།༢༠༠༨་ལོ་ནས་ ཕྲན་དང་། མཁན་པོ་བསམ་དགེ་དང་། མཁན་པོ་ཚུལ་ཁྲིམས་ཉི་མ། མཐའ་ཞུ་བླ་མ་དཔལ་མཆོག་བཅས་ཀྱིས། བླ་གྲྭ་ལ་བསྒྲིགས་ལམ། མང་ཚོགས་ལ་སློབ་གསོ་སོགས། ཐུགས་འགན་ཕྲག་ཏུ་བཞེས་ཏེ། དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུ། བོད་ས་སྟག་༢༠༡༠ལོའི། བོད་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་ ཕྲན་གྱིས་གྲུབ་ཆེན་རིན་པོ་ཆེ། རང་དགོན་དུ་གདན་འདྲེན་རྒྱུ་གྲོས་འགོ་བཏོན་ཏེ། དེ་དོན་གྲུབ་ཆེན་ཉིད་ལ་ཞུ་མཁན། ཚུལ་ཁྲིམས་ཉི་མ་བྱོན་རོགས་ཞུས་པ་ལྟར། ཁོང་གྲུབ་རྗེ་རིན་པོ་ཆེར་དེ་དོན་ཞུས་པས། གྲུབ་ཆེན་རིན་པོ་ཁྱུང་ནག་དགོན་དུ་ཕེབས་རྒྱུ་ཞལ་བཞེས་གནང་བ་ཐོབ། ལྕགས་སྟག་ལོའི་ཧོར་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན། གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གདན་དྲངས་ཏེ། ཉིན་བདུན་རིང་ཨ་དཀར་བུམ་སྒྲུབ་ཚོགས། དེའི་རིང་གྲུབ་ཆེན་རིན་པོ་ཆེས་དགོན་པ་གནས་སྤོ་དགོས་པས། སློབ་གསོ་ཡང་ཡང་གནང་བ་དང་། ཕྲན་གྱིས་དགོན་པ་གནས་སྤོ་དགོས་པའི་གྲོས་འགོ་བཏོན་པས་མ་ཚད་ བླ་གྲྭ་མི་རེ་ངོ་རེ་ལ་དགོན་པ་གནས་སྤོ་བྱེད་རྒྱུ་ལ། བློ་བབས་མོས་མཐུན་བྱེད་དགོས་པའི་རེ་བ་བྱས་པས་མཐུས། དགོན་པའི་བླ་གྲྭ་དང་ཆོས་དད་མང་ཚོགས། དེ་བཞིན་དབུ་ཁྲིད་རྣམ་པ་བཅས་ཀྱི་ གྲོས་བསྡུར་རབས་དང་རིམ་པ་བྱས་པ་བརྒྱུད། སྔར་དགོན་པའི་བླ་མ་དམ་པ། མཐའ་ཞུ་པད་མ་ཀུན་ལེགས། དེ་ཉིད་ཀྱི་དགོང་བཞེད་བཞིན། དགོན་པ་བཀྲ་ཤིས་སུམ་མདོ་ལ་གནས་སྤོ། བྱ་རྒྱུའི་གྲོས་མཐུན་བྱུང་བའི་མ་ཚད། ཕྲན་གྱིས་ཡོངས་འབེབས་ཚང་མ། དགོན་པ་གཞུང་ལ་བཞག་རྒྱུ་དང་། ཁོང་གི་འགྲོ་སོང་ཚང་མ་དགོན་པ་གཞུང་ནས་གཏོང་རྒྱུ་བཅས་གྲོས་བྱས། དགོན་པ་རྒྱབ་བྱེད་མ་དངུལ། ནམ་མཁའ་རིན་པོ་ཆེས་སྒོར་ཁྲི་གསུམ་གནང་བ་དང་། ནག་རུ་ལྷ་སྡེའི་ཁྱོན་སྒོར་ཁྲི་ཉིས་བརྒྱ་ལྷག་ཐོ་འགོད་བྱས། དེ་ནས་ཕྲན་གྱིས་འབད་བརྩོན་ཆེས་ཆེར་བྱས་པ་ལས། ༢༠༡༠ ཟླ་བ་གཉིས་པའི་ཚེས་བཅུ་གསུམ་ཉིན། དགོན་བསམ་གཏན་གླིང་དུ་གྲྭ་པ་བཅོ་བརྒྱད་གྱི་སྒྲུབ་གྲྭ་ཞིག་ དབུ་ཚུགས་པ་དང་། གནས་སྐབས་ཕྲན་དང་། མཁན་པོ་བསམ་གཏན་དགེ་ལེགས་གཉིས་ཀྱིས་དཔེ་ཁྲིད་མཛད་ དེ་ནས་ཕྲན་གྱིས་གྲྭ་བཙུན་བྱང་ཆུབ་རྒྱལ་མཚན་ལ། དགེ་རྒན་མཛད་དགོས་པས་རེ་བ་བཏོན་ཏེ། ཁོང་དགེ་རྒན་བསྐོས་པ་དང་ ཟླ་བ་གསུམ་པར་ལོ་ཆུང་བྱིས་པ་ལ། ཡོན་ཏན་སློབས་སའི་སློབ་གྲྭ་ཞིག་དབུ་ཚུགས། ཟླ་བ་ལྔ་པའི་ཚེས་སུམ་བཅུ་ཉིན་བླ་གྲྭ་དང་། དབུ་ཁྲིད་མང་ཚོགས་བཅས་ཚོགས་འདུ་འཚོགས་ནས། གྲོས་བྱས་པ་རྒྱུད་ཝེར་ལའི་རྡོ་འོར་ནས། དགོན་པའི་འདུ་ཁང་རྡོ་བརྩིག་རྒྱབ་རྒྱུ་དང་། དགོན་པའི་བླ་གྲྭ་དང་འགོ་ཁྲིད་བཅས་ཀྱིས། དགོན་པ་གནས་སྤོས་ཀྱི། ཆོག་མཆན་ཞུ་རྒྱུའི་འགན་དེ། ཕྲན་གྱི་ཁུར་དགོས་རྒྱུའི་གྲོས་མཐུན་བྱུང་བས། ཕྲན་གྱིས་ཞེ་གཞུང་ཤང་དང་། སྟེང་ཆེན་རྫོང་། ཆབ་མདོ་ས་ཁུལ་བཅས་འབྲེལ་ཡོད་སྡེ་ཚན་ལ། རེ་མདུན་ཡི་གེ་རིམ་པར་ཕུལ་བས། མཐར་ཆོག་མཆན་ཐོབ། ཟླ་བ་དྲུག་པའི་ཚེས་བཅུ་ཉིན་ཟླ་སྤྲུལ་རིན་པོ་ཆེ་དང་། ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་གདན་དྲངས་ཏེ། ནག་རུའི་བླ་མ་མཁན་སློབ་རྣམས་དང་། དབུ་ཁྲིད་རྣམ་པ། དེ་བཞིན་སེར་སྐྱ་མང་ཚོགས་བཅས་ཀྱིས། བཀྲ་ཤིས་སུམ་མདོ་ལ་ས་སློང་དང་ལྷ་རྒྱལ་སོགས་ བཀྲ་ཤིས་པའི་རྟེན་འབྲེལ་ཟབ་རྒྱས་བྱས། ཟླ་བ་དྲུག་པའི་ཚེས་ཉེར་གསུམ་ཉིན་གྲོས་བསྡུར་བྱས་པ་རྒྱུད། ཕྲན་གྱིས་དགོན་པ་གསར་བཞེངས་ཀྱི་ སྤྱིའི་འགན་ཁུར་རྒྱུ་དང་། བསམ་གཏན་དགེ་ལེགས་དང་ཚུལ་ཁྲིམས་ཉི་མ་གཉིས་ཀྱིས། གཉེར་པ་དང་ལྷན་དུ་ཤིང་ཆ་ཉོ་སྒྲུབ་བྱེད་རྒྱུའི་འགན་བཞེས་རྒྱུ། དཔལ་མཆོག་དང་ཚུལ་ཁྲིམས་བློ་གྲོས་གཉིས་ཀྱི། ལས་བཟོའི་ཨར་པོ་བལྟ་བསྐུལ་གྱི་འགན་བཞེས་རྒྱུ། བཅས་གྲོས་མཐུན་བྱས། ཚེས་བཅོ་བརྒྱད་ཉིན་ལྷ་མཐོང་ཚུན་ཡོངས་ཀྱིས། མང་ཚོགས་རྣམས་ཀྱི་ཝེར་ལ་ནས་རྡོ་སློགས་ཏེ། རྡོ་རླངས་འཁོར་ཉིས་བརྒྱ་ལྷག་འོར། དེ་ནས་ལས་གྲྭ་དབུ་བཙུགས་ཏེ། དགོན་པའི་འདུ་ཁང་རྨིང་བཏིངས། དེ་ནས་ཤིང་ཆ་ཉོ་སྒྲུབ་བྱས་ནས་དགུན་རིང་ཤིང་གཞོག དེ་ནས་༢༠༡༡ལྕགས་ཡོས་ལོའི་ཧོར་ཟླ་དང་པོར། ཕྲན་གྱིས་སྟེང་ཆེན་དགོན་རྒྱ་མཚོ་རིན་པོ་ཆེ་ལ་ སྟེང་ཆེན་དགོན་གྱི་སྒྲུབ་ཐོན་པ། རང་དགོན་པའི་གྲྭ་བཙུན་ཡེ་རབ་དང་བཟོད་པ་གཉིས། རང་དགོན་སྒྲུབ་གྲྭའི་དགེ་རྒན་དུ། གཏོང་རོགས་ཞུས་ནས་མར་བསུས། ཁོང་རྣམ་གཉིས་ཀྱིས་༢༠༡༡ ལོའི་སྤྱི་ཟླ་༣་པར་དགོན་པར་བཞུགས་ཏེ། དཔེ་ཁྲིད་བྱས། སྤྱི་ཟླ་༡༡པར་སྒྲུབ་གྲྭའི་འགན་ཁུར། ༢༠༡༡ལོའི་སྤྱི་ཟླ་༤པའི་ཚེས་༢༧ ཉིན་ཞེ་གཞུང་ཤང་གི་ཧྲུའུ་ཅུའུ་བཀྲ་འདུས་དང་། ཤང་ཀྲང་ཉི་གྲགས་ བཅའ་སྡོད་ལས་བྱེད་ཟླ་ཚེ། ལྷ་མཐོང་ཚོན་ཡོངས་ཀྱི། འགོ་ཁྲིད་རྣམ་རྒྱལ་དང་ཨ་ར་སོགས་ཚུན་ཙུའུ་འགོ་ཁྲིད་རྣམས་དང་། ལྷ་མཐོང་མང་ཚོགས་ཁག་གཅིག་དང་། དགོན་པའི་བླ་གྲྭ་བཅས་ཚོགས་འདུ་འཚོགས་ཏེ། དགོན་པའི་ལས་དཀའི་བྱེད་ཕྱོགས་དང་། དཔལ་འབྱོར་གཏོང་ཡོངས་ཞིབ་རྩིས། ཉིན་ལྔ་ལ་རྒྱབ་ནས་གྲོས་བྱས་པ་རྒྱུད། ཕྲན་གྱིས་དགོན་པ་གསར་བཞེངས་ཐད། ཕྱོགས་གང་ས་ནས་འགན་ཁུར་དགོས་པས་མ་ཚད། དགོན་པའི་དཔལ་འབྱོར་གཏོང་ཡོངས་ཐད་བལྟ་སྐུལ་དོ་དམ་གཙོ་བོའི་འགན་ཁུར་རྒྱུ། བསམ་གཏན་དགེ་ལེགས་ཀྱི་ གྲྭ་ཤག་ལས་གྲྭའི་ཨར་པོ་ལ་བལྟ་སྐུལ་དོ་དམ་གྱི་འགན་ཁུར་རྒྱུ། ཚུལ་ཁྲིམས་ཉི་མ་དང་ཚུལ་ཁྲིམས་བློ་གྲོས་གཉིས་ཀྱིས། འདུ་ཁང་ལས་གྲྭའི་ཨར་པོ་ལ། བལྟ་སྐུལ་དོ་དམ་གྱི་འགན་ཁུར་རྒྱུ་བཅས། འདམ་བསྐོ་བྱས། དེ་ནས་ལས་གྲྭ་དབུ་གཙུག་སྟེ། ༢༠༡༡ ལོའི་སྤྱི་ཟླ་བཅུ་པའི་ནང་གྲྭ་ཤག་བཅུ་བཞི་དང་། འདུ་ཁང་བཅས་གྲུབ་པ་དང་ ༢༠༡༡་པའི་སྤྱི་ཟླ་༡༡་པའི་ནང་། རྫོང་ནས་མངག་གཏོང་དགོན་པ་དོ་དམ་པ། རྫོང་གི་ལས་བྱེད་གསུམ་དགོན་པར་འབྱོར། ཆུ་འབྲུག་༢༠༡༢ལོའིསྤྱི་ཟླ་༤པར། སྔ་ལོ་ཇ་ཁང་ལས་འཕྲོ་ལུས་པ་དེ། ཕྲན་གྱིས་འགན་ཁུར་ཏེ་བཟོ་དགོས་པས་གྲོས་མཐུན་ལྟར། ཕྲན་གྱིས་ཨར་པོ་བལྟ་སྐུལ་བྱས་ཏེ། ཇ་ཁང་ལས་འཕྲོ་ཡོངས་སུ་གྲུབ་པ་དང་། འདུ་ཁང་གི་པན་བརྩིག་བཅས་བཟོས། བསམ་གཏན་དགེ་ལེགས་དང་། ཚུལ་ཁྲིམས་ཉི་མ། ཚེ་དབང་བཅས་ཀྱི་བལྟ་སྐུལ་དོ་དམ་བྱས་ནས་གྲྭ་ཤག་བཅུ་བཞི་དང་། འདུ་ཁང་ཕྱི་ནང་ཤིང་མཚོན་བཅས་གྲུབ།
- ཟིན་ཐོ་གོང་མ།9 ཁྱུང་ནག་བསམ་གཏན་གླིང་གི་ལོ་རྒྱུས།
- ཟིན་ཐོ་འོག་མ།11 ཁྱུང་ནག་བསམ་གཏན་གླིང་གི་ལོ་རྒྱུས།