མཁྱེན་གཉིས་འོད་སྟོང་འབར་བའི་གཟིས། །སྒྲིབ་གཉིས་མུན་པ་མཐར་བྱེད་ཅིང༌། ལུགས་གཉིས་སྣང་བ་རྒྱས་མཛད་པས། །སྐུ་གཉིས་སྨྲ་བའི་སེང་གེར་བསྟོད། །
དཔྱོད་ལྡན་མཁས་པའི་དེད་དཔོན་དག །ལུགས་གཉིས་གྲུ་ཆེན་ལ་བརྟེན་ནས། །འཁོར་བའི་རྒྱ་མཚོ་རབ་བརྒལ་ཏེ། །གཏན་བདེའི་ལམ་ལ་གཤེགས་པ་མཚར། །མངོན་མཐོའི་རྟེན་བཟང་ལྗོན་པའི་དབང་པོ་ལ། །ཡ་རབས་ཚུལ་ལྡན་ཡན་ལག་འབུམ་རྒྱས་ཤིང༌། །ངེས་ལེགས་འབྲས་བུ་ཡོངས་སུ་དུད་བྱེད་པའི། །ལུགས་གཉིས་གཏམ་གྱི་ཆར་ཟིམ་འདི་ན་སྦྲན། །གང་ཞིག་འཇིག་རྟེན་ཡ་རབས་ཚུལ་བསླབ་ཅིང༌། །
བརླང་སྤྱོད་ཐོ་ཆོའི་ངན་སྤྱོད་རབ་སྤངས་ནས། །ལུགས་ཟུང་སྤྱོད་པའི་ཚུལ་གྱིས་མཛེས་འདོད་ན། །དང་པོར་མི་ཆོས་བླང་དོར་བྱེད་པའི་ཚུལ། །གནས་དང་ཕྱོགས་རྣམས་གང་དུ་འགྲོ་ཡང་རུང༌། །
གཞི་དང་གནས་མལ་གང་དུ་བྱེད་ཀྱང་རུང༌། །གྲོགས་དང་འགྲོགས་ལུགས་སུ་ལ་འཚོལ་ཡང་རུང༌། །གཞན་དང་བསྟུན་པ་མི་ཆོས་རྩ་བ་ཡིན། །དེ་ཡི་སྟེང་ནས་འདུན་མ་བཤད་ཀྱི་ཉོན། །
སུ་ཡི་དོན་དུ་དཀའ་སྤྱད་བྱེད་ན་ཡང༌། །བྱ་ཤེས་ཀོ་ལོང་སྡུག་ཡུས་ཆུང་བར་མཛོད། །ལས་དང་བྱ་བ་ཇི་ལྟར་བྱེད་ན་ཡང༌། །མཛད་སྤྱོད་ཐམས་ཅད་མི་དང་མཐུན་པར་མཛོད། །
རང་ལ་ཡོན་ཏན་ཇི་ཙམ་ཡོད་ན་ཡང༌། །གཞན་ལ་ཁྱད་གསོད་བརྙས་པ་ཆུང་བར་མཛོད། །རང་ཉིད་ལས་ཐབས་འདུན་མ་མཁས་ན་ཡང༌། །སྤྱི་ཡི་ཁྲིམས་ལ་ས་ཆོད་ཆུང་བར་མཛོད། །
རང་ཉིད་བསགས་པའི་ནོར་རྫས་ཡིན་ན་ཡང༌། །མང་པོའི་གསེབ་ཏུ་ལྐོག་ནོར་ཆུང་བར་མཛོད། །རང་ཉིད་ཀུན་གྱིས་ཚད་མར་ཁུར་ན་ཡང༌། །ངའོ་སྙམ་པའི་ང་རྒྱལ་ཆུང་བར་མཛོད། །རང་ཉིད་དགེ་བའི་བཤེས་སུ་གསོལ་ན་ཡང༌། །
མཁས་དམན་ཀུན་ལ་བརྙས་པ་ཆུང་བར་མཛོད། །རང་གི་གོང་ན་ཆེ་བ་གཞན་མེད་ཀྱང༌། །འོག་ཏུ་ཞུགས་ལ་འཇུག་པ་བདེ་བར་མཛོད། །གཞན་གྱི་ཚོགས་དཔོན་ཇི་ལྟར་ངན་ན་ཡང༌། །
གུས་པའི་ཚུལ་གྱིས་ཕྱག་དང་ཕྱག་ལེན་མཛོད། །རང་དང་མཉམ་པའི་གང་ཟག་སུ་བྱུང་ཡང༌། །མགོ་ཡང་མཐོ་བའི་བཀུར་བསྟི་གུས་པར་མཛོད། །འོན་ཀྱང་ལུགས་དང་ལུགས་མིན་ནོར་ས་ཡོད། །
ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང༌། །མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན། །སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང༌། །རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། །
བློ་གཏད་མི་ལ་གང་ཡག་བཤད་མི་དགོས། །གང་ཞིམ་གང་བཟང་དེ་ལ་སྟེར་མི་ད་གོས། །གལ་ལ་ཐུག་དུས་སྐྱིད་སྡུག་ཅི་བྱུང་ཡང༌། །བསླུ་མེད་སྙིང་ནས་བསྐྱངས་ན་ངོ་མཚར་ཆེ། །
རང་བཞིན་བཟང་དང་མདོ་མེད་ནོར་ས་ཡོད། །ཤ་ཚ་ཅན་དང་བསམ་ངན་ནོར་ས་ཡོད། །ཅི་ཙམ་འབད་ཀྱང་ཕན་ངོ་མི་ཤེས་པའི། །ཁྲེལ་གཞུང་མེད་ལ་གྲོགས་པོར་བསྟེན་པ་མཚང༌། །
ནོར་དང་ལུག་ལ་སྐད་ཆ་བཤད་པ་བཞིན། །མི་ཉན་པ་ལ་ཁ་ཏ་བྱེད་པ་མཚང༌། །ཞག་གསུམ་ལོན་ན་ཨ་ཕ་བསད་ཀྱང་བརྗེད། །ནོར་རྫས་བསྟན་ན་ཨ་མའི་སྐེ་ཡང་ལེན། །
གལ་ལ་ཐུག་ན་བླ་མའི་དབུ་ཡང་བསྐོར། །འདོད་པ་ཡོད་ན་རང་གི་བུ་ཡང་བཙོང༌། །དུས་ངན་མི་ངན་སྤྲིན་བར་ཉི་མ་འདྲ། །ད་ལོ་བཟང་ཡང་སང་ཕོད་ངན་པ་ཡོད། །འཁོར་ལ་བསྟོད་ར་མ་སྔ་བློ་ཁོག་ལྟོས། །
ངན་པ་ཡིན་ཀྱང་བཟང་པོར་འགྱུར་བ་སྲིད། །མྱུར་དུ་སྨད་ར་མ་མང་ཐབས་ཀྱིས་སྐྱོང༌། །ཁས་བླངས་སྒྲུབ་པར་མ་ནུས་ངོ་ཚ་ཉོ། །སུ་ལ་ཁས་ལེན་མ་བྱེད་ལག་ལེན་སྐྱོང༌། །སྙིང་གཏམ་སྙིང་གི་གྲོགས་ལ་ཤོད་ཚོད་གྱིས། །
སྔ་གྲོགས་དགོང་དགྲར་སོང་བ་མང་པོ་ཡོད། །མི་ཤོད་དགུ་ཤོད་ཤོད་རྒྱུ་མང་དྲགས་ན། །མི་ལ་མ་ཤོད་ཟེར་གྱིས་སྡོད་དགོས་ཡོང༌། །མ་བཤད་གཏམ་དེ་ག་དུས་བཤད་བཤད་རེད། །བཤད་ནས་འགྱོད་དགོས་བྱུང་ན་ཐ་མའི་ལས། །
མ་བཤད་བར་དུ་གཏམ་ལ་རང་དབང་ཐོབ། །བཤད་ནས་གཏམ་གྱི་དབང་དུ་ཤོད་མཁན་ཚུད། །སེམས་ལ་དྲན་རྒྱུ་མང་བའི་བློ་མང་དེ། །འདུན་མ་གཅིག་ལ་མི་ཞོག་དཀྲུག་ཤིང་ཡིན། །ཉིན་པར་སེམས་འཁྲུག་མཚན་མོར་གཉིད་མི་འོང༌། །
དེ་ཕྱིར་བློ་སྣ་མང་པོ་རྦད་ཀྱིས་ཆོད། །ཅུང་ཟད་ཙམ་ཡང་མི་བཟོད་གཤིས་ངན་དེ། །ཚེ་འདིར་ལུས་སེམས་གཉིས་ཀའི་སྡུག་བསྔལ་ཡིན། །ཕྱི་མའི་དགེ་རྩ་འཇོམས་པའི་ཕྱགས་མ་ཡིན། །དེ་ཕྱིར་ཁོག་ཡངས་རང་བཞིན་བཟང་པོར་མཛོད། །
ཟླ་བ་དཀར་ཡང་རི་བོང་གཟུགས་ཀྱིས་སྦགས། །གྲོགས་ངན་འགྱོད་པའི་རྩ་བ་ལགས་པས་སྤོངས། །ཉེ་དུ་ངན་པ་ཞབས་མེད་སྣོད་དང་འདྲ། །ཡུལ་ངན་སྡུག་གི་འཁོར་ལོ་ལགས་པས་སྤོངས། །ངེས་ཐུབ་ངེས་ཤེས་གླ་མེད་གཡོག་པོ་ཡིན། །
མི་ཆོས་རྐང་པའི་ཐི་གུ་ལགས་པས་སྤོངས། །དེང་དུས་སྐྱེ་བོའི་ཚོགས་རྣམ་གསར་འགྲོགས་ཆེ། །ཟླ་འགའ་ལོ་འགའ་ལོན་ནས་གཟབ་པར་འཚལ། ། གང་འཇམ་གང་ལེགས་བཤད་ཚད་བསམ་དཀར་མིན། །
ཁ་འཇམ་ཁོང་རྩུབ་ཕྱོགས་ལ་གཟབ་པར་འཚལ། །སྐྱོན་མཚང་བྲུས་ནས་བཤད་པ་བསམ་དཀར་རྟགས། །རང་གི་ཁོང་ཁྲོའི་ཕྱོགས་ལ་གཟབ་པར་འཚལ། །ངས་ཐུབ་ངས་ཤེས་ཟེར་ལ་བློ་གཏད་མེད། །
མགོ་བསྐོར་བསླུ་བྲིད་ཕྱོགས་ལ་གཟབ་པར་འཚལ། །འདིར་བྱོན་འདིར་བཞུགས་ཟེར་བ་བཀུར་བསྟི་མིན། །རང་མཉམ་གྲལ་མཉམ་ཕྱོགས་ལ་གཟབ་པར་འཚལ། །གང་བཟང་གང་ཆེ་སྟེར་བ་ཕན་སེམས་མིན། །
ཁ་ལན་སྐྱིན་པའི་ཕྱོགས་ལ་གཟབ་པར་འཚལ། །ཉམ་ཐག་སྐད་ངན་འདོན་ཡང་ངེས་པ་མེད། །འགོང་པོ་ལག་ཟེད་ཕྱོགས་ལ་གཟབ་པར་འཚལ། །མཐོ་ལ་འཕྲག་དོག་མ་བྱེད་སྤྱི་བོས་བཀུར། །
དམན་ལ་ཁྱད་གསོད་མ་བྱེད་བྱམས་པས་སྐྱོང༌། །མཉམ་ལ་གྲལ་རྩོད་མ་བྱེད་མཉམ་པར་འགྲོགས། །གང་ལ་འགྲོགས་བདེ་གཤིབ་བདེའི་བྱ་བ་ལེགས། །སྐྱིད་སྡུག་རིང་ཐུང་སྦོམ་ཕྲ་གྲངས་མེད་རེད། །
སྐྱིད་དུས་མིར་བསྟུན་སྡུག་ཚེ་ཁོག་ཡངས་དགོས། །དབྱར་དགུན་འགྱུར་མེད་ལྷ་ཤིང་ཤུག་པ་ལྟར། །སྔ་འདྲིས་མཛའ་བཤེས་ཀུན་ལ་གཞུང་རིང་མཛོད། །འཕྲད་འཕྲལ་མགུ་ཞིང་འགྲོགས་ན་འཁྲོ་བ་སྐྱེན། །
ཕར་ལ་ཕན་བཏགས་ལེགས་བྱས་བརྒྱ་བྱས་ཀྱང༌། །དྲིན་གཟོ་མི་ཤེས་གཅིག་སྦྱིན་གཉིས་ལེན་བྱེད། །དེ་འདྲའི་མི་དང་འགྲོགས་ཡུན་ཐུང་ན་མཛེས། །ཐག་རིང་གཉེན་ལས་ཁྱིམ་མཚེས་དགྲ་བོ་ཡང༌། །
དགའ་ཞེས་གནའ་བོའི་ངག་ལས་འབྱུང་བ་བཞིན། །ཡུལ་མི་ཁྱིམ་མཚེས་རང་ལྟོས་འཁོར་འབངས་དང༌། །ཉམ་ཆུང་ཀུན་ལ་ཕན་པ་གང་ཐོགས་དགོས། །ཟས་ནོར་སྔོན་གྱི་སྦྱིན་ཤུགས་ལ་རགས་པས། །
གསོག་སྲུང་དམ་ཡང་འཕེལ་བའི་ངེས་པ་མེད། །དེ་བས་འདི་ཕྱིའི་བདེ་ལེགས་སྤེལ་འདོད་ན། །མཆོད་སྦྱིན་གཉིས་ཀྱི་ཚོགས་སུ་མྱུར་དུ་ཐོངས། །རང་ལ་ཆེ་ཕྲའི་ཕན་འདོགས་སྐྱེ་བོ་ལ། །ལྷག་དང་མཉམ་སོགས་རང་ནུས་དང་བསྟུན་པའི། །
ཕན་ལན་བགྱིད་པའི་བསམ་སྦྱོར་མ་བསྟེན་ན། །ཁྲེལ་མེད་གྲངས་སུ་བརྩི་བས་དྭོགས་ཟོན་གྱིས། །ཁམས་གསུམ་འགྲོ་ཀུན་གཉེན་དུ་མཚུངས་མོད་ཀྱང༌། །ཚེ་འདིའི་སྒྱུ་ལུས་སྟེར་བའི་ཕ་དང་མ། །ཕན་འདོགས་ཞིང་དུ་རྒྱལ་བས་བསྔགས་པས་ན། །
ཡིད་ཆེས་གུས་པས་བཀུར་བསྟི་བསྒྲུབ་པར་གྱིས། །བཀའ་དྲིན་ཅན་གྱི་ཕ་མ་རྣམ་པ་གཉིས། །ན་སོ་རྒས་པ་ད་ལྟ་ཨེ་ཤེས་ལགས། །དྲིན་ཅན་དྲིན་དུ་བསམ་པ་ཨེ་ཡོད་ལགས། །ཁྲེལ་དང་ངོ་ཚ་དགོས་པ་འདི་རུ་རེད། །
གང་བྱས་ཡོང་བའི་ཡོན་ཏན་ཕ་མའི་དྲིན། །ཁ་ནས་ཕྲིས་ཏེ་བསགས་ཚད་བུ་ཡི་དོན། །ལས་འབྲས་རླུང་ལ་བསྐུར་རྒྱུ་བུ་ཡི་དོན། །བསམ་རྒྱུ་བུ་དང་དྲན་རྒྱུ་བུ་ལས་མེད། །ཉིན་མཚན་མེད་པར་ཕ་མའི་བཀའ་དང་བསྟུན། །
སྔ་དགོང་མེད་པར་ཕ་མའི་ཞབས་ལ་བཅར། །ཕ་མ་མཉེས་ན་འདི་ཕྱི་གཉིས་ཡོད་རེད། །ཕ་མ་མ་མཉེས་འདི་ཕྱི་གཉིས་མེད་རེད། །ཕ་མ་ཡོད་དུས་བཀའ་དྲིན་མ་བསམས་ན། །མེད་དུས་འགྱོད་པ་སྐྱེས་ཀྱང་ཐ་མའི་ཐ། །
འགྱོད་པ་དེ་ནི་ཕུགས་ནས་ཕུགས་སུ་འགྱོད། །ད་ལྟ་ས་སྟེང་འགྱོད་པ་དེ་ལས་མེད། །དེ་ལྟར་ཕ་མ་འཛོམས་པའི་ཕྲུ་གུ་ཚོ། །གཏམ་གྱི་ནོར་བུ་སྙིང་གི་སྒམ་དུ་ཆུགས། །བུད་མེད་ཁྲམ་དང་གཡོ་སྒྱུ་གྱོད་ཀྱི་གཞི། །དེ་འདྲའི་བཤད་ཚད་ཉན་ན་ཕུང་ལ་སྦྱོར། ། གཞན་ལ་གཡོ་སྒྱུ་མགོ་སྐོར་ཐུབ་ན་ཡང༌། །ཉིན་གཅིག་ལེ་ལན་རང་ལ་འཁོར་ནས་ཡོང༌། །བཟང་ན་བཟང་དང་ངན་ན་ངན་གྱི་ལན། །འདི་ནི་ཡོང་རྒྱུ་འཇིག་རྟེན་འཁོར་བའི་ལས། །གཞན་དོན་དཔྱད་ན་གསལ་པོ་ལོས་ཡིན་ཀྱང༌། ། མར་མེ་རང་རྩར་གསལ་བ་ཤིན་ཏུ་དཀའ། །
རང་དོན་འཕྱུག་པ་མེད་ན་མཁས་པ་ཡིན། །ལེགས་ཉེས་དཔྱད་ནས་ཤེས་ན་མཁས་པ་ཡིན། །གཞན་སྐྱོན་མི་བརྗོད་རང་ལའང་དེ་ཡོད་སྲིད། །མི་གཙང་གྱེན་གཏོར་ཕྱེད་ཙམ་རང་མགོར་འབབ། །ངན་ལ་གྲོས་གདབ་སྦྲུལ་ལ་འོ་བླུད་འདྲ། །
ཁ་བ་ཉི་མས་གདུང་ཡང་གྲང་རང་བཞིན། །ངན་ལ་ཕན་བརྒྱ་བཏགས་ཀྱང་ཉེས་གཅིག་འཁྲུག །རིམ་བསྐྱེད་མེ་ཏོག་སེར་བས་སྐད་ཅིག་འཇོམ། །མི་ངན་འབྲེལ་མེད་མི་ལའང་གནོད་པ་སྐྱེལ། །མེ་ཏོག་གནོད་མེད་གནས་ཀྱང་བ་མོས་སྐམ། །
བྱམས་པོ་བྱས་ན་དགྲ་ཡང་གཉེན་ལ་འགྲོ། །རྩུབ་ཚོད་མ་ཟིན་བུ་ཡང་ཞེན་པ་ལོག །གཡོ་སྒྱུ་སྦུབས་སུ་འཚང་བའི་འཁྱོག་ཚིག་གིས། །བསླུ་བ་མང་ན་མི་ཡི་གསེབ་ནས་བུད། །བབ་ཅོལ་མི་བཟློ་གསོང་པོར་སྨྲ་བའི་མི། །
འཕྲལ་ལ་བློ་བདེ་ཕུགས་སུ་ཞེ་གཙང་ངོ༌། །གཏམ་ལ་དྲང་བའི་མི་དེ་སེམས་ནས་དྲང༌། །བཟང་པོའི་བསླབ་བྱ་ངན་པའི་དགྲ་ལ་འགྲོ། །དེས་ན་ཡ་རབས་སྤྱོད་གཙང་དགེ་བ་སྤྱོད། །ཆེ་བཀུར་རིགས་མཐོ་རྒན་ལ་ཕུ་དུད་བྱེད། །
རང་གཞན་དོན་སྤྱི་བསྒྲུབ་མཁས་རང་འདོད་ཆུང༌། །བློ་བརྟན་གང་ལའང་ཚོད་ཟིན་མི་ཡི་མཆོག །ཟས་ལ་རྔམ་ཞིང་ཟ་ཕོད་ཆེ་བའི་མི། །ཀུན་གྱི་ཞེན་ལོག་སྐྱུག་བྲོའི་གནས་སུ་བྱེད། །།ལྟོ་ཚོད་ཟ་ཚོད་རང་གིས་བྱས་པ་དགའ། །
ཞིམ་ཚད་མ་ཟ་འཇམ་ཚད་མ་གྱོན་ཅིག །ཁ་ལུས་གཉིས་པོས་སྡུག་ལ་སྦྱར་ཡོང་ངོ༌། །ཞིམ་པོའི་ཟ་ཚོད་འཇམ་པོའི་གྱོན་ཚོད་རྣམས། །མི་ལ་ཚང་ན་མཁས་པའི་ཡང་རྩེ་ཡིན། །བཀོད་པའི་ལས་ལ་ཆོག་ཤེས་མ་བྱས་ན། །
རང་སྡུག་རང་གིས་ཉོ་བ་དོན་མེད་རེད། །ཆོག་ཤེས་ལྡན་ན་ཕྱུག་དང་མ་ཕྱུག་མེད། །ཆོག་ཤེས་མེད་ན་ཕྱུག་པོ་སྤྲང་པོའི་སེམས། །ཆོག་ཤེས་བྱས་ན་ལུས་སེམས་བདེ་ལ་འགོད། །ཡོན་ཏན་ཀུན་གྱི་རྩ་བ་ཡི་གེ་དང༌། །ཡོན་ཏན་ཀུན་གྱི་རྒྱལ་པོ་ཡི་གེ་རེད། །
དོན་དུ་མི་ལ་ཡོན་ཏན་ཚང་བ་དགོས། །ཡོན་ཏན་རིན་ཆེན་འཛད་མེད་ཕུགས་ཀྱི་གཏེར། །ན་སོ་གཞོན་དུས་བུ་ལ་སྦྱོང་མཐར་སློབས། །ན་སོ་ལོངས་ནས་བསླབ་དགོས་མེད་པར་གྱིས། །ཨ་མའི་ཁ་ལ་སྒོ་ལྕགས་བརྒྱབ་དྲགས་ན། །ཕྲུ་གུས་ཆག་སྒོའི་རྒྱལ་སྒོ་ཕྱེ་ཉེན་ཡོད། །ཡག་ན་ཡག་པས་ངོ་བསྟོད་བདག་རྐྱེན་སྤྲོད། །ཉེས་ན་ཉེས་སོང་ཟེར་བས་ཉེས་ཐག་ཐོངས། །ཆུང་དུས་ཨ་མས་ལང་ལ་བཏང་བའི་བུ། །ལང་ཤོར་ཐ་མ་ཨ་མར་དགའ་མི་ཁུག ། མི་གསོད་རྟ་འཁྱེར་བྱས་ནས་འབྲོས་པ་མང༌། །ཐ་མ་དེ་འདྲའི་སྨྱོ་སྨྱོ་སུ་ཞིག་སྨྱོ། །ཞིམ་པོ་སྟེར་ཚོད་འཇམ་པོས་གཡོག་ཚོད་གྱིས། །བྱ་ལུགས་བྱེད་ལུགས་འགྲོ་ལུགས་སྡོད་ལུགས་སློབས། །བཟང་དང་ངན་ལ་སྤང་བླང་ཆུང་ནས་སྦྱོང༌། །
ཡ་རབས་བཟང་ལ་མིག་ལྟོས་བྱེད་དུ་ཆུག །བསླབ་བྱ་བཤད་ན་སུས་ཀྱང་ཤེས་མོད་ཀྱང༌། །དགོས་དོན་ལག་ལེན་བྱེད་པ་ཉིན་སྐར་ཙམ། །ཤེས་ཅན་བརྒྱ་ཡིས་ཁ་ཏ་བྱས་པ་བས། །རང་བློ་ཉེས་པ་གཅིག་གི་འགྱོད་པ་ལྷག །
ཉན་མཁན་ཡོད་ན་གོ་རྒྱུ་བཤད་ཡོད་དོ། །ལྟ་མཁན་ཡོད་ན་མཐོང་རྒྱུ་བསྟན་ཡོད་དོ། །ལས་འབྲས་སྙིང་ལ་བཅངས་ནས་འགྲོ་ལུགས་དང༌། །དཀར་ནག་སེམས་ལ་བཞག་ནས་བྱ་ལུགས་མཛོད། །
ཇི་བཞིན་ཡ་རབས་གཙང་མའི་ལམ་ཞུགས་ནས། །ཇི་ལྟར་བཤད་བཞིན་དོན་ལ་རབ་བརྩོན་ན། །ཇི་སྙེད་སྐྱོན་གྱིས་གོས་པར་མི་འགྱུར་ཞིང༌། །ཇི་སྲིད་པད་དཀར་བཞིན་དུ་ཀུན་ལ་མཛེས། །མུ་འགོད་