གོང་མཐུད
བཤད་སྒྲུབ་འདུས་སྡེའི་དགོན་དཔོན་རྣམས་པ་ལགས། དེང་སང་དགོན་སྡེ་ཆེ་ཁག་ཏུ་བཤད་སྒྲུབ་སྒོམ་གསུམ་གྱི་འདུས་སྡེ་རྒྱ་ཆེར་ཡོད་ཀྱང་བཅས་ཁྲིམས་དབང་གིས་ཕྱོགས་གཞན་གྱི་སློབ་གཉེར་བ་འདུས་སྡོད་བྱེད་ཁག་ཙམ་དང་ན་ཆུང་བྱིས་པ་རབ་བྱུང་སྒྲུབ་མི་མེད་པས་དབང་གིས། མ་འོང་པར་དགོན་སྡེ་ཆེ་ཁག་ཏུ་རྒྱལ་ཁབ་ཀྱི་བཅས་ཁྲིམས་ཀྱི་ཚད་གཞི་དང་མཐུན་པས་གྲྭ་བཙུན་གྲངས་ཀའང་འདང་མིན་འཕྱང་མོ་ཉུགས་སུ་གྱུར། དེས་ན་དགོན་དཔོན་བླ་སྤྲུལ་སྐྱེས་ཆེན་རྣམ་པས། བསླབ་གསུམ་རྒྱུད་ལྡན་གྱི་གྲྭ་བཙུན་འབྱུང་ཁུང་གི་སྒོ་གཞན་ཞིག་སྟེ། རྒྱལ་ཁབ་ཀྱི་ཁྲིམས་མཐུན་སེར་ཁྱིམ་པའི་ལག་འཛིན་ཡོད་པའི་གཞོན་ནུ་དང་དར་མའི་སློབ་གསོ་གཉེར་དགོས། དེང་སང་སློབ་གྲྭར་མ་སོང་བའི་བྱིས་པ་དང་གཞོན་ནུ་མང་པོ་ཞིག་འབྲི་ཀློག་ཙམ་རེ་སློབ་ཀྱང་་གྲོང་ཆོག་ལ་འགྲོ་བ་ཙམ་གྱི་ཕྱིར་དུ་འདོན་ཆ་ཁོ་ན་ཁ་བྱང་གཏོང་བ་ལས། གཞན་པའི་རིག་གནས་གང་ཡང་མི་སློབ་ཕ་མ་རྣམས་ཀྱིས་ཀྱང་། དེ་ག་ཁོ་ན་ལེགས་པར་བསམ། འབྲི་ཀློག་སློབ་མཁན་རྣམས་ཀྱིས་ཀྱང་འབྲི་འདོན་གཉིས་ཁོ་ན་བསླབས་ཏེ་འདོན་ཆ་རྣམས་མྱུར་མོར་ཀློག་ཐུབ་མིན་དང་། རྔ་བརྡུང་ཤེས་མི་ཤེས་དང་། འདོན་ཆོག་གི་འཕྲིན་ལས་གོ་རིམ་ཤེས་མི་ཤེས་སྒོ་ནས་མཁས་བླུན་དབྱེ་བ་འབྱེད་པར་བྱེད། དེ་ལས་གཞན་པའི་ཐོས་བསམ་སློབ་གཉེར་ནི་གྲྭ་པ་ཨ་ནེའི་མ་གཏོགས་པའི་བྱེད་མི་དགོས་པས་བསམ་བློ་གཏོང་། དེས་ན་བསམ་སྦྱོར་འདི་དག་ཅིས་ཀྱང་ལེགས་པར་བཅོས་དགོས་སྙམ་སྟེ། ན་གཞོན་གྱི་དུས་འདིར་བློ་ལེན་ཤིན་ཏུ་བཟང་བའི་དུས་ཡིན། དུས་དེར་བློ་ལ་ལེགས་པར་ཟིན་པ་རྣམས་ཕལ་ཆེར་ཚེ་གང་པོར་མི་བརྗེད་པས། གལ་ཆེ་བའི་རིག་གཞུང་རྣམས་ཀྱི་རྩ་ཚིག་བློ་ལ་འཛིན་པའི་དུས་མ་ནོར་བ་ཡིན།
3. མི་གཅིག་གི་ཚེ་གང་པོར་གཞོན་ནུའི་དུས་སྐབས་གཅིག་ལས་འོང་རྒྱུ་མེད། དེ་ག་གྲོང་ཆོག་ཙམ་གྱི་ཆེད་དུ་ཆུད་ཟོས་སུ་གཏོང་བ་འདི་ནི་ཤིན་ཏུ་མི་འོས་པས་འདོན་ཆ་རྣམས་ཤེས་མི་དགོས་པ་མ་ཡིན་ཡང་རན་ཙམ་བྱང་ནས་གཙོ་བོ་ལམ་རིམ་སུམ་བརྒྱ་པ་ལྟ་བུའི་གཞུང་ཚིག་བློར་ལེན་དུ་འཇུག་པ་སོགས་དགོས་ཏེ། དེ་ལྟར་བྱས་ན་ཀློག་ཀྱང་དེའི་ཞོར་ལ་ཤེས་འོང་པ་ཡིན། དེ་དང་མཉམ་དུ་བརྡ་དག་སྐར་རྩིས་སོགས་ཅུང་ཟད་སླ་བའི་རིགས་རྣམས་ལ་སློབ་སྦྱོང་བྱེད་དུ་འཇུག་དགོས་སྙམ། ད་དུང་གཞོན་ནུའི་དུས་ཉིད་ནས་སྲོག་ཆགས་རྣམས་ལ་བྱམས་བརྩེ་བྱ་བ་དང་། གཞན་ཕན་སྒྲུབ་པ། ལས་འབྲས་ལ་འཛེམས་ཏེ། སྤྱོད་ངན་སྤོང་བ། དཀོན་མཆོག་ལ་དད་པ་བྱ་བ། སོགས་ཡ་རབ་སྤྱོད་བཟང་རྣམས་ཀྱི་བག་ཆགས་ལེགས་པོ་འཇོག་རྒྱུ་དང་། སེམས་ཁམས་ཀྱི་སློབ་གསོ་ནི་དེ་བས་ཀྱང་ཤིན་ཏུ་གལ་ཆེ་བ་ཡིན། བྱིས་པ་དང་གཞོན་ནུའི་དུས་འདི་དཔྱིད་དུས་དྲོད་གཤེར་འཛོམས་པའི་ཞིང་ས་བཟང་པོ་ལྟ་བུ་ཡིན་པའི་ས་བོན་བཟང་པོ་གདབ་རྒྱུར་འབད་པ་བྱ་དགོས། དེ་སྔོན་ང་ཚོའི་དགོན་སྡེའི་གཙོས་དགོན་སྡེ་འགའ་ཞིག་གིས་འདིའི་ཐད་ལ་བཀོད་སྒྲིགས་ལེགས་པོ་བྱེད་མ་ཐུབ་པས་ཁྱིམ་པ་ཅི་བཤད་གྲྭ་རྣམས་ཀྱང་གྲོང་ཆོག་ལ་འགྲོ་རྒྱུ་ཙམ་གཏོག་གཞན་ཅི་ཡང་མི་ཤེས་པར་གྱུར་ཏེ་རྒྱུད་ཆུད་ཟོས་སུ་སོང་ཡོད། ད་ཕྱིན་ཆད་ནི་གཙོ་བོ་གྲྭ་པ་ཞིག་ཡིན་ཕྱིན་རང་སོ་སོའི་དགོན་པར་བཤད་སྒྲུབ་ཡོད་ན་དེར་ཞུགས་དགོས་པ་དང་། མེད་ན་དགོན་སྡེ་གཞན་གྱི་བཤད་སྒྲུབ་གང་རུང་ལ་ཞུགས་ཏེ་སློབ་གཉེར་ལེགས་པོ་བྱེད་ཐུབ་པའི་ཐབས་ལ། དགོན་པ་སོ་སོའི་ནུས་པ་གང་ཡོད་ཀྱི་འབད་པ་བྱ་རྒྱུ་འདི་ཤིན་ཏུ་གལ་ཆེ་བ་མ་ཚད། གྲྭ་པ་མ་ཡིན་པས་ཁྱིམ་པ་གཞོན་དར་རྣམས་ཀྱང་དགོན་པ་སོ་སོའི་དངོས་གཞི་བཤད་སྒྲུབ་འདུས་སྡེའི་ཟུར་དུ་སློབ་གཉེར་བྱེད་སའི་འཁོར་ཡུག་བསྐྲུན་ཏེ་བོན་གྱི་སློབ་གསོ་ཐོབ་ཐུབ་པ་བྱེད་དགོས། གཙང་དགོན་ཡིན་ཀྱང་ཁྱིམ་པ་གཞོན་དར་རྣམས་ལོ་ཤས་དང་ཟླ་ཤས་དགོན་པར་བསྡད་དེ། རིག་གནས་སློབ་སྦྱོང་དང་། སྦྱོང་པ་ཉམས་ལེན། བྱེད་པས་བཤོ་སྲོལ་གཏོད་ནས་མི་དམངས་མང་ཚོགས་ཀྱི་རྒྱུད་ལ། ཐར་པའི་ས་བོན་བཏབ་ན་ཡུལ་མི་རྣམས་ཀྱང་བོན་ལ་རྒྱུ་མཚན་ཤེས་པའི་དད་པ་སྐྱེས་ནས་མི་དགེ་བའི་སྤྱོད་ངན་རྣམས་རང་ཤུགས་ཀྱི་ཇེ་ཉུང་ལ་འགྲོ་བ་སོགས་དགེ་མཚན་ཆེ་བར་མཐོང་ངོ་།
4. དེ་ཡང་སློབ་སྦྱོང་བྱེད་སའི་ཁང་པ་དང་། སློབ་དཔོན། སྦྱོང་བྱའི་དཔེ་ཆ། སོགས་དགོན་པ་ནས་གྲ་བསྒྲིགས་བཟོས་ཐོག་ སློབ་མ་ལ་རྒྱལ་ཁབ་ཀྱི་ཆོག་མཐུས་ལག་འཛིན་དཔེར་ན་སྔགས་པ། གཅོད་པ། སེར་ཁྱིམ་པ། བོན་པོ། ཆོས་པ། སྒར་པ། ལྟ་བུ་གང་རུང་གི་མིང་འཛིན་སྒྲུབ་བཅོལ་རྒྱུ་དང་རིག་གནས་སློབ་སྦྱོང་དང་ཉམས་སུ་ལེན་པས་དུས་ཡུན་རབ་ལོ་གསུམ་ཡན་དང་། ཡང་ན་ལོ་གཅིག་དང་ལོ་ཚད། ཐ་ན་ཞག་བརྒྱ་ལ་དགོན་པར་བསྡད་དེ་སློབ་སྦྱོང་དང་ཉམས་ལེན་བྱེད་དགོས་རྒྱུའི་དགོན་པ་ནས་གཏན་འབེབས་བཟོས་ཏེ་དགོན་སྡེ་ཁག་གི་བླ་སྤྲུལ་གཙོས་པའི་གོང་འོག་བར་གསུམ་ཚང་མས་སྐུལ་སློང་བྱས་ཏེ། ཁྱིམ་པ་གཞོན་དར་རྣམས་དགོན་པའི་རིག་གནས་སྦྱོང་ས་དང་སྔགས་རྫོགས་སྒྲུབ་སྡེ་ལ་གང་རུང་ལ་ཞུགས་དགོས་པས་སློབ་གསོ་བཏང་ན། ཞུགས་མཁན་ཡོང་སྲིད་སྙམ། དེ་ནས་དགོན་པ་སོ་སོའི་ནུས་ཚོད་དང་བསྟུས་པའི་ཁྱིམ་པ་གཞོན་དར་རྣམས་ཀྱིས་ཤེས་ཡོན་སྦྱོང་ས། རིག་གནས་སློབ་གྲྭ་འམ་སྔགས་རྫོགས་སྒྲུབ་སྡེ་གང་རུང་རེ་འཛུགས་ཏེ་དེར་ཞུགས་མཁན་རྣམས་ལ་གོང་དུ་བཤད་པ་བཞིན་འབྲི་ཀློག་ནས་བཟུང་གཞུང་ཆུང་ངུ་རྣམས་ལ་སློབ་པ་དང་། སྔོན་འགྲོ་ལྟ་བུ་ལ་ཐོས་བསམ་སྦྱོང་ནས་གོམ་འདྲིས་འགྲོ་བར་བྱེད་དེ་གཙོ་བོ་བསམ་པའི་སློབ་གསོས་བསྐྱེད་བསྲིང་བར་བྱ་ཞིང་། དེ་ལས་ཐོན་ཚེ་རང་རང་གི་མོས་པ་བཞིན་བྱ་སྟེ། ཁྱིམ་པ་བྱེད་འདོད་ན་ལས་འབྲས་རྒྱུ་འབྲས་ལ་བརྩི་སྲུང་བྱེད་པས་ཁྱིམ་པ་དགེ་སེམས་ཅན་རེ་བྱེད་དུ་འཇུག་རྒྱུ་དང་། རབ་བྱུང་བྱེད་པར་འདོད་པ་རྣམས་དགོན་པ་སོ་སོའི་དངོས་གཞིའི་བཤད་སྒྲུབ་ནང་དུ་ཞུགས་ནས་མུ་མཐུད་དེ་ཐོས་བསམ་སློབ་གཉེར་བྱེད་དུ་འཇུག་དགོས། དེ་ལྟར་བྱས་ན་་དགོན་པ་རྣམས་ཀྱི་ནང་དུ་བསླབ་གསུམ་ལྡན་ཞིང་སློབ་གཉེར་ལ་བརྩོན་པས་འདུས་སྡེ་གཙང་མ་ཞིག་བྲི་གང་མེད་པར་རྒྱུན་ཆགས་སུ་གནས་ཐུབ་པ་དང་རབ་བྱུང་པ་རྣམས་ཀྱིས་གཡུང་དྲུང་བོན་རྣལ་མའི་དགོངས་པ་ལེགས་པར་རྟོགས་ཤིང་མདོ་སྔགས་སེམས་གསུམ་ཅི་རིགས་པར་ཉམས་སུ་བླངས་པས་རང་ཉིད་སྲིད་པས་འཆིང་བ་ལས་གྲོལ་བ་མ་ཟད་སེམས་ཅན་གཞན་པ་རྣམས་ལའང་ཐར་པའི་ལམ་སྟོན་བྱེད་ནུས་ཤིང་། དེའི་དབང་གིས་བསྟན་པ་རིན་པོ་ཆེ་འང་ཡུན་དུ་གནས་པར་འགྱུར། སྐྱེ་འགྲོ་རྣམས་ལའང་བོན་གྱིས་སེམས་རྒྱུད་བཏུལ་བས་འཐབ་འཁྲུག་རྩོད་འཛིང་མི་གསོད་རྐུ་ཇག་དང་དབྱེན་བཅུག་སོགས་ཡུལ་ལུང་མི་བདེ་བའི་རྒྱུ་རྣམས་ཇེ་ཉུང་ལ་སོང་ནས་འཕྲལ་དུ་བདེ་བ་འགྱུར་པ་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་སྐྱེས་ནས་འཇུག་ལྡོག་ཚུལ་བཞིན་བྱེད་ཤེས་པ་དང་དགེ་བའི་ལས་ལ་འབད་པས་ཡུན་གྱི་བདེ་སྐྱིད་ཀྱང་མི་ཉམས་པར་གནས་པར་འགྱུར་བར་སེམས་སོ། མུ་འགོད།།
- ཟིན་ཐོ་གོང་མ།བསམ་འཆར་འོས་སྦྱོར།
- ཟིན་ཐོ་འོག་མ།ལད་མོའི་ཁ་ལྟ་འོས་སྦྱོར། གོང་མཐུད།
གཤམ་དུ་ཞུ་རྒྱུ་ཞིག་ནི་གོང་གི་མདུན་ངོས་ཀྱི་པར་འོག་མ་མཁས་སློབ་རྣམ་གཉིས་ཀྱི་སྐུ་པར་བྲེག་པ་ལྟ་བུ་དེ་མི་རུང་བས་བཅོས་རོགས་གནང་།