གནམ་སྲས་གཟི་དམར།
སྤྱི་བསྒྲགས།

    རུས་མིང་མཐའ་ཞུ་ཡེ་ཤེས་བསྟན་འཛིན།   སེར་མིང་འོད་ཟེར་མཐར་རྒྱས་འབྲེལ་གཏུག་གློག་འཕྲིན་18708082885  ཡང་ན་༡༨༨༩༨༠༡༣༥༨༨འབྲེལ་གཏུག་གློག་མཐོང་QQ1656147408  རྒྱ་ཆེའི་དྲྭ་གྲོགས་ཚོས་སློབ་སྟོན་དང་རྒྱབ་སྐྱོར་རོག་རིམ་གང་མང་གནང་བའི་རེ་བ་ཆེའོ།། །།

ལི་ཐོ།
    <<  < 2021 - >  >>
    12
    3456789
    10111213141516
    17181920212223
    24252627282930
    31
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
3ཁྱུང་ནག་བསམ་གཏན་གླིང་གི་ལོ་རྒྱུས། | 2015/5/6 17:03:00

བླ་རབས་བཞི་པ་ དེའི་སྲས་མཐའ་ཞུ་ཁྲོ་བོ་རྒྱལ་མཚན། ས་ཕོ་བྱི་བར་འཁྲུངས། ཡབ་ཀྱི་ཞལ་ནས་བུ་ཁྱེད་སྔགས་སེམས་ལ་ཞུགས་ནས། སྒོམ་སྒྲུབ་ཉམས་ལེན་གྱིས་གསུངས་པ་བཞིན། ཟླ་དགོན་བསྟན་པ་བསྐྱངས་བཞིན་གེ་ཁོད་ལོ་མང་བསྒྲུབ། མཐར་དགུང་ལོ་གྱ་ལྔར་འཇའ་འོད་ཟེར་བཅས་གཤེགས།  གདུང་ལས་གཤེན་ལྷའི་སྐུ་བྱོན་ནོ༎ བླ་རབས་ལྔ་པ་དེའི་སྲས། མཐའ་ཞུ་སྟོབས་རྒྱལ་ལྕགས་སྤྲེལ་ལོར་འཁྲུངས། དགུང་ལོ་བདུན་ནས་འབྲི་ཀློག་སྨན་རྩིས་དང་། མདོ་སྔགས་གཞུང་ལ་ཐོས་བསམ་མཛད།   དེ་ནས་ཟླ་བ་དགོན་དུ་སྒོམ་སྒྲུབ། ཡུན་དུ་མཛད་པས་ལྷ་ཞལ་དུ་མ་མཇལ།        སྔགས་སེམས་དོན་ལྡན་རིག་འཛིན་མཆོག་ཏུ་གྲུབ།  སྐུ་ཚེ་སྒྲུབ་མཉམ་གོ་བརྒྱད་དབྱིངས་སུ་གཤེགས།  དེའི་སྲས་ཆེ་བ་མཐའ་ཞུ་འོད་ཟེར་རྒྱལ་མཚན། ཤིང་བྱ་ལོར་འཁྲུངས།   ཆུང་ནས་སྦྱོང་འཕྲོ་སད་དེ། འབྲི་ཀློག་ལས་སོགས་སློབ་པ་ཙམ་གྱིས་མཁྱེན།       ཆེར་སྐྱེས་ནས་ཁྲ་ཆགས་མེད་བཀྲ་ཤིས་རྒྱལ་མཚན་དང་། ཞུ་བཙུན་གཡུང་དྲུང་ཁྲི་འོད་སོགས་ལས། ཕྱི་ནང་གསང་བའི་བོན་སྒོ་མཐའ་དག་གི། རྒྱུད་ལུང་མན་ངག་ཞུས་ནས་ཐོས་བསམ་སྦྱོང་།    ཆགས་མེད་མདུན་ནས་ཁྲིམས་ཆེན་སྡོམ་པ་དང་། གསང་སྔགས་དབང་ནོད།  སྣང་བ་ལྷ་སྐུར་ཤར།  ཐེག་ཆེན་དོན་ནོད།   བཟུང་འཛིན་རང་སར་གྲོལ། ཁྲ་རྒན་ཉི་ཕུག་བསྟན་པའི་རྒྱལ་ཐེབས་མཛད།  དྲང་སྲོང་འཁོར་ལ་འཆད་ཉན་བཀའ་འཁོར་བསྐོར། དེ་རྗེས་ཞེ་གཞུང་རྒོ་ཐི་དགོན་དུ། སྒོམ་སྒྲུབ་ཉམས་ལེན་ཞོར་དུ། གྲྭ་སློབ་བརྒྱ་ཕྲག་ལྷག་ཙམ་སྨིན་གྲོལ་མཛད།  བླ་རབས་དྲུག་པ་དེའི་མཆེད་ཡ་གཅུང་པོ། མཐའ་ཞུ་གྲུབ་ཐོབ་རས་ཐུལ། རབ་བྱུང་བརྒྱད་པའི་ས་བྱི་ལོར་འཁྲུངས།      ཡབ་སོགས་ཕྱོགས་མེད་བླ་མ་མང་པོ་བསྟེན་ནས། མདོ་སྔགས་སེམས་གསུམ་བོན་སྡེའི་ཁྲིད་ལུང་མན་ངག་ཞུས།      ཁྲིག་ཆོད་ཐོད་རྒལ་དང་འབོག་འདོན་རྩ་རླུང་བཅས། ལོ་དགུར་རྩེ་གཅིག་སྒོམ་པའི་ཉམས་མྱོང་རྒྱུད་ལ་སྐྱེས།  མཆོག་ཐུན་གྲུབ་པ་བརྙེས་དབྱར་དགུན་མེད་པར། རས་གཟན་དཀར་པོ་གཅིག་རང་མནབ་པས། མཐའ་ཞུ་རས་ཐུལ་ཞེས་མཚན་དུ་གྲགས།  གནས་བརྒྱ་དུར་བརྒྱ་གཅོད་ཅིང་སྟོད་སྨད་ཀུན་ལ་བྱོན།   གྲུབ་རྟགས་དང་རྫུ་འཕྲུལ་ངོ་མཚར་ཆེ་བ། མང་པོ་བཞག་ཚུལ་རྣམ་ཐར་རྒྱས་པར་གསལ༎   སྤུ་རྒྱལ་གངས་དཀར་གྱི་གནས་སྒོ་ཕྱེས་ཏེ། འཕར་ཆུང་འགྲོ་བ་འདྲེན་པ་གཏེར་ལས་དྲངས༎   བོན་རི་དབུས་ཕུག་ནས་གཤེན་ལྷ་འོད་དཀར། བུམ་པ་གཡུང་དྲུང་བསྣམས་པ་གཏེར་ལས་བཏོན་པ་ད་ལྟ་བཞུགས༎   ཀོང་སྨད་རྒྱ་ལའི་བྲག་ནས་བྱམས་མ་རེ་ཤགས་མའི་སྐུ། གནམ་ལྕགས་ལས་གྲུབ་པ་གཏེར་ལས་བཏོན་པ་ད་ལྟ་བཞུགས།      དེ་ནས་ཟླ་བ་དགོན་དུ་ཡི་དམ་དབལ་གསས། བསྙེན་བསྒྲུབ་མཛད་པས་གྲུབ་པའི་རྟགས་ལ། མེ་ཡིས་མི་ཚིག་ཅིང་ཆུ་ལ་མི་བྱིངས་པ་དང་༎   ཆར་ཕབས་པ་དང་ཆར་བཀག་པ་ལ་ཐོགས་པ་མེད་པ།    ཐུ་བ་བརྡབས་པས་སེར་བ་བཀག་པ། ཞལ་གྱི་མཆིལ་མས་རྨ་གསོ་བ༎ ཕྱག་མདུད་ཀྱིས་གྲི་མཚོན་སྲུང་བ་སོགས། གྲུབ་པའི་ཡོན་ཏན་བསམ་ཡུལ་ལས་འདས་སོ༎  མདོ་དབུས་ཁམས་གསུམ་ཧོར་དང་ཁྱུང་པོ་སོགས། གདུལ་བྱར་གྱུར་ཞིང་དད་གུས་ཤིན་ཏུ་ཆེ་བ་དང་། དེང་སང་ཡང་མཐའ་ཞུ་བླ་རབས་བླ་རྒྱུད་ཀྱི། ཐུགས་རྗེ་བྱིན་རླབས་དང་། གྲུབ་རྟགས་རྫུ་འཕྲུལ་གྱི་ལོ་རྒྱུས་མང་པོ། ཡུལ་མིའི་ངག་རྒྱུན་དུ་སྣང་ངོ་༎  དེ་ཡང་དགེ་བསྙེན་དམ་ལ་བཏགས་ཚུལ་ནི། གྲུབ་ཐོབ་མཆོག་ལན་གཅིག་ཁྱུང་དཀར་སྟོད་ནས། ཡབ་གཞིས་བླ་བྲང་དུ་ཕེབས་ལམ་དུ། ཉམ་ཐག་པའི་བུད་མེད་གཅིག་ངུ་བཞིན་འདུག་པ་ལ། བླ་མས་ཁྱོད་འདིར་ཅིའི་དོན་ལ་ངུ་ཞེས་དྲིས་པས།   བུད་མེད་དེས་ང་ད་ལྟ་གསེར་རྩར་ཁྱིམ་དུ་བསྡད་སྐབས། རླུང་དམར་གསེབ་ནས་མི་ནག་ཤྭ་བའི་མགོ་ཅན། རྟ་ནག་ཞོན་པ་གཅིག་གིས་ཁྱེར་ཏེ། སྐད་ཅིག་ལ་བསམས་ལོང་དང་དྲན་ལོང་མེད་པར། འདིར་སླེབས་འདུག   ང་འདིར་བཞག་ནས་ཁོ་རང་། ཆུ་ཕར་ཁའི་རྔ་སྒྲ་ཡོད་ས་ནས། ཆང་འཐུང་སྟེ། སླེབས་ཡོང་ཟེར་ནས་ཕྱིན་སོང་བས༎  བླ་མ་ཁྱེད་ཀྱིས་ང་སྲོག་སྐྱོབ་རོགས། ཞེས་ཞུས་པས་དེར་བླ་མས་ཕྱག་ཕྲེང་མོ་ལ་གནང་ཏེ།   དཀོན་མཆོག་གསུམ་དང་ང་ལ་གསོལ་བ་ཐོབ། ཕྲེང་བ་འདི་ཤྭ་རྭར་བཀོན་དང་། ཁྱོད་སྲོག་ཐར་རོ་གསུངས་ནས་བླ་མ་བྱོན་ནོ། ཅུང་ཙམ་ནས་མི་ནག་དེས། བུད་མེད་དེ་རྟའི་ཕྱི་འཕོང་དུ་བཞག་སྟེ་འགྲོ་དུས།   མོས་ཕྱག་ཕྲེང་ཤྭ་རྭར་བཀོན་པས། རི་ལུང་ངུ་སྒྲ་དང་རླུང་དམར་གྱིས། གང་སྟེ་མི་ནག་གར་སོང་མི་སྣང་། ཕྱག་ཕྲེང་ནི་ཤྭ་རྭ་ཡ་གཅིག་ལ། གོན་ནས་ས་ལ་ལྷུང་ཏེ་འདུག། དེ་ནས་བླ་མས་བུད་མེད་དེ། མཐའ་ཞུ་བླ་བྲང་དུ་ཚུར་ཁྲིད།    ཚེ་དབང་དང་ཚེ་འགུགས་མཛད་ནས་ཕ་ཡུལ་དུ་ཡར་བསྐྱལ། ཤྭ་རྭ་དེ་མཐའ་ཞུ་བླ་བྲང་གི་གྱང་ནང་སྦས་ཤིང་། ཕྱག་ཕྲེང་ནི་དེང་སང་ཡང་བཞུགས་སོ༎  བླ་མ་ཁོང་གིས་ཟླ་བ་དགོན་པའི་བསྟན་པ་བསྐྱངས་ཏེ། དགུང་ལོ་བརྒྱ་དང་བརྒྱད་བཞུགས་སོ༎ མ་འོངས་ལུང་གིས་ཟིན་ཚུལ་ནི།   སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། གཤེན་ཐང་མ་གྲུབ་ལྡན་སྤྲུལ་པ་ནི།   མཐའ་ཞུ་རས་ཐུལ་བྱ་བ་འབྱུང་། སྦས་པའི་རྣལ་འབྱོར་ཆེན་པོ་ཡིན། མཚན་ཉིད་མི་འགྱུར་རྟགས་སུ་ནི། འགུལ་བར་ཤ་མཚན་དཀར་པོ་ཡོད། མ་བཅོས་ངོ་བོ་སྟོང་པར་རྟོགས། འགྲོ་དོན་ཚད་ཀྱང་བརྒྱད་སྟོང་འདྲེན།  ཅེས་དང་གཤེན་སྲས་ལྷ་རྗེའི་རྣམ་ཐར་ལས། གཅིག་ནི་གཤེན་ཆེན་རས་ཐུལ་ཏེ།   སྦས་པའི་རྣམ་འབྱོར་མཐའ་འཕགས་ཅེས། གང་འབྲེལ་བདེ་ཆེན་ཞིང་དུ་འདྲེན། ཅེས་གསུངས་སོ༎

དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.