བསམ་ཚུལ་དང་པོ་ཡུལ་དགོན་ལ་ཞུ་བ། གཉིས་པ་བཤད་སྒྲུབ་འདུས་སྡེ་ལ་ཞུ་བ། གསུམ་པ་ཡུལ་མི་ཕོ་མོ་ལ་ཞུ་བ། བཞི་པ་དཔེ་ཆ་བ་ལ་ཞུ་བའོ་ བཤད་སྒྲུབ་འདུས་སྡེ་མ་ཚུགས་པས་གཙང་དགོན་དང་སྔགས་དགོན་སེར་ཁྱིམ་པའི་དགོན་པ་རྣམས་ཀྱི་དགོན་དཔོན་རྣམས་པ་ལགས། དང་པོ་དགོན་དཔོན་གྱི་འགན་བཞེས་པས་ན་གཞོན་རྣམས་ཀྱིས། མདོ་སྔགས་རྫོགས་གསུམ་གྱི་གཞུང་ལ་སྦྱོང་བརྩོན་ངེས་ཅན་ཞིག་གནང་དགོས་ཀྱི། དེ་མིན་གཡུང་དྲུང་བོན་གྱི་བསྟན་པ་སྤྱིའི་འགྲོ་ལུགས་ལ་གོ་བ་ཙམ་ཡང་མ་ཆགས་པའི་གཞོན་ནུ་རེ་ལ། གདུང་རྒྱུད་པའམ་ཡངས་སྤྲུལ་དུ་མཚན་གསོལ་ནས་ཡུལ་དགོན་གཉིས་ལ་དབང་བསྒྱུར་དུ་འཇུག་པ་དག་ནི་ལོང་བས་ལོང་བ་ཁྲིད་པ་ལྟར་དུ་འགྱུར་ཏེ། དེང་སང་ཡུལ་ཕྱོགས་མང་པོ་རྣམས་སུ། གཙང་དགོན་དང་སྔགས་དགོན་སེར་ཁྱིམ་པའི་དགོན་པ་བཅས་མང་དུ་མཆིས་ཤིང་། དགོན་པ་དག་གི་ནང་ན་འཆད་ཉན་གྱི་མིང་ཙམ་མེད་པ་འདི། དགོན་དཔོན་རྣམས་ལ་བཤད་སྒྲུབ་ཀྱི་བསྟན་པ། གཙོ་བོར་འཛིན་དགོས་པས་གོ་བ་མ་ཆགས་པའི་ལན་པ་ཡིན། གཙང་དགོན་དང་སྔགས་དགོན་སེར་ཁྱིམ་པའི་དགོན་པ་བཅས་མང་དུ་མཆིས་པ་དག་གི་ནང་དུ་བཤད་སྒྲུབ་ཚད་ལྡན་རེ་འཛུགས་མ་ཐུབ་པས་དགོན་པ་ཁག་གི་དུས་མཆོད་དང་སྤྱི་རིམ་ཀྱི་སྐབས་མ་གཏོགས། ནམ་རྒྱུན་སྒྲུབ་ཁང་ལྷ་མཆོད་མ་ཆད་པ་ཙམ་ལས། གྲྭ་པ་བཞུགས་མཁན་ཆེར་མེད། གྲྭ་པ་ཉུང་ཤོས་རེ་བཞུགས་པ་དག་ཀྱང་། བསྙེན་སྒྲུབ་ཕྲན་ཚེགས་རེ་བྱེད་པའམ། རང་དགར་བཞུགས་པ་ལས་མདོ་སྔགས་ཀྱི། གཞུང་ཆེན་རྣམས་ལ་སྤྱོད་ཅིང་བརྩོན་པ་འི་སྐལ་བ་མི་སྙེད། དེ་ཡང་བྱིས་གཞོན་དར་གསུམ་མང་པོ་ཞིག། གྲྭ་པ་བྱས་ནས་འབྲི་ཀློག་ཙམ་རེ་སྦྱོང་ནས་གྲོང་ཆོག་ཞིག་ཏུ་འགྲོ་རྒྱུ་ཁོ་ན། གྲ་བསྒྲིགས་བྱས་ཏེ་འདོན་ཆ་མང་པོ་ཁ་བྱང་གཏོང་བ་ལས། གཞུངཆེན་པོ་དག་ལ་མི་སློབས། དེ་ནས་ཡུལ་དུས་ཀྱི་དགེ་སྐལ་ལྟ་བུ་སྔོན་འགྲོ་དང་དངོས་གཞི། རྩ་རླངས་བཅས་ཟླ་བ་ཁ་ཤས་སྦྱོང་ཏེ། ད་ནི་ཚེ་གཅིག་གི་སྦྱང་པ་དང་ཉམས་ལེན་ཚང་མ་བྱས་ཟིན། སྙམ་ནས་གྲོང་ཆོག་ཁོ་ནར་འབད་པ་ལས། ཐོས་བསམ་ཞིག་དགོས་སྣང་ཡང་མི་འཆར། དེ་ལྟར་བྱས་པས་གྲྭ་པ་རྣམས་ཀྱི། གཡུང་དྲུང་བོན་ཡང་དག་པ་ཞིག་མི་ཤེས། བོན་ཡང་དག་མ་ཤེས་ཕྱིན། འདུལ་བའི་བླང་དོར་གྱི་གནས་ལ་རྨོང་པའི་དབང་གིས། རྨོ་བརྐོ་སོ་ནམ་རྩ་འཐུ་ནས་རྔ་མི་བྱེད་པ་ཙམ་ལས། ཕྱིའི་ཆས་གོས་ནང་གི་བསམ་པ་ལུས་ཀྱི་སྤྱོད་ལམ་སོགས་མི་སྐྱ་ཕལ་བ་རྣམས་དང་དང་ཁྱད་མེད་པར་འགྱུར་བ་མཐོང་ཐོས་ཡོད་པ་བཞིན་ནོ། དེས་ན་དགོན་པ་སོ་སོར་བཤད་སྒྲུབ་ཀྱི་བསྟན་པ་རེ་ལ་གཞི་བཟུང་ན། གྲྭ་པ་རྣམས་ཀྱིས་བོན་ཡང་དག་གི་ནང་དོན་ཤེས་པས་གང་ཐད་ནས་སྤུས་ཀ་ཇེ་བཟང་དུ་འགྲོ། བསྟན་པ་དང་སེམས་ཅན་ལ་ཕན་ཐོག་པ་མང་པོ་འབྱུང་། དེའི་དབང་གི་རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་པ་ལ་ཕན་པ་ངེས་ཅན་ཞིག་འབྱུང་བ་སྨོས་མ་དགོས་སོ། དེའི་ཕྱིར་དགོན་པ་རྣམས་ཀྱི་ནང་དུ་བཤད་སྒྲུབ་ཚད་ལྡན་རེ་འཛུག་རྒྱུ་འདི་ལས། གལ་ཆེ་བ་གཞན་ཅི་ཡང་མེད་པས། དགོན་དཔོན་བླ་སྤྲུལ་མཁན་སློབ་སོགས་ཀྱིས་ཆེས་་ཐོག་མར་ཐུགས་བསམ་བཞེས་ས་འདི་ཁོ་ན་བྱེད་དགོས་ཏེ། དགོན་པའི་ནང་དུ་བསླབ་གསུམ་ལྡན་པའི་དགེ་འདུན་གྱི་སྡེ་དང་། བཤད་སྒྲུབ་ཀྱི་བསྟན་པ་ཅི་རིགས་རེ་ཡོད་དགོས། སངས་རྒྱས་ཀྱི་བསྟན་པ་གནས་པའི་ཐབས་བྱེད་ནའང་། མི་རྣམས་ཀྱི་སེམས་ནང་དུ་གནས་ཐབས་བྱེད་དགོས་པ་ཡིན། མིའི་སེམས་ནང་དུ་བསྟན་པ་ལ་དད་གདུང་མེད་པར་གྱུར་ན། ཁང་པ་ཆེན་པོའི་ནང་དུ་གསེར་སྐུ་ཆེན་པོ་འགའ་རེ། ཡོད་པ་ཙམ་གྱིས་ཕན་པ་ཅི་ཞིག་ཡོད། དགོན་པའི་བྱ་བ་གཞན་པ་རྣམས་བཤད་སྒྲུབ་གཉིས་ཀྱི་ཡན་ལག་ཙམ་ཡིན་པས། རན་ཙམ་རེ་ཡོད་ན་དེས་མ་ཆོག་པ་མེད་དོ། དེར་མ་ཟད་དམ་པ་གོང་མ་རྣམས་ཀྱི་བཞག་པའི་དུས་མཆོད་ཁག་དང་། ཆོ་གའི་ཕྱག་ལེན། འབུད་རྡུང་དཀྲོལ་བ། གར་དབྱངས་ཐིག་རྩ་སོགས་ཀྱང་། མཐོང་བ་བརྒྱུད་པའི་ཕྱག་བཞེས་གཙང་མ་ཇི་བཞིན། མ་ཉམས་པར་འཛིན་རྒྱུ་གལ་ཆེ་བས། གནས་སྐབས་ཀྱི་ཆེད་སྦྱོང་འཛིན་གྲྭ་གཉེར་ཏེ་ལེགས་པར་སྦྱོང་དགོས་ཀྱི། དེ་དག་ལ་མཐོང་ཆུང་བྱས་ནས་ལག་ལེན་ཐམས་ཅད། རྟོག་བཟོ་དང་གཟུ་ལུམ་དུ་མ་སོང་བ་ཞིག་དགོས་སོ། དེང་ལྷོ་རོང་གི་རི་ཁུག་དང་བྱང་འབྲོག་གི་ལུང་ཀྱོག་རྣམས་སུ། ཁྱིམ་པ་ཕོ་མོ་མང་པོའི་གཡུང་དྲུང་བོན་ཞེས་པ། འདི་ཕྱི་གཉིས་ལ་ཕན་ཐོག་བྱེད་གཅིག་ཡིན་སྙམ་པ་ཙམ་དང་། བོན་སྒྲུབ་ཅེས་པ་བླ་མཆོད་གདན་འདྲེན་བྱས་ཏེ་ཕྱི་ནང་དཀྱིལ་འཁོར་གང་རུང་ཞལ་ཕྱེས་ནས་ཚོགས་མཆོད་འབུལ་བ་ཙམ་དང་གནས་རི་ལ་ཕྱག་བསྐོར་བྱ་བ་དང་ཁ་ནས་སྙིང་པོ་འདོན་པ་ཙམ་གྱིས་ཚེ་འདིའི་རྐྱེན་བཟློག་དང་ཕྱི་མའི་འདྲེན་སྟོན་གཉིས་ཀ། འབྱུང་བར་མོས་པ་ཙམ་མ་གཏོགས། གཡུང་དྲུང་བོན་དངོས་ཀྱི་ནང་དོན་དང་དེ་སྒྲུབ་ལུགས་ཇི་ལྟར་ཡིན། རྩ་བ་ནས་གོ་བར་མི་འདུག ་སྟོན་པ་སངས་རྒྱས་བཀའ་དྲིན་ཅན་གྱིས། ང་ཚོར་སྤངས་བསྒྱུར་གྲོལ་གསུམ་གྱི་སྒོ་ནས་ཐར་པ། སྒྲུབ་ཐབས་བསམ་གྱི་མི་ཁྱབ་པ་ཞིག་བསྟན། བསྟན་པ་དེ་ད་ལྟ་བཞུགས། དེ་སྟོན་ཤེས་མཁན་ཡོད་བཞིན་དུ་བོན་གྱི་གོ་དོན་ཕལ་བ་ཙམ་ཡང་མ་སྙེད་པས། མི་རབ་ཏུ་མང་པོ་ཞིག་བོན་ས། བོན་ཡུལ་དུ། སྐྱེས་ཀྱང་བོན་མེད། ལག་སྟོང་དུ་ཚེ་ཕྱི་མར་འགྲོ་དགོས་བྱུང་བ། འདི་ནི་ཆེས་ཡིད་ཕམ་པའི་གནས་ཤིག་མ་རེད་དམ། འོ་ན་དེའི་རྩ་བ་གང་ལ་ཐུག་ཡོད་ཅེ་ན་རང་རེ་རྣམས་ཀྱིས། དད་ལྡན་མང་ཚོགས་ཀྱི་ཁྲོད་དུ་གཡུང་དྲུང་བོན་གྱི། གོ་དོན་ཁྱབ་གདལ་དུ་སྤེལ་བས་སྲོལ་ཕྱེ་མ་ཐུབ་པས་སྐྱོན་དེ་ལ་ཐུག་འདུག། དེས་ན་བོན་པོའི་གྲོང་ཚོ་རེ་ལ་དགོན་པ་རེ་དང་། དགོན་པ་རེ་ལ་དགོན་དཔོན་རེ་མེད་པ་ཧ་ལམ་མེད་པའི་དེ་རྣམས་ཀྱི་འགན་བཞེས་ཏེ་དགོན་པ་རང་དང་འབྲེལ་བའི་མང་ཚོགས་རྣམས་ལ། ཡུན་རིང་ཐུང་ཅི་རིགས་ཀྱི་རིག་གནས་སློབ་གྲྭ་དང་། སྔགས་རྫོགས་ཀྱི་སྒྲུབ་སྡེ་རེ་ཆེད་དུ་འཛུག་ནས། དེར་ཁྱིམ་པ་རྒན་དར་གཞོན་གསུམ་གང་རུང་ཞུགས་དགོས་པའི་སྐུལ་སློང་དང་། དེ་དག་ལ་རང་གི་ཤེས་ནས་རང་གིས་དཔེ་ཁྲིད་བྱེད་རྒྱུ་དང་མ་ཤེས་ན་ཤེས་མཁན་དགེ་རྒན་གཞན་ནས་བཙལ་ཏེ་གོ་བརྡ་ཡང་དག་པ་རེ་སྤྲོད་དགོས་འདུག་གོ དེ་མིན་བླ་སྤྲུལ་དང་མཁན་སློབ་དགེ་བཤེས་ཞེས་ཁས་འཆེས་པ་འགའ་ཞིག་གི། རང་འདོད་ཀྱི་བྱ་བ་སྣ་ཚོགས་ལ་འཇུག་པ་ལས། སེམས་ཅན་རྣམས་ལ་བོན་འཆད་ཉན་གྱི་སྒོ་ནས་ཕན་ཐོག་ཅི་ཡང་མ་བྱུང་བའི་ཚེ་ན། མི་རྣམས་ཀྱི་སེམས་དང་གཡུང་དྲུང་བོན་གྱི་བར་ཐག་ཇེ་རིང་དུ་འགྲོ་བར་གདའ་འོ། མུ་འགོད།
- ཟིན་ཐོ་གོང་མ།2012།12།31། ལ་དོག་མི་དགོས་ལ་སྐྲག་མི་དགོས།
- ཟིན་ཐོ་འོག་མ།ཉི་འོད་ལ་ཞུག་མར་གྱི་གསལ་མི་དགོས་ཀྱང་འོས་སྦྱོར།