་མདོག་དཀར་པོ། ༽དང་པོ་སྲུང་བའི་སྐུད་པ་ལ། ཀུན་འདུལ་སྔགས་གདབ་དེ་བསྐྱེད་དེ། ཀུན་འདུལ་ཆེན་པོ་ལྕགས་ཀྱི་ལྷ། མི་ཤིག་གསས་མཁར་གཡུང་དྲུང་རྫོང་། བསྲུང་དང་སྐྱབས་པར་བྱིན་རླབས་གསོལ། ཞེས་བྱ། ༼་གཉིས་པ་ལ་རླུང་གི་ཁམས་སམ་ཤིང་ལྷ་སྐུ་མདོག་ལྗང་ཁུ།༽དེ་ནས་སྨན་ཤིང་ལ། ཀུན་སྒྲོལ་སྐུ་བསྐྱེད་སྔས་སུ་གཟུག །ཀུན་སྒྲོལ་དབྱིངས་ཕྱུག་ཤིང་གི་ལྷ། བྱང་ཆུབ་ཤིང་དྲུང་གནས་བྱའི་དོན། རྟེན་བཟུང་བརྟན་པས་བདུད་བཅོམ་ཤོག །༼་གསུམ་པ་ལ་མེ་ལྷ་སྐུ་མདོག་དམར་པོ།་༽དེ་ནས་སྒྲོན་མ་ཀུན་རིག་བསྐྱེད། ཕྱག་ཏུ་གཏད་དེ་རྟོག་དཔྱོད་བཞུགས། རྐོང་མར་རས་མེ་རྩོལ་བ་ལྔ། འཛོམ་པས་གསལ་བ་འབྱུང་པ་བཞིན། ཀུན་རིག་རྒྱས་པ་མེའི་ལྷ། ཐམས་ཅད་རྟེན་འབྲེལ་མར་མེ་འདྲ། འདི་ལས་རྟོག་པས་མུན་སངས་ཤོག །༼་བཞི་པ་ཆུ་ལྷ་སྐུ་མདོག་སྔོན་པོ།་༽ཚན་ཆུ་ཀུན་འཇོམས་བསྐྱེད། ཁྲུས་དང་ཆབ་བཏུང་འདི་སྐད་དོ། ཀུན་འཇོམས་རྒྱལ་པོ་ཆུའི་ལྷ། ཡེ་ཤེས་ཆུ་བོས་ནད་གཅོང་སྦྱངས། དག་པ་ཆེན་པོའི་སྐུ་ཐོབ་ཤོག ། དེ་དག་ཀུན་ཀྱང་གསུམ་གསུམ་མོ། ༼་ལྔ་པ་ལ་ས་ལྷ་སྐུ་མདོག་སེར་པོ།་༽དེ་ནས་དར་སེར་དཔའ་བོ་འབྲུ་ལྔ་བྲིས་བརྡའི་གདག་པ་ནི། ཀུན་འབུམ་གོ་འབྱེད་ས་ཡི་ལྷ། ངེས་པའི་ཐོ་ཡིག་འབྱུང་འགྱུར་རྟགས། རྒྱལ་བའི་རྒྱན་ལྔ་རྫོགས་འགྱུར་ཅིག ། ཅེས་གོ་རིམ་གསལ་ལ། གཞུང་འདི་མིན་པ་གཞན་ལས་ཀྱང་ཤིན་ཏུ་མང་པོ་འབྱུང་བས། འདིར་དཔེ་མཚོན་ཙམ་ལ། ཀློང་རྒྱས་འོད་འབར་ལྔ་བསྐོར་ལས། དང་པོ་གྲུ་ཁུག་ཤར་ཕྱོགས་དཀར་པོ་ལ། ཞེས་དང་གཉིས་པར། གྲུ་ཁུག་བྱང་ཕྱོགས་ལྗང་ཁ་ལ། ཞེས་དང་། གསུམ་པར། གྲུ་ཁུག་ནུབ་ཕྱོགས་དམར་པོ་ལ་ཞེས་དང་། བཞི་པར། གྲུ་ཁུག་ལྷ་ཕྱོགས་སྔོན་པོ་ལ། ཞེས་དང་ལྔ་པར། དབུས་ཀྱི་སྙིང་པོ་སེར་པོ་ལ་ཞེས་འབྱུང་བ་ལྟར་དང་། དེ་མིན་ལོ་ངོ་ཁྲི་སྟོང་མང་པོར་བོན་འབང་ཡུལ་མིའི་ངག་ཐོག་ནས། ཕ་མེས་མི་རབས་མང་པོར་རྒྱུད་པས། གཉེན་བཤད་ཁག་ལས་ཀྱང་། དར་གྱི་ཁ་དོག་དང་གོ་རིམ་འདི་དང་མཐུན་པར་འབྱུང་སྟེ། ༼༼་ནག་ཆུའི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། ༽༽ནག་ཆུ་ས་གནས་སྲིད་གྲོས་རིག་གནས་དཔྱད་གཞིའི་རྒྱུ་ས་རྩོམ་སྒྲིག་ཁང་གི་བསྡ་སྒྲིག་བྱས་པས། ༼་་གཉེན་བཤད་སྲིད་པ་རྒན་པོའི་སྐྱིད་གླུ།་་༽བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས། ༢༠༡༠་ལོའི་པར་མ། ༼་་སྦྲ་ཆེན་རྫོང་ཁོངས་ཀྱི་ཁྲོམ་ཚང་ཡུལ་སྡེའི་གཉེན་བཤད་ཤོག་གྲངས་༢༨་ལས། གཉིས་པ་ཕུག་དར་བཤད་པ་ལས་འདི་ལྟར་འབྱུང་སྟེ། ༼་་འོ་ཕུག་གི་ལྷ་ལ་ཕུག་དར་འབུལ། ཤར་ཕྱོགས་ཕུག་ལྷ་དཀར་པོ་ནི། སྐུ་མདོག་དུང་གི་གཟི་འོད་འབར། ཕྱག་ན་དམུ་ཐག་དཀར་པོ་འཛིན། བྱང་ཕྱོགས་ཕུག་ལྷ་ལྗང་ཁུ་ནི། སྐུ་མདོག་གཡུ་ཡི་གཟི་འོད་འབར། ཕྱག་ན་དམུ་ཐག་ལྗང་ཁུ་འཛིན། ནུབ་ཕྱོགས་ཕུག་ལྷ་དམར་པོ་ནི། སྐུ་མདོག་བྱུ་རུའི་གཟི་འོད་འབར། ཕྱག་ན་དམུ་ཐག་དམར་པོ་འཛིན། ལྷོ་ཕྱོགས་ཕུག་ལྷ་སྔོན་པོ་ནི། སྐུ་མདོག་མཐིང་གི་གཟི་འོད་འབར། ཕྱག་ན་དམུ་ཐག་སྔོན་པོ་འཛིན། དབུས་ཕྱོགས་ཕུག་ལྷ་སེར་པོ་ནི། སྐུ་མདོག་གསེར་གྱི་གཟི་འོད་འབར། ཕྱག་ན་དམུ་ཐག་སེར་པོ་འཛིན། ད་ཕུག་རྟེན་འདི་ལ་བདེ་བར་བཞུགས། མ་མནོལ་མ་འཁྱམས་མ་ཡོ་ཅིག །མ་ཆད་མ་དམའ་ཡར་ལ་བསྟོད། ཕུག་ལྷ་སུམ་བརྒྱ་སྟོང་དྲུག་བརྒྱ་ལ། བཀྲ་ཤིས་པའི་སྒོ་ནས་སྙན་དར་འབུལ། ལྷ་ཐུགས་རྟོགས་མ་མཛད་རྒྱབ་རྟེན་མཛོད། རྟེན་འབྲེལ་ཡག་གོ་ལྷ་རྒྱལ་ལོ།། །།༼་གནའ་སྔ་མོའི་དམུ་ཐག་ནི། དུས་ད་ལྟའི་དར་གྱི་གྲུབ་ཆ་ཡིན་སྲིད།་ ༽མས་ཡར་རམ་ཡས་མར་གང་རྩིས་ཀྱང་མདོར་ན། དར་སྣ་ལྔའི་གོ་རིམ་ནི་དཀར་ལྗང་དམར་སྔོ་སེར་པོ་བཅས་བོན་རང་ལུགས་ཡིན་འདུག་སྙམ། དེ་ལྟར་གོ་རིམ་གོང་ནས་ཡོངས་འཛིན་རིན་པོ་ཆེའི་དགོངས་བཞེད་དང་མཐུན་པར། གཞུང་གཞན་ལས་ཀྱང་གསལ་བས་ཚུལ་ཞུས་ཟིན་ནས། ད་དར་སྣ་ལྔའི་ཁ་དོག་ཀྱང་གོང་དུ་ཡོངས་འཛིན་རིན་པོ་ཆེའི་ལུང་དྲངས་པས། ཀུན་འབུམ་རྩ་བའི་ལྷ་ལྔའི་སྐུ་མདོག་ལྟར། ཕྲན་གྱིས་ཀྱང་ལུང་འགའ་ཞིག་དྲངས་ཟིན་པ་ལས་གསལ་ཀྱང་། དྲྭ་གྲོགས་ཁོང་གིས། ནམ་མཁའི་དར་སྔོན་པོ་དགོས་ཚུལ་དང་། ནམ་མཁའི་དར་དཀར་པོར་བཞག་པ་མི་འཐད་ཅེས་པས་དོག་སེལ་དུ། ད་རུང་དམིགས་གསལ་འབྱུང་དར་སྣ་ལྔའི་ཁ་དོག་ཀྱང་། གོང་གི་གཉེན་བཤད་ཤོག་གྲངས་༦༦་ལས། ༼་་འབྱུང་ལྔ་ཚང་པའི་དར་སྣ་གྲུབ་སོང་། མེ་དར་དམར་པོ་མེ་ལས་གྲུབ་པ། མེ་རི་ཁ་དོག་སྣ་ཚོགས་འབར་འདྲ། ཆུ་དར་སྔོན་པོ་ཆུ་ལས་གྲུབ་པ། ཆུ་རིས་སྔོན་པོ་སྒྲོ་གཤོག་རྒྱས་འདྲ། རླུང་དར་སྔོན་པོ་༼་ལྗང་ཁུ་༽རླུང་ལས་གྲུབ་པ། རླུང་རི་རྡོ་རྗེ་རྒྱ་གྲམ་ཆགས་འདྲ། ས་དར་སེར་པོ་གསེར་ལས་གྲུབ་པ། ས་གཞི་དགོས་འདོད་ཕུན་སུམ་ཚོགས་འདྲ། གནམ་དར་དཀར་པོ་ཤེལ་ལས་གྲུབ་པ། ཤེལ་དཀར་བུམ་པ་དབུས་སུ་བཀོད་འདྲ། ད་འབྱུང་ལྔ་ཚང་པའི་ལྷ་རེག་འདི་ནི།་་༽ཞེས་འདི་དག་ནི་མི་རབས་ནས་མི་རབས་བར། ངག་ཐོག་ནས་བརྒྱུད་པས་དམངས་ཁྲོད་ཀྱི་རིག་གནས་ཡིན་པའི། འདི་དག་ལ་ཕལ་ཆེར་མཁས་བླུན་གཞན་གྱིས་བཅོས་སླད་མེད་པར་འདོད་དོ། ད་དུང་དར་གྱི་ཁ་དོག་བསྟན་པས་གཞུང་གཞན། རྒྱལ་བའི་བཀའ་དྲི་མ་མེད་པ། ངན་སོང་སྒོ་གཅོད་ལས་ཀྱང་། ༼་་སེར་པོ་གསེར་མདོག་ས་ཡི་དར། ལྗང་ཁུ་བེེཌྰུར་རླུང་གི་དར། དམར་པོ་ལེབ་རྒན་མེ་ཡི་དར། སྔོན་པོ་གཡུ་མདོག་ཆུ་ཡི་དར། དཀར་པོ་ཤེལ་མདོག་ནམ་མཁའི་དར།་་ ༽ཞེས་འབྱུང་དར་ལྔའི་ཁ་དོག་གསལ་བ། འདི་དག་ལ་གཞིག། དེ་མིན་དར་གྱི་ཁ་དོག་ནམ་མཁའ་སྔོན་པོ་སྤྲིན་པ་དཀར་པོ་ཟེར་བ་སོགས་ནི། བོན་གྱི་གཞུང་ལས་ལུང་ཁུངས་བསྟན་དུ་ཡོད་པ་མ་མཐོང་ཀྱང་། བན་ཕྱོགས་སུ་ཁྱབ་ཆེ་སྟེ། གོང་གི་གཉེན་བཤད་ཤོག་གྲངས་༢༨༣་ནག་ཆུ་རྫོང་གི་གཉེན་བཤད་བན་དེ་ཅན་ལས། ༼་་དེ་འོག་དར་སྔོན་བཏགས་ལེ་འདི། དགུང་སྔོན་ཁེབ་རྒྱ་ཆེ་བའི་རྟགས། དེ་འོག་དར་དཀར་བཏགས་ལེ་འདི། ལྷ་ཞལ་དུང་ལས་དཀར་བའི་རྟགས། དེ་འོག་དམར་བཏགས་ལེ་འདི། དབང་ཐང་མེ་ལས་ཚ་བའི་རྟགས། དེ་འོག་ལ་དར་སེར་བཏགས་པ་འདི། རྩྭ་རྩི་ཐོག་རབ་ཏུ་རྒྱས་པའི་རྟགས། དེ་འོག་ལ་དར་ལྗང་བཏགས་ལེ་འདི། མི་རྒྱུད་ཆུ་ལས་རིང་བའི་རྟགས། ཀུན་གྱི་གཤམ་དུ་དར་དཀར་ངང་རིང་འདི། ཚེ་རིང་བའི་ཚེ་དར་དཀར་པོ་ཡིན། ་་༽ཞེས་པ་སོགས་སོ། ཞེས་པ་འདི་ཁ་སྔོན་ཕྲན་གྱི་ཕྲིན་ཕྲན་བཤམ་སྟོན་ནང་། བོན་གྱི་དར་ཆ་ཆག་ཤིང་རྒྱན་པ་ཞིག་མ་བརྟག་མ་དཔྱད་པར་བཞག་པ་ཞིག་ལ།་དྲྭ་གྲོགས་ཤིག་གིས། ནམ་མཁའ་སྔོན་པོ་སྤྲིན་པ་དཀར་པོ་སོགས་ཀྱི་བཤད་པ་དང་། དར་ཆ་དེར་བསྟོད་བསྔགས་ཀྱང་མ་ཉུང་བར་གནང་བྱུང་བ་ལ། ཕྲན་གྱི་དར་ཆ་དེ། ཡོངས་འཛིན་རིན་པོ་ཆེའི་གསུང་འབུམ་ནང་ནས། སྲིད་པའི་བརྡ་དར་ཆེན་མོའི་ལུང་ཁུངས་ཞེས་པ་དང་། མཐུན་མིན་བལྟས་པས་མཐུན་མི་འདུག་པའི། དེར་ཕྲན་གྱིས་དྲྭ་གྲོགས་དེར། གླེང་མོལ་འགའ་བྱས་པས། རྐྱེན་གྱིས་བསྐུལ་ནས་འདི་ལྟར་བྲིས་པར། འགལ་བ་གང་མཆིས་ལྷ་དང་བླ་མར་བཤགས་ཤིང་། དགེ་བ་གང་མཆིས་བོན་བསྟན་རྒྱས་ཕྱིར་བསྔོ། མཐའ་ཞུ་འོད་ཟེར་མཐར་རྒྱས་པས་༢༠༡༦་ལོའི་ཕྱི་ཟླ་༡༠་པའི་ཚེས་༡༠་ཉིན་བྲིས་སོ།
- ཟིན་ཐོ་གོང་མ།ཆུ་འཁོལ་གྲང་གི་ཕན་ཡོན།
- ཟིན་ཐོ་འོག་མ། ༿ཞུ་སྒོམ་འཁྲུལ་ཞིག་དང་ཞིག་པོ་བཅོ་བརྒྱད།