༄༅། ཁྱུང་ནག་བསམ་གཏན་གླིང་གི་བླ་རབས་ལོ་རྒྱུས་བཞུགས་སོ༎ ༄༅།། ༎སྐྱབས་མེད་འགྲོ་བའི་མ་འདྲིས་མཛའ་བས་བཤེས།། བཤེས་གཉེན་བླ་མེད་སྟོན་པ་སངས་རྒྱས་མཆོག མཆོག་གི་ཞལ་གསུང་བྱིན་རླབས་འཕྲུལ་ངག་བོན།། བོན་བསྟན་འཛིན་སྐྱོང་སྤེལ་མཛད་སེམས་དཔའི་ཚོགས། ཚོགས་གཉིས་རྫོགས་ཕྱིར་སྒོ་གསུམ་གུས་པས་འདུད།། ལྷ་མཆོག་འདུར་གསས་རྨ་བོས་བྱིན་རླབས་ཤིང་།། ཐུགས་ཀར་ལྷ་ཡི་གདུང་ལས་གྲོལ་བ་ཡི།། རིག་འཛིན་གྲུབ་ཐོབ་མཐའ་ཞུ་རས་ཐུལ་སོགས། མཐའ་ཞུ་བླ་རབས་བླ་རྒྱུད་རིམ་བྱོན་རྒྱལ། མཁྱེན་དཔྱོད་མཁས་བཞི་ལོ་པན་ཁེངས་པ་བསྙིལ། འཕྲིན་ལས་འཛམ་གླིང་རྒྱན་དྲུག་སྐྱེངས་པར་བྱེད།། ཚངས་སྤྱོད་གཙུག་གཤེན་རྒྱལ་བ་གཉིས་པ་དངོས། སྨྲ་དབང་བསྟན་འཛིན་རྣམ་དག་སྤྱི་བོར་མཆོད།། བསྟན་པ་འཛིན་མཛད་བླ་རབས་རིམ་བྱོན་དང་། བསྟན་པ་སྐྱོང་མཛད་རྩ་བའི་བླ་མ་མཆོག བསྟན་པ་སྤེལ་མཛད་མཁས་བཙུན་རྣམ་པ་དང་། བསྟན་པ་སྲུང་མཛད་བོན་སྐྱོང་བཅས་ལ་འདུད། འདི་ན་གསར་རྩོམ་ལེགས་བཤད་མ་མཆིས་ཀྱང་། ལོ་རྒྱུས་ཟླ་བའི་མ་མ་ལས་འོང་པའི།།དཔྱད་བརྗོད་ཚིག་ཕྲེང་ཆུ་ཐིགས་ཕྲ་མོ་ཙམ། གཤེན་བསྟན་ཆུ་གཏེར་རྒྱས་ཕྱིར་དམིགས་ལ་འབྲི།། རང་དགོན་ལོ་རྒྱུས་རྒྱ་ཆེ་གཏིང་ཟབ་པ། རང་མཐོང་བྱིས་བློས་དཔོག་པའི་གནས་མིན་ཀྱང་། རང་ནུས་ཡོད་དགུས་ལོ་རྒྱུས་དང་འབྲེལ་གཏམ། རང་མཉམ་བློ་གསར་ཚོགས་ལ་སྐྱེས་སུ་འབུལ༎ ཞེས་མཆོད་བརྗོད་དང་འབྲེལ་རྩོམ་པར་དམ་བཅའ་བའི་ཚིག་གིས། ལམ་ཡངས་པོར་ཕྱེས་ནས་གང་གླེང་བར་བྱ་བ་ནི། ཁྱུང་ནག་དགོན། དཔལ་གཤེན་བསྟན་གཡུང་དྲུང་བསམ་གཏན་གླིང་གི བླ་རབས་ལོ་རྒྱུས་མདོར་བསྡུས་ཙམ་གླེང་བ་ལའང་། འདུས་སྡེ་འདི་ཐོག་མར་ཕྱག་འདེབས་མཁན་བླ་མའམ། བླ་རབས་དང་པོ་ནི་སྙ་ཆེན་ལི་ཤུ་སྟག་རིང་ཡིན་པར་གྲགས་ཤིང་། ལི་ཤུ་དགུང་ལོ་གཅིག་སྟོང་ལྔ་བརྒྱ་བཞེས་པའི་འབྱུང་ལྡན། ༢༦༨ པ་ཤིང་བྱི་སྤྱི་ལོ་བཞི་ལོར་གཤེན་གྱི་འདུས་སྡེ་བཀྲ་ཤིས་དགོན། ཕྱག་བཏབ་པར་གྲགས། བཤད་སྲོལ་འདི་དག་དམངས་ཁྲོད་ཀྱི་ངག་རྒྱུན་ཙམ་ལས། ཡིད་བརྟན་འཕེར་བའི་ལོ་རྒྱུས་ཀྱི་དཔྱད་གཞི་མ་རྙེད་ལ། དེ་བཞིན་དེའི་རྒྱུད་འཛིན་བླ་མ་གང་ཡིན་ཀྱང་། དཔྱད་གཞིའི་ཡིག་ཆ་ཁུང་བཙན་མི་འདུག་པས་བཤད་པ་འདི་ཙམ་དུ་ལུས། ས་གནས་འདིར་སྙ་ཆེན་ལི་ཤུས། དགོན་སྡེ་ཕྱག་བཏབ་ནས་སྤྱི་ལོ་༡༢༢༡ལྕགས་མོ་སྦྲུལ་གྱི་ལོ་བར། མི་ལོ་གཅིག་སྟོང་ཉིས་བརྒྱ་བཅུ་བདུན་གནས་ཟེར་སྲོལ་དང་། སྤྱི་ལོ་༡༢༢༢ལོར་སོག་པོའི་དམག་གིས། འདུས་སྡེ་བཀྲ་ཤིས་དགོན་མེ་ལ་བསྲེགས་པར་གྲགས། དེའི་རྗེས་ས་སྤྲེལ་སྤྱི་ལོ་༡༢༤༨ལོར། བླ་རབས་གཉིས་པ། ཁྱུང་པོ་ནང་ཆེན་གྲགས་པ་རྒྱལ་མཚན་གྱིས། དགོན་ས་སྤོས་ཏེ་གཤེན་གྱི་འདུས་སྡེ་ཟླ་བ་དགོན་ཞེས་པ། ཕྱག་བཏབ་ནས་ཁོང་ཕྱོགས་མེད་ཀྱི་བྱ་བྲལ་མཛད་དེ། གདན་ས་ཞུ་ཚང་ལ་ཕུལ། དགོན་པའི་བསྟན་བདག་ཞུ་སྒོམ་འཁྲུལ་ཞིག་བསྐོས། དུས་དེ་ནས་བཟུང་དགོན་པའི་བསྟན་པ། ཐུགས་དཀར་ལྷ་ཡི་གདུང་ལས་གྲོལ་བའི་གཡས་བོན་ལྕགས་ཀྱི་བྱ་རུ་ཞེས། ལྷ་མཆོག་འདུར་གསས་རྨ་བོས་བྱིན་གྱིས་རླབས་པས། གདུང་རྒྱུད་ཞུ་ཚང་བླ་རབས་རིམ་བྱོན་གྱིས་སྐྱོང་བས། དེའི་གྲོལ་ཕུགས་ལོ་རྒྱུས་གཞན་དུ་གསལ།
- ཟིན་ཐོ་གོང་མ།སྨྱོན་པའི་ལོ་ཐོ་4
- ཟིན་ཐོ་འོག་མ།2ཁྱུང་ནག་བསམ་གཏན་གླིང་གི་ལོ་རྒྱུས།