ཁྱིམ་པ་རྒན་དར་གཞོན་གསུམ་ལགས།།
དེ་རེས་དལ་འབྱོར་མི་ལུས་རིན་པོ་ཆེ་འདི་འདྲ་ཞིག་ཐོབ་པ་དེ་ལ། སྙིང་པོ་ཡང་དག་པ་ཞིག་ལེན་དགོས། སྙིང་པོ་དེའང་ཚེ་འདིར་གཏམ་སྙན་གྲགས་དང་། ཐོབ་གོ་ས་ནོར་ལོངས་སྤྱོད་སོགས་ནི། གནས་སྐབས་ཀྱི་སྒྲུབ་བྱ་ཙམ་ལས། མཐར་ཐུག་གི་དོན་དུ་གཉེར་རྒྱུ་ནི་དེ་ཙམ་ཞིག་མིན། འོ་ན་གང་ཡིན་ཞེ་ན་རང་གི་སྐྱེ་རྒས་ན་འཆིའི་སྡུག་བསྔལ་ཐམས་ཅད། བརྩད་ནས་གཅོད་རྒྱུ་དང་། གཞན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མ་ལུས་པ། བསལ་ནས་བདེ་བ་མཐར་ཐུག་པ། ཐར་པའི་་ས་ལ་འགོད་པར་བྱ་རྒྱུ་འདི་ཁོ་ན་ཡིན། དེས་ན་ཕོ་མོ་རྒན་གཞོན་སུ་ཡིན་ཡང་རུང་སྟེ། མི་རེ་རེའི་སེམས་ན་ཕུག་འདུན་ཁྱད་པར་ཅན། འདི་ངེས་པར་དུ་ཡོད་དགོས། དེང་སང་ཡུལ་ཕལ་ཆེར་གྱི་ཁྱིམ་པ་ཕོ་མོ་དཀྱུས་མ། རྣམས་ལ་སྙིང་པོ་བགྲང་རྒྱུ་དང་ཕྱག་བསྐོར་གནས་མཇལ་ཙམ་རེ་མ་གཏོགས། སྔོན་འགྲོ་སོགས་ཐོས་བསམ་གྱི་བློ་སྦྱོང་རྒྱུ་དང་། དངོས་གཞི་བསྒོམ་རྒྱུའི་སྲོལ་ནི་ཆེར་མི་འདུག་སྟེ། འདི་དག་མི་སྐྱ་ཕོ་མོ་རྣམས་ཀྱི་བྱེད་མི་རུང་བ་དང་། བྱེད་མི་ཐུབ་པ། བྱེད་མི་དགོས་པ་ནི་མ་ཡིན་ཏེ། ཤིན་ཏུ་དགོས་པས་ཕྱིར་རོ། དེས་ན་མི་སྐྱ་ཕལ་བ་རྣམས་ཀྱིས་ཀྱང་གཙོ་བོ། སེམས་ཐོག་གི་དགེ་བ་འདི་ལ་བརྩོན་པར་བྱ་དགོས་ལ། དེ་སྒྲུབ་པ་ལ་ཡང་རྒྱུད་སྦྱོང་གི་ཐོས་བསམ་སྔོན་དུ་སོང་ནས། བོན་སྒྲུབ་ལུགས་ཤེས་དགོས་པ་ཡིན་གྱི། དེ་མ་ཤེས་ན་བོན་སྒྲུབ་མདོག་བྱས་པ་ཙམ་གྱིས་མི་འོང་པས། མི་སྐྱ་ཕོ་མོ་རྣམས་ཚེ་གཅིག་གི་སྡོམ་པ་སྲུང་རྒྱུའི་། སྐལ་བ་མ་ལྡན་ཀྱང་རབ་ལོ་ཁ་ཤས་འབྲིང་ལོ་རེའམ་ལོ་ཚད། ཐ་ན་ཞག་མ་བརྒྱ་རེ་ཙམ་ལ་སློབ་དཔོན་བསྟེན་ནས། བོན་ཉན་ཏེ་ཐོས་བསམ་སྦྱོང་དགོས། དེ་ལྟར་བྱས་ན་རང་གི་བོན་ཡང་དག་ཞིག་སྒྲུབ་ཚུལ་ཤེས་འོང་པ་ཡིན། བོན་སྒྲུབ་ཚུལ་ཤེས་ན་བོན་འདིའི་ནང་ན། ཁྱིམ་པ་ཕོ་མོ་རྣམས་ཀྱི་བསྒྲུབ་རྒྱུའང་ཡོད་ལ། རབ་ཏུ་བྱུང་བ་རྣམས་ཀྱི་བསྒྲུབ་རྒྱུའང་ཡོད་ཅིང་། སྤྲང་པོ་དབྱུག་ཐོག་དག་གི་བསྒྲུབ་རྒྱུའང་ཡོད་ལ། འབྱོར་ལྡན་ཁེ་གྲགས་འཛོམས་པས་བསྒྲུབ་རྒྱུའང་ཡོད་པས། རང་རང་གི་ཚོད་དང་བསྟུས་ནས་ཉམས་སུ་བླངས་པས་ཆོག་གོ ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ལ་ཡིན་ཆེས་པ་འདི་ལ། འཇིག་རྟེན་ཡང་དག་ལྟ་བ་ཞེས་ཤིན་ཏུ་གལ་ཆེ་བས། འདི་རྒྱུད་ལ་ཡོད་པའི་ཐབས་ལ་འབད་དགོས། ཡིད་ཆེས་དེ་ཡོད་ན་ཚེ་རབས་སྟོང་དུའང་ངན་སོང་དུ་མི་སྐྱེ་བ་ཡིན། ཞེས་ལུང་ལས་གསུང་པས་ད་ལྟ་རང་རེ་རྣམས་ཀྱིས། ལས་བཟང་ངན་ཅི་ཞིག་བྱེད་བསམ་ཡང་། རང་དབང་ཡོད་པས་གཟབ་པར་བྱ་དགོས། ནམ་ཞིག་ལས་ཀྱི་རྣམ་སྨིན་མགོ་ཐོག་ཏུ་བབས་ན། ཐབས་ཅི་ཡང་མེད་པས། དྲང་བདེན་ཀྱི་ངང་ནས་འཚོ་བ་སྐྱེལ་ཞིང་། དད་འདུན་ཀྱི་སྒོ་ནས་དགེ་བ་བསྒྲུབ་དང་། ཚེ་འདི་ཕྱི་གཉིས་ཀར་བདེ་ཞིང་སྐྱིད་པ་ཡིན་པས། མི་ལུས་བླངས་པ་དོན་དང་ལྡན་པ་ཡིན་ནོ། གཞན་ཁྱིམ་པ་ཡིན་པས་ཐབས་མེད་ཟེར་བའམ། འཁོར་བ་འཛིན་དགོས་ཞེས་པ་ལ་ཁ་གཡར་ཏེ། མི་དགེ་བ་སྣ་ཚོགས་ལ་འཛེམས་མེད་དུ་སྤྱོད་མི་རུང་སྟེ། ཁྱིམ་པ་ཡིན་ཀྱང་རྣམ་སྨིན་ནི་མྱོང་དགོས་པས་སོ། འོ་ན་ཞིང་འབྲོག་བཟོ་ཚོང་གི་ལས་རྣམས་བྱ་མི་རུང་སམ། ཞེ་ན་དེ་ཡང་མ་ཡིན་ཏེ་བྱ་བ་དེ་རྣམས་ནི། རང་ཅག་འཇིག་རྟེན་འདིར་འཚོ་ཞིང་གནས་པའི་ཐབས་ཙམ་ཡིན་གྱི། འཇིགས་རྟེན་དུ་འཚོ་བའི་དམིགས་ཡུལ་མཐར་ཐུག་དེ་མ་ཡིན་ནོ། དེ་ཙམ་ཡིན་ན་དུད་འགྲོ་རྣམས་དང་ཁྱད་པར་ཅི་ཞིག་ཡོད། དེས་ན་གསོན་པོར་གནས་པའི་དམིགས་ཡུལ་ནི་གཏན་གྱི་བདེ་བ་ཐར་པ། ཡང་དག་པ་བསྒྲུབ་པ་འདི་ལ་བྱེད་དགོས། ཞིང་ལས་སོ་ནམ་སོགས་ནི་གནས་སྐབས་འཚོ་བའི། ཐབས་ཙམ་གྱི་ཕྱིར་དུ་བྱས་ན་ཆོག་པས། འགལ་བ་ཅི་ཡང་མེད་དེ་ཁྱིམ་པ་རྣམས་ཀྱིས་ཀྱང་། ཕྱོགས་གཅིག་ནས་བཟོ་ཚོང་དང་ཞིང་འབྲོག་སོགས་བྱེད་བཞིན། ཕྱོགས་གཅིག་ནས་ཚེ་ཕྱི་མར་བདེ་འགྲོ་འཐོབ་བྱེད་ཙམ་དུ་མ་ཟད། ཐར་པ་ཐམས་ཅད་མཁྱེན་པ་སངས་རྒྱས་འཐོབ་པར་བྱེད་པའི་བོན་ཀྱང་། ཉམས་སུ་ལེན་ཚུལ་ཡོད་དོ། མུ་འགོད།
- ཟིན་ཐོ་གོང་མ།ཉི་འོད་ལ་ཞུག་མར་གྱི་གསལ་མི་དགོས་ཀྱང་འོས་སྦྱོར།
- ཟིན་ཐོ་འོག་མ།2012།12།31།ཉིན།ས་ཡི་གོ་ལ་འགད་འགྲོ་འམ།