སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
འཇའ་ལུས་པ་འོད་གསལ་གྱི་གསུང་འགུར་སྣ་ཚོགས། འོས་སྦྱོར། | 2013/8/26 10:51:00

འཇའ་ལུས་པ་གཙུག་ཕུད་འོད་གསལ་གྱི་གསུང་འགུར་སྣ་ཚོགས། ༼་་མཆོག་གསུམ་འབོད་སྐུལ།་་༽ ཀྱེ་མ་ཀྱི་ཧུད་འཁོར་བའི་སེམས་ཅན་རྣམས། ཐར་མེད་སྡུག་བསྔལ་ནད་ལས་གྲོལ་དཀའ་ཡང་། འོན་ཀྱང་རྒྱལ་བའི་གང་འདུལ་མཛད་ཕྲིན་ཀྱིས། འཁོར་མཐའ་མ་སྟོང་བར་དུ་འགྲོ་བའི་དོན། མཛད་པར་རྒྱལ་བས་ཞལ་གྱི་བཞེས་པས་ན། གདུལ་བྱའི་འགྲོ་རྣམས་བསོན་ནམས་དཔག་མེད་དོ། དེ་ཕྱིར་འགྲོ་བ་སུ་ཞིག་ཡིན་ཀྱང་རུང་། སྤྱིར་ན་སྔོན་བསགས་ལས་ཀྱི་བཟང་ངན་ལས། ད་ལྟ་བདེ་སྡུག་དངོས་སུ་སྨིན་པ་ལ། དངོས་སུ་མཐོང་བ་འདི་ནི་སྨོས་མ་དགོས། དེ་ཕྱིར་རྒྱལ་བའི་མཛད་ཕྲིན་བླ་མེད་ལ། སེམས་ཉི་མ་བྱེད་རང་ལ་ཕན་ངེས་སོ། དཀར་ནག་རྒྱུ་ཡི་འབྲས་བུ་འབྱུང་བ། ཐེ་ཚོམ་མ་བྱེད་རང་ལ་སྨིན་ངེས་སོ། དེ་ཕྱིར་རྒྱལ་བ་རྫོགས་སངས་རྒྱས་ཀུན་གྱིས། མགྲིན་གཅིག་ནང་བཞིན་ཞལ་གྱི་བཞེས་པས་ན། བསླུ་བ་མེད་འདི་ཀུན་གྱིས་མཐོང་ལགས་སམ། ཡང་ན་སེམས་ཉི་ཅུང་ཞིག་བྱུང་ལགས་སམ། གལ་ཏེ་རྒྱལ་བ་རྫོགས་སངས་རྒྱས་པ་ལ། སེམས་ཉི་བྱུང་ན་གཞན་ལ་གནོད་མིན་ཀྱང་། མཐར་ཐུག་ཕན་གནོད་རང་ལ་འབྱུང་ངེས་པར། དཔྱོད་ལྡན་སྤྱན་རས་ཡངས་པའི་གཟིགས་ལགས་སམ། མངོན་སུམ་མདུན་དུ་སྣང་འདིར་རྟོགས་ལགས་སམ། མཁྱེན་ལྡན་རྣམས་ཀྱི་རྟོགས་པར་སྨོས་མ་དགོས། དེ་ཕྱིར་གང་ལྟར་གང་ཞིག་བསམ་གྱུར་ན། ཐོག་མར་རང་ཉིད་དབང་མེད་ལས་ཀྱི་སྐྱེས། སྐྱེས་ནས་ནམ་ཞིག་འཆི་བདུད་མ་སླེབས་བར། འགྱུར་བའི་བདེ་སྡུག་རེས་མོས་ཀུན་ལ་ཁྱབ། འོན་ཀྱང་དུས་པོ་ཆེ་རུ་མ་སླེབས་ཚེ། རང་གཞན་བར་གསུམ་སུ་ཞིག་ཡིན་ཀྱང་རུང་། གཅིག་འཁྲུལ་གཉིས་འཁྲུལ་ཐམས་ཅད་སྨྱོན་པའི་གང་། དེ་ཕྱིར་སུ་ལ་རྟག་པ་མེད་པ་ནི། བཅོས་མེད་རང་བྱུང་ཁམས་ཀྱི་མཚན་ཉིད་ལགས། འོན་ཀྱང་འགྲོ་ལ་སྡིག་པ་ལུགས་སྲོལ་ཡོད། དེ་ལ་བཤགས་ན་མི་འབྱང་གཅིག་ཀྱང་མེད། གསུང་པ་རྣམས་ནི་རྒྱལ་བའི་གསུང་ལགས་ཕྱིར། བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་ཀྱི། དང་པོ་སྡིག་པ་ཆེ་བ་སྨོས་མ་དགོས། རང་གི་རང་ལ་བསམ་ན་སྐྱུག་རེ་བྲོ། འོན་ཀྱང་མདོ་རུ་བསྡུས་ན་འདི་ལྟར་ཏེ། དང་པོ་དགེ་སྡིག་གང་ཞིག་བགྱིས་ནའང་། གཙོ་བོ་སེམས་ཀྱི་བསྐྱེད་པའི་འབྲས་བུ་ལས། སྦྱོར་དངོས་རྗེས་གསུམ་ཀུན་ཀ་ཚང་གྱུར་ན། བཟང་ནང་གཉིས་ཀྱི་འབྲས་བུ་སྨིན་པའོ། འོན་ཀྱང་དགེ་སྡིག་གང་ཞིག་བགྱིད་ནའང་། དང་པོ་གཙོ་བོ་སེམས་ཀྱིས་བྱས་པ་སྟེ། དེ་ལ་བརྩེ་གཅིག་སེམས་ཀྱིས་བཤགས་གྱུར་ན། མི་འདག་མེད་པར་སངས་རྒྱས་རྣམས་ཀྱིས་གསུང་། དེ་ཕྱིར་དེ་ཡི་དོན་ནི་འདི་ལྟར་ཏེ། བཤགས་མེད་ཚད་ལས་བརྒལ་བ་མཚམས་མེད་ལས། འོན་ཀྱང་ངེས་པར་བཤགས་ན་བཤགས་སུ་ཡོད། དེ་ཡང་སྟོབས་བཞི་ཚང་པའི་སྒོ་ནས་བཤགས། སྔར་བྱས་སྡིག་ལ་གནོང་འགྱོད་ཤེས་པའི་སྟོབས། དཔང་པོ་མཆོག་གསུམ་གསལ་སྒྲིབ་མེད་པའི་སྟོབས། མེ་ལྕེའི་་རྩེ་ཡིས་མུན་སྨག་སེལ་འདྲའི་སྟོབས། སླད་ཆད་མི་བགྱིད་འཁྱག་དབང་ལྟར་བུས་སྟོབས། དེ་ལྟའི་སྟོབས་བཞིའི་སྒོ་ནས་བཤགས་བྱས་ན། དུ་གསུམ་སྒྲིབ་གཉིས་བག་ཆགས་དང་བཅས་པ། སྐད་གཅིག་ཉིད་དུ་ཚེག་མེད་དག་པ་ལ། ཐེ་ཚོམ་མི་དགོས་རྒྱལ་བས་གསུང་པས་སོ། དེ་ཕྱིར་དགེ་སྡིག་བྱེད་པོ་རང་སེམས་ཡིན། མཐའ་མར་བཤགས་སྦྱོང་བྱེད་པོ་རང་སེམས་ཡིན། དེ་ཕྱིར་སེམས་ཆུང་མ་བྱེད་ཡིད་ཅན་རྣམས། ད་ལྟའི་སྣང་བ་རྨི་ལམ་སྒྱུ་མ་རུ། བཤད་བཤད་མི་དགོས་ཀུན་གྱིས་རྟོགས་ལགས་སམ། ནང་དོའི་སྣང་བ་ཉི་ཟེར་རྡུལ་འཁྲིག་ལྟར། གཏད་མེད་ཡིད་ཀྱིས་གྲོང་ཁྱེར་འཛིན་པ་འདི། སྤྱན་ལྡན་རྣམས་ཀྱིས་ངེས་པར་གཟིགས་ལགས་སམ། དེའང་སྐྱེ་བ་སྔོན་མ་འདས་ཟིན་ཞིང་། སྐྱེ་བ་ཕྱི་མ་དངོས་སུ་མ་སྨིན་ཞིང་ བར་དུ་གནས་པ་རྣམས་ནི་བར་དོའོ། དེའང་གནས་པ་ཚེ་ཡི་བར་དོ་དང་། འཆི་ཁ་དུས་ཀྱི་རིམ་པའི་བར་དོ་དང་། བོན་ཉིད་རང་འོད་གསལ་བའི་བར་དོ་དང་། ཕ་རོལ་སྲིད་པའི་འཆར་སྣང་བར་དོ་བཅས། རྣམ་པ་བཞི་རུ་འདོད་པ་བོན་གྱི་ལུགས། འོན་ཀྱང་ནམ་ཞིག་ནམ་གྱི་དུས་ལའང་། གང་སྣང་ཐམས་ཅད་སྣང་སྟོང་ཟུང་འཇུག་ཏུ། ངེས་པར་རྟོགས་ན་བླ་མའི་སྐུ་མཆོག་གོ་ སྒྲ་རྣམས་ཐམས་ཅད་གྲགས་སྟོང་ཟུང་འཇུག་ཏུ། ངེས་པར་རྟོགས་ན་བླ་མའི་གསུང་མཆོག་གོ་ དྲན་རྟོག་ཐམས་ཅད་རང་ཤར་རང་གྲོལ་དུ། ངེས་པར་རྟོགས་ན་བླ་མའི་ཐུགས་མཆོག་གོ་ དེ་ལྟར་བླ་མའི་གསང་བ་གསུམ་པོ་ལ། རང་དབང་འབྱོར་ནས་གཞན་དོན་གཟུགས་སྐུ་ཡིས། འཁོར་མཐའ་མ་སྟོང་བར་དུ་བསྟན་འགྲོའི་དོན། བརླབ་ཆེན་ཟད་མེད་གཏེར་ལ་དབང་བར་ཤོག་ཅེས་པ་ནི་དགེ་སྦྱོང་བ་བསམ་གཏན་དགེ་ལེགས་ཐུགས་སྐོང་སླད་སྨྱོ་ལབ་པ་འོད་གསལ་མིང་པས་གང་དྲན་བྲིས་པའོ། ༼་་ཉམས་སྟོང་རང་གྲོལ་་༽།  ན་མོ་གུ་རུ་རན་ན་ཡེ་བསྒོམ་པའི་དོན་ལ་བརྩོན་པའི་གཤེན་རབ་རྣམས། སྔོན་བསགས་རྒྱ་མཚོའི་གཏེར་ལས་ཐོན་པ་ཡི། སྒོམ་པའི་ནོར་བུ་སྤྱི་བོའི་རྒྱན་དུ་ཐོབ། ཐོབ་པ་དེ་ནི་ཨེ་མ་ངོ་མཚར་རྨད། དེ་ཡང་གསེར་འོད་ནོར་བུ་འོད་འབར་ལས། སྒོམ་བྱ་སྒོམ་བྱེད་མཐའ་དང་བྲལ། སྟོང་ཉིད་རང་སྒྲ་སྒྲོགས་པའོ། གསུང་པའི་མཐའ་བྲལ་སྟོང་ཉིད་དོན། དེ་ཡང་ཡོད་མེད་སྣང་སྟོང་དང་། སྐྱེ་འགགས་རྟག་ཆད་ལ་སོགས་པའི། གང་གི་མཐའ་རྣམས་རབ་གྲོལ་བའི། རང་གྲོལ་སྟོང་གསལ་ལྷུན་གྲུབ་ཉིད། བློས་བྱས་དྲི་མའི་མ་གོས་པར། འརྗེན་ཅེར་ལམ་དུ་སློང་བ་ལ། སྒོམ་པ་ཟེར་བའི་མིང་བཏགས་སོ། འོན་ཀྱང་ཐུན་སྒོམ་ཞེས་པ་ནི། བསྒོམ་བྱ་སྟོང་གསལ་ལྷུན་གྲུབ་དེ། དུས་ཀྱི་སྡེ་ཚན་ཕྱེས་ནས་སུ། ཐུན་ཚད་སྦྱར་ནས་བརྩོན་པ་ལ། ཐུན་བསྒོམ་ཞེས་པ་ཉིད་དུ་འདོད། ཐུན་བསྒོམ་ལ་བརྟེན་ངང་སྒོམ་ནི། ཆེད་དུ་བརྩོན་པ་མ་བྱས་ན། ངང་གི་རྟོགས་པ་འབྱུང་བ་ལ། ངང་བསྒོམ་ལ་བརྟེན་ཀློང་བསྒོམ་ནི། སྤྱོད་ལམ་རྣམ་བཞི་གང་ལ་ཡང་། སྟོང་གསལ་ལྷུན་གྲུབ་ངང་ཉིད་དེ། རང་བྱུང་ཀློང་དུ་གྱུར་པ་ལ། ཀློང་སྒོམ་ཞེས་པའི་ཐ་སྙད་གདགས། དེ་ཡང་ལམ་གྱི་དུས་སྐབས་སུ། ཉམས་དང་རྟོགས་པ་ཞེས་གྲགས་པའི། ཉམས་ནི་བདེ་སྟོང་གསལ་གསུམ་དང་། མི་རྟོགས་ལ་སོགས་ཉམས་སྣང་རྣམས། དཔེར་ན་རི་ཡི་ན་བུན་བཞིན། གནས་སྐབས་ལམ་གྱི་རྟགས་ལགས་ཀྱང་། རང་ཡལ་རྗེས་མེད་ཉིད་དུ་ངེས། རྟོགས་པ་འཁོར་འདས་ལམ་སྣང་རྣམས། རང་རིག་རྩལ་དུ་ཐག་ཆོད་ཅིང་། རིག་སྟོང་གཉུགས་མའི་དཀྱིལ་འཁོར་ཉིད། གཏན་སྲིད་གདོད་ནས་ཟིན་པ་རུ། སེམས་ཉིད་མངོན་སུམ་རྟོགས་གྱུར་ཅིང་། འགྱུར་མེད་གདེངས་དང་ལྡན་གྱུར་ན། རྟོགས་པ་ཞེས་པ་དེ་ལ་གསུང་། དེ་ཕྱིར་དེ་ཉིད་ལྡན་པ་ཡི། གང་ཟག་སུ་ཞིག་ཡིན་ཀྱང་རུང་། རྟོགས་ལྡན་དེ་ལ་གདུང་སམ། ཞེས་པ་ནི་ཐེག་ཆེན་རི་གླིང་ནས་དོན་གྱི་རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས་ལ་འོད་གསལ་སྨྱོ་ལབ་པས་ཁ་དོན་འཛོལ་བཞིན་སྒོམ་གཏམ་བགྱི་ཁུལ་བྱས་སོ། དེའང་བོད་ཆུ་ཁྱི་ལོའི་ཟླ་ཚེས་དགེ་བའི་ཉི་མ་ལའོ། ༼་་གང་དྲན་ཐོལ་གླུ་་༽རང་སེམས་ཞེས་པ་ད་ལྟའི་བསམ་དྲན་གྱི་མཁན་པོ། སྐད་ཙམ་ཉིད་དུ་སྡོད་དུ་མི་སྟེརབའི་བྱེད་པོ། སྣང་སྲིད་འཁོར་འདས་མ་ལུས་ཆོ་འཕྲུལ་གྱི་བདག་ཉིད། བདེ་སྡུག་བར་མའི་སྣང་བ་ལོངས་སུ་ནི་སྤྱོད་མཁན། ང་འོ་སྙམ་པའི་བདག་ཏུ་འཛིན་པ་པོ་འདི་ལ། ངེས་པར་བརྟག་ཅིང་དཔྱད་པ་ལེགས་པ་ཞིག་བྱེད་ན། བརྟག་བྱ་ཡུལ་ནི་ཁོ་རང་བརྟག་བྱེད་ཀྱང་ཁོ་རང་། ཁོ་རང་གིས་ཁོ་རང་ཇི་ལྟར་ཞིག་དཔྱད་ཀྱང་། འདི་ཞེས་བྱ་བའི་ངོ་བོ་གཏན་ནས་ནི་མ་རྙེད། དེ་ཕྱིར་སྐྱེ་མེད་སྟོང་པ་ཞེས་གྲགས་པའི། ཀ་དག་ཟེར་བ་དེ་ཉིད་རང་མིན་ནམ། རང་བཞིན་འགགས་མེད་རང་གསལ་གྱི་རིག་པ། རྒྱུན་མེད་ངང་གི་བར་མེད་དུ་འཆར་བ། དེ་ལ་འགགས་མེད་རང་གསལ་ཞེས་གྲགས་པ། ལྷུན་གྲུབ་ཟེར་བ་དེ་ཉིད་རང་མིན་ནམ། དེ་ལྟར་ངོ་བོ་ཉིད་ནི་སྐྱེ་མེད་ཀྱི་སྟོང་པ། རང་བཞིན་འགགས་མེད་རང་གསལ་གྱི་ཤེས་རིག། གཉིས་སུ་མེད་པའི་ཟུང་འཇུག་གི་དགོངས་པར། ཐུགས་རྗེ་ཀུན་ཁྱབ་ཟེར་བ་དེ་མིན་ནམ། དེའང་ངོ་བོ་རང་བཞིན་ཐུགས་རྗེ་དང་རྣམ་གསུམ། མཐར་ཐུག་འབྲས་བུ་དགོངས་པ་གཞན་ནས་ནི་མ་ཡིན། རང་སེམས་ཉག་མ་གཅིག་ལ་རྫོགས་པ་རུ་རྟོགས་ན། རང་སེམས་དགོངས་པ་སྐུ་གསུམ་སངས་རྒྱས་ཀྱི་ངོ་བོ། རང་ཞལ་རང་གིས་མཇལ་བ་དེ་ཀ་རང་ཡིན་ནོ། སྔར་འདས་རྫོགས་སངས་རྒྱས་ཀུན་ཀྱི་ཐུགས་ཐིག་ མ་འོང་རྣམ་འདྲེན་རྒྱ་མཚོ་ཡི་དགོངས་སྤྱོད། ད་ལྟའི་མཁས་གྲུབ་དཔག་མེད་དགོངས་བཞེད། གཅིག་ཏུ་དྲིལ་བའི་གསུངས་སྒྲོས་ལྟར་སྨྲས་ན། གཅིག་ཤེས་ཀུན་གྲོལ་གསུང་སྲོལ་ཞིག་ཡོད་འདུག་ དེའང་འཁོར་འདས་ལམ་གསུམ་གྱི་བསྡུས་པའི། བོན་རྣམས་ཐམས་ཅད་རང་བྱུང་རིག་གི་རིག་རྩལ། ཉིད་ལས་གཞན་དུ་མིན་པ་རུ་རྟོགས་ན། གཅིག་ཤེས་ཀུན་གྲོལ་དེ་ཉིད་ལ་གསུངས་སོ། དེ་ལས་ལྡོག་སྟེ་གང་ཞིག་གི་ཤེས་བྱ། བརྒྱ་ཕྲག་མང་པོར་མངའ་མའི་མཁས་པ་ནི་མང་ཀྱང་། ནམ་ཞིག་དགོས་བྱུང་ཚེ་རང་བློ་ཡི་གཏད་སོ། གང་མེད་པར་གྱུར་ན་བརྒྱ་ཤེས་ནི་གཅིག་སྡུག་ ཟེར་བའི་དོན་ནི་དེ་ལྟར་ཞིག་ལ་ནི་གསུངས་སམ། ཨ་ཅང་མི་ཞུ་གང་དྲན་ཀུ་རེ་མི་མཆིད་ཚིག་ ཞུ་བ་པོ་ནི་ཁྲེལ་མེད་འུད་སྒྲོགས་ཀྱིས་རྔ་བོ། སྐུལ་བ་པོ་ནི་ཁ་ལྟ་མཐོན་པོ་ཡི་རྔ་ལྕགས། དེ་བརྟེན་སྟོང་སྒྲའི་བྲག་ཅའི་འབོད་སྐུལ་གྱི་བཤད་གཡམ། མཁྱེན་ལྡན་རྣམས་ཀྱི་ཐུགས་དགོངས་མཐལ་བྲལ་གྱི་མཁའ་རུ། ནོངས་པར་གྱུར་པའི་གློ་བུར་ཆུ་འཛིན་གྱི་ཕུང་པོ། དམིགས་མེད་དབྱིངས་སུ་བཟོད་པར་ལྷག་མེད་དུ་རོལ་ཅིག་ གལ་སྲིད་དགེ་མཆིས་ཡིད་ཅན་བདེ་བ་ལ་རིག་པའི། རྒྱུ་རུ་གྱུར་ཅིག་འཁོར་གསུམ་དམིགས་མེད་དུ་བསྔོའོ། ཞེས་པ་ནི་འོད་གསལ་སྨྱོ་ལབ་པས་དྲོངས་སྲོང་བསམ་གཏན་དགེ་ལེགས་ལ་ཐུགས་སྐོང་ཡིན་ཁུལ་བགྱིས་སོ། ཆུ་ཁྱི་ལོའི་ཟླ་ཚེས་བཟང་པོར་ཁྱུང་དཀར་རྒྱལ་ནོར་ལའོ།  ང་སྨྱོན་པའི་ཉམས་ཀྱི་འཆར་ཚུལ་ལ། བཤད་ན་བརྗོད་ཀྱི་མི་ལོངས་ཀྱང་། དུས་རེ་འགར་འགའ་བའི་སྣང་བ་འཆར། དགའ་བཞིན་པའི་ཧ་རྒོད་མང་པོ་བྱས། དུས་རེ་འགར་སྡུག་བསྔལ་དཔག་མེད་དོ། ངུས་པའི་མཆིལ་མའི་རྒྱ་མཚོ་འཁྱིལ། བདེ་སྡུག་བར་མའི་སྣང་བ་ལ། བཏང་སྙམས་ཀྱི་གནས་པའི་སྐབས་ཤིག་མཆིས། དེ་ཕྱིར་བདེ་རེས་མོས་ཀྱི། ཚོར་བ་ཀུན་ལ་ཁྱབ་པ་ནི། སྨོས་མ་དགོས་པ་རང་གཞན་ཀུན་གྱི་ཤེས། འོན་ཀྱང་གང་ཞིག་སྣང་ཀུན་རྣམས། སྣང་སྟོང་ཉིད་ལས་གཞན་དུ་མེད་སྒྲ་ཚིག་བསྟོད་སྨད་བར་ལ་སོགས། གང་གྲགས་རྣམས་ནི་སྟོང་པའི་ན། གྲགས་སྟོང་ཉིད་ལས་གཞན་དུ་མེད། དྲན་རྟོགས་སེམས་ཀྱི་འཆར་ཚུལ་ཀུན། དང་པོ་སྐྱེ་མེད་ཀློང་ལས་བྱུང་། བར་དུ་སྐྱེ་མེད་ཀློང་དུ་གནས། ཐ་མར་སྐྱེ་མེད་ཀློང་དུ་་སངས། སངས་བྱ་སངས་བྱེད་མཐའ་དང་བྲལ། དེ་ནི་བྱུང་གནས་ཐིམ་གསུམ་མོ། གཞི་ངོ་བོ་སྐྱེ་མེད་སྟོང་པ་རུ། གཡོ་མེད་ལྷན་ནེར་གནས་པ་དང་། དེ་ལས་དྲན་རྟོགས་ཕྲའུ་ཙམ། ཅུང་ཞིག་འཕྲོ་བ་འགྱུ་བ་ཟེར། འགྱུ་བ་རང་གནས་ཡལ་བའི་ཤུལ། སྟོང་གསལ་དབྱེར་མེད་ངང་ཉིད་དེ། མཐོང་ན་རིག་པ་དེ་ལ་ཟེར། དེ་ནི་གནས་འགྱུ་རིག་གསུམ་མོ། མ་སྐྱེ་མེད་སྟོང་ཆེན་མཐའ་བྲལ་ལས། བུ་རང་གསལ་གྱི་སྙིང་པོ་འགྱུར་བ་མེད། རྩལ་སྟོང་གསལ་དབྱེད་མེད་ཆོ་འཕྲུལ་ལས། བློས་དཔགས་པའི་ཡུལ་ལས་འདས་ལགས་སོ། དེ་ནི་མ་བུ་རྩལ་གསུམ་མོ། གཞི་ནི་ཡེ་ནས་རྣམ་དག་ལ། ཡེ་གྲོལ་ཞེས་སུ་གསུང་པར་འདུག་ལམ་སྣང་གང་ཞིག་འཆར་ཚད་ཀུན། རང་གྲོལ་མངོན་སངས་རྒྱས་པ་ཞེས། འབྲས་བུ་རིག་སྟོང་རྗེན་པ་ནི། གཞན་མིན་རང་ལ་རྫོགས་འགྱུར་ན། གཞི་ལམ་འབྲས་གསུམ་དེ་ལ་གསུང་། སེམས་གནས་ལུགས་ངང་དུ་འཇོག་པ་ལ། འཇོག་པ་ཞེས་སུ་གསུང་པར་འདུག་ འཇོག་བྱེད་ཀྱི་ཤེས་པ་དེ་ཉིད་ལ། རང་གིས་རང་ཉིད་བཤིགས་པའི་ཚེ། སྔར་གྱི་རིག་སྟོང་རྗེན་པ་ཉིད། མངོན་དུ་མཐོང་བ་སྐྱོང་པ་ནི། འཇོག་བཤིགས་སྐྱོང་པ་ཟེར་རམ་ཅི། ངོ་བོ་སྐྱེ་མེད་སྟོང་པ་ལ། བོན་སྐུ་རུ་ཞེས་སུ་གསུང་། རང་བྱུང་འགགས་མེད་རང་གསལ་ལ། ལོངས་སྤྱོད་རྫོགས་སྐུ་ཞེས་སུ་གསུངས། དབྱེར་མེད་ཟུང་འཇུགས་བཀོད་སྤྲུལ་ལ། སྤྲུལ་སྐུ་ཞེས་པའི་ཐ་སྙད་བཏགས། དེ་ཕྱིར་སྐུ་གསུམ་གོ་འཕང་ཉིད། གཞན་ནས་བཙལ་དུ་མེད་པ་རུ། རང་སེམས་ཉིད་དུ་རྟོགས་གྱུར་ཅིང་། དེ་ལ་རྒྱུན་དུ་བརྩོན་པ་ལ། ཉམས་ལེན་པ་ཞེས་ཀུན་ལ་གྲགས། གྲགས་པའི་ཉམས་སུ་ལེན་བྱ་ཉིད། ཉིད་ཀྱི་ངོ་བོ་བཟང་པོ་ལས། ལས་ཀྱི་རྒྱུ་འབྲས་འཆོལ་མེད་པས། ནམ་ཡང་བཟང་པོའི་སྤྱོད་པ་ལ། ཉམས་སུ་ལེན་རྣམས་ཉམས་ལེན་པ། ཅེས་པ་འོད་གསལ་སྨྱོ་ལབ་པས། བསམ་དགེ་དང་གཡུང་ཚུལ་རྣམ་གཉིས་ལ། ཁ་དོན་འཛོལ་བའི་ཞུ་མཆིས་སོ། བོད་ལྕགས་ཁྱི་ལོའི་ཟླ་ཚེས་བཟང་པོར་ར། དེང་དུས་རྟོགས་ལྡན་པ་ནི། ཉིན་མོའི་སྐར་མ་ལྟར་དུ་མཚུངས། འོན་ཀྱང་ཉིན་མོར་དཔྱད་བྱས་ན། སྐར་མ་རེ་འགའ་མཐོང་པར་སྲིད། དེ་བཞིན་རྟོགས་པ་ལྡན་པ་ནི། གང་ཟག་རེ་འགའ་མཆིས་པར་སྲིད། དེའང་རྟོགས་པའི་གདེང་ཚད་ཉིད། རྟོགས་ལྡན་སྒོམ་འབར་གྱིས་གསུང་པ། ལྟ་བ་རང་བྱུང་ཡེ་ཤེས་མིན། ཉོན་མོངས་སྟེང་དུ་རྟགས་གཅིག་འདོན། སྒོམ་པ་དམིགས་མེད་རང་ཤར་ཡིན། རེ་རོག་སྟེང་དུ་རྟགས་གཅིག་འདོན། སྤྱོད་པ་གཞན་དོན་ལྷུར་ལེན་ལ། གཡོ་ཟོལ་མེད་པའི་རྟགས་གཅིག་འདོན། འབྲས་བུ་རང་བྱུང་ཡེ་ཤེས་ལ། ཡིན་སྨོན་མེད་པའི་རྟགས་ཤིག་འདོན། གསུང་པའི་དོན་ནི་སུ་ཉིད་ལ། ལྡན་པར་གྱུར་པའི་གང་ཟག་རྣམས། དེ་ནི་དངོས་ཀྱི་རྟོགས་ལྡན་ནོ། འོད་གསལ་པས་སོ། དམིགས་མེད་བོན་གྱི་སྐུ་ནི་ངོ་བོ་སྟེ། འོད་དཀར་རྫོགས་པའི་སྐུ་ནི་རང་བཞིན་ནོ། ཅིར་ཡང་སྤྲུལ་པའི་སྐུ་ནི་ཐུགས་རྗེ་སྟེ། རྣམ་གསུམ་རིག་པ་རང་ཤར་ལྷ་རུ་འདུས། འོད་གསལ་པསོ། རིགས་བརྒྱ་རིགས་གཅིག་འདུས་པའི་བླ་མ་མཆོག་ བླ་མའི་གསང་གསུམ་བདག་གི་ལུས་ངག་ཡིད། གཅིག་ཏུ་འདྲེས་པར་ཀུན་གྱིས་རྟོགས་པར་ཤོག་ འོད་གསལ་པསོ། རིགས་འདུས་སྤྱི་གཟུགས་དྲིན་ཅན་བླ་མ་ཉིད་ཁྱེད་ལ། ནམ་ཡང་སྒོ་གསུམ་ཆིག་སྒྲིལ་གྱིས། གསོལ་བ་ཞིག་བཏབས་ན། ཡིད་ཅན་རྣམས་ནི་སྔོན་ལས་འཕྲལ་རྐྱེན་གྱི་འཕྲང་ལས། བསྒྲལ་བ་ངེས་ཕྱིར་རྟག་ཏུ་བླ་མ་ཉིད་མཁྱེན་ནོ། བླ་མ་མཁྱེན། ལེན་གསུམ། རྣལ་འབྱོར་གཡུང་དྲུང་ཚུལ་ཁྲིམས་དང་། བསམ་བརྟན་དགེ་ལེགས་རྣམ་གཉིས་ཀྱིས་བཞེད་སྐོང་སླད་འོད་གསལ་སྨྱོ་ལབ་པསོ།     ༼་་བར་ཆོད་ལམ་སེལ།་་༽ དུས་གསུམ་རྫོགས་སངས་རྒྱས་ཀུན་ཐམས་ཅད་ཀྱི། སྐུ་གསུང་ཐུགས་ཀྱི་ངོ་བོ་གཅིག་འདྲིལ་བས། འཆི་མེད་ཡབ་སྲས་གསུམ་ལ་གསོལ་བ་འདེབས།  བདག་སོགས་ཁམས་གསུམ་རིགས་དྲུག་མ་ལུས་ཀྱི། ཕྱི་ནང་གསང་བའི་བར་ཆོད་ཀུན་སེལ་ནས། དོན་གཉིས་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། ཅེས་པ་འོད་གསལ་མིང་པས་སོ། ཨེ་མ་ཧོ། བསླུ་མེད་སྐྱབས་གནས་ཀུན་འདུས་བླ་མ་མཁྱེན། བདག་སོགས་སྔོན་ལས་འཕྲལ་རྐྱེན་ལས་གྱུར་པས། མི་འདོད་སྡུག་བསྔལ་ནད་ཀྱིས་མནར་བའི་ཚེ། ཁྱེད་ལ་ཕྱག་འཚལ་སྐྱབས་མཆི་སྡིག་སྒྲིབ་ཀུན། བརྩེ་གཅིག་གནོང་འགྱོད་དམ་པས་རབ་བཤགས་ན། སྐྱབས་མཆོག་ཁྱེད་ཀྱིས་མི་སེལ་གཅིག་ཀྱང་མེད། དེ་ཕྱིར་བསམ་དོན་མ་ལུས་མྱུར་འགྲུབ་མཛོད། ཅེས་པ་ནི་པད་མ་ལྷ་མཚོར་སྔོན་ལས་ནད་ཀྱིས། ཅུང་ཞིག་མནར་བའི་སྐབས་སུ། འོད་གསལ་སྨྱོ་ལབ་པས་སོ། འདི་དག་ཆུ་ཁྱི་ལོར་འོད་གསལ་པ་མཆོག། ཡབ་པད་མ་ཀུན་ལེགས་ཀྱི་རང་ཁྱིམ་དུ། གསོལ་ཆང་བཞེས་ལ་གདན་དྲོངས་སྐབས། མ་དཔེ་གཡར་གནང་བ་ཡི་གེ་རིས་སུ་བྲིས་ནས། ཉར་ཚག་མཛད་འདུག་པ་ལས། ཞལ་བཤུས་ཏེ་སྤེལ་བ་པོ། ཉུངས་དཀར་པསོ།   

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.