གོང་མཐུད། འོན་ཀྱང་འཇིག་རྟེན་ཡ་རབས་ཚུལ་མཛེས་ཀྱང༌། །བྱང་ཆུབ་མ་བརྩོན་སྟོན་གཞུག་མེ་ཏོག་བཞིན། །ན་རྒས་འཆི་བའི་སད་སེར་སྟོབས་དྲགས་པས། །དལ་འབྱོར་ཨུ་དཔལ་བརླག་ནས་ཀྱེ་མ་ཧུད། །འཁོར་བའི་རྒྱ་མཚོར་ལས་ཉོན་དགྲ་བོ་ཡིས། །
འཕངས་པའི་སྡུག་བསྔལ་མྱོང་ལ་རབ་སྐྲག་ནས། །དལ་འབྱོར་གྲུ་ཆེན་རྙེད་འདིར་བོན་སྤྱོད་ཀྱི། །སྐྱ་བ་ལག་ཏུ་ཐོབ་ཚེ་འཁོར་མཚོར་སྒྲོལ། །དལ་བའི་རྟེན་ཐོབ་རྒྱལ་བའི་བསྟན་དང་མཇལ། །མཚན་ལྡན་བཤེས་དང་བོན་མཐུན་གྲོགས་ཀྱིས་བསྐྱངས། ། མཐུན་རྐྱེན་རྟེན་འབྲེལ་འཛོམས་པ་འདི་འདྲ་ལ། །ཡང་ཡང་རྙེད་པར་དཀའ་བ་དོན་ཆེའོ། །ལྟོ་བ་འགེངས་དང་གནས་མལ་བདེ་བ་ཙམ། །སྙིང་པོར་རློམ་ནས་ངལ་བརྒྱས་བསྒྲུབ་པ་དག །རྟེན་བཟང་ཐོབ་ཀྱང་བླང་དོར་ལ་རྨོངས་པའི། །
ཕྱུགས་ཀྱི་ངང་ཚུལ་ཉིད་ལ་གཞོལ་བར་ཟད། །དེ་ཕྱིར་བདག་ཉིད་ལེགས་སུ་འདོད་པ་རྣམས། །ངེས་པ་ཁོ་ནར་གཏན་དུ་བདེ་བའི་ཐབས། །རྒྱལ་བའི་གསུངས་པའི་མདོ་རྒྱུད་ཟབ་མོ་ལ། །འཇུག་པའི་གཏན་གྱི་འདུན་མ་མ་ནོར་གཅེས། །
འདི་ན་འཕྲལ་གྱི་འཚོ་བ་ཐབས་ཙམ་ཡང༌། །གང་ལ་རེ་བའི་ཡུལ་ལ་བརྟགས་དགོས་ན། །གཏན་བདེའི་ལམ་དུ་འཁྲིད་པའི་སྐྱབས་འཆའ་བའི། །བཤེས་གཉེན་བཟང་པོ་བརྟགས་པ་ཅིས་ཀྱང་འཚལ། །གང་ལ་བཤེས་སུ་བཟུང་བ་དེ་ཉིད་ལ། །
ལུས་དང་ལོངས་སྤྱོད་སྒྲུབ་པའི་མཆོད་པ་ཡི། །མཉེས་པ་ཁོ་ན་བྱེད་ལ་འབད་པ་ནི། །བདེ་ལེགས་རྩ་བ་མདོ་རྒྱུད་ཀུན་ལས་བསྔགས། །ལས་ཀྱི་བསྡུས་པའི་ཕ་ཡུལ་ཉེ་དུ་ཀུན། །བཞག་སྟེ་རྒྱང་རིང་ཡུལ་དུ་སོང་ན་ཡང༌། །
རྒྱུས་མེད་ཡུལ་ནས་དོན་མེད་མཛའ་བཤེས་སོགས། །བསྡུས་ཏེ་རྣམ་གཡེང་བྱེད་པ་སྙིང་མེད་ཡིན། །སྡིག་གྲོགས་ཡིན་ཞེས་རྭ་ཅན་མི་འབྱུང་གིས། །གཅེས་ཤིང་ཕན་པའི་ཟོལ་གྱིས་འཛུམ་བསྟན་ནས། །རྩེད་རྒོད་གཡེང་བའི་གྲོགས་བྱེད་བག་མེད་ཀྱི། །
ལས་ལ་སྦྱོར་དེ་སྡིག་པའི་གྲོགས་ཡིན་སྤོངས། །དང་པོ་ཐོས་པའི་སྒྲོན་མེ་མ་སྤར་ན། །ཀུན་ནས་ཉོན་མོངས་སྲེད་པའི་སྐྱོན་མཚང་དང༌། །རྣམ་བྱང་ཐར་པའི་ལམ་གྱི་བགྲོད་ཚུལ་སོགས། །བླང་དོར་ཇི་ལྟར་བྱ་བ་མི་ཤེས་སོ། ། བླང་དང་འདོར་བ་ཚུལ་བཞིན་སྒྲུབ་པ་ལ། །ཇི་ལྟར་བསྒྲུབ་ཚུལ་ཇི་བཞིན་སེམས་དགོས་ཤིང༌། །དེ་ལ་དེ་སྟོན་རྣམ་བཞག་ཐོས་དགོས་པས། །རྒྱ་ཆེན་གཞུང་ལ་ཐོས་པ་འཚོལ་བ་གཅེས། །དོན་གྱི་རྒན་པོ་ཚིག་གི་མཁར་བ་ལ། །
བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར། །དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས། །ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས། །གཞུང་ཚིག་མང་དུ་བློ་ལ་བཟུང་སྟེ་སྐྱོར། །དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་བྱེད་པ་དང༌། །
བརྗོད་བྱའི་གནད་ལ་སྒྲོ་འདོགས་ཆོད་པ་ཡི། །དོན་ལ་བརྟགས་དཔྱད་ཞིབ་མོ་བྱེད་དགོས་སོ། །ཉིན་རེ་ཟས་ཀྱང་མི་དྲན་བརྩོན་འགྲུས་ཙམ། །ཞུགས་མ་ཐག་ནས་མཁས་པའི་གོ་འཕང་འདོད། །ཞག་གསུམ་ལོན་ཚེ་རྗེས་མེད་གཡེང་བས་ཁྱེར། །
དེ་འདྲ་དེ་ལ་ཅི་ཡང་མི་ཡོང་བས། །ཚོགས་ཀྱི་དབུས་སུ་སྨྲ་མཁས་དཔལ་འདོད་ན། །དཀའ་སྤྱད་སྡུག་རུས་བཟོད་བསྲན་དྲག་པོ་ཡིས། །ལོ་ཟླ་ཡུན་དུ་བསྲིང་ནས་ཐོས་བསམ་ལ། །བརྩོན་པ་ཆུ་བོའི་རྒྱུན་བཞིན་བརྟེན་དགོས་སོ། །དཀའ་བས་བསགས་པའི་མང་ཐོས་ནོར་བུ་ཡང༌། །བརྗེད་ངས་རྐུན་པོས་ངལ་གྱིས་འཇོམས་བྱས་ནས། །རིན་ཆེན་གླིང་ནས་སྟོང་པར་ལྡོག་སྲིད་པས། །རྒྱུན་དུ་གོམས་འདྲིས་དྲན་ཤེས་བརྟན་དགོས་སོ། །
འཁྲུལ་བྲལ་གཞུང་དེ་ངེས་བཟུང་གཞིར་བྱས་ནས། །གཞན་རྣམས་དེ་དང་སྦྱར་ནས་དཔྱོད་པ་ལས། །གང་བྱུང་དཔེ་ལ་ལྟ་ཞིང་ཐམས་ཅད་ཀྱི། །རྗེས་སུ་འབྲངས་པ་ཤེས་རབ་འཆལ་བའི་རྒྱུ། ཚིག་གི་སྤུ་རིས་གཅོད་ཙམ་ཆོག་ཤེས་ཀྱི། །
བློ་རྒྱ་འབྱམས་ན་དོན་དང་ཡིད་གཉིས་པོ། །རོ་ཁུར་རྒྱབ་བསྣོལ་ལྟ་བུར་འགྱུར་བའི་ཕྱིར། །ཡིད་ནི་དོན་དང་ཕན་ཚུན་ཁ་སྤྲོད་དགོས། །མི་ཚེ་ཧྲིལ་གྱིས་ཐོས་པ་བསགས་གྱུར་ཀྱང༌། །ཉམས་སུ་ལེན་ཚེ་གྲོག་པོ་ཕུག་རྡུག་ཏུ། །
ཕྱིན་ལྟར་མ་སྦྱངས་གནས་སུ་ཕྱིར་ལྡོག་པའི། །ངང་ཚུལ་དེ་ལ་བློ་གྲོས་ལྡན་པས་ཁྲེལ། །དེ་ཡང་ཐོག་མཐའ་བར་གྱི་ཀུན་སློང་རྣམས། །ཕྱིར་ལྟ་ཁོ་ནར་སོང་བ་མ་ཡིན་པས། །སྔོན་བྱོན་ཚད་ལྡན་མཁས་གྲུབ་ཕལ་མོ་ཆེས། །
ཐོས་བསམ་ཉམས་ལེན་ཤར་བའི་རྣམ་ཐར་གཟིགས། །དང་པོ་ཉིད་ནས་གཅིག་ཤེས་གཉིས་ཤེས་ཀུན། །སྲིད་པར་འཁྱེར་བའི་དམུ་རྒོད་སེམས་ཀྱི་རྟ། །འདི་ཉིད་འདུལ་ཐབས་ཁོ་ན་འཁྱེར་བ་ཡི། །ཐོས་བསམ་དོན་དུ་འགྲོ་བར་བྱེད་དགོས་སོ། །
ང་རྒྱལ་རླུང་གིས་ལྟོ་བ་སྦོས་དྲགས་པས། །གཡག་རྒན་མཇིང་ལྟར་གཉའ་རེངས་མི་དེ་ལ། །བོན་གྱི་དྲི་ཙམ་འཐུལ་ཡང་ཕན་མི་འདོགས། །དེས་ན་ཁེངས་དྲེགས་ཆམ་ལ་ཕབ་པ་གནད། །དེ་ཕྱིར་ཐོས་པ་འཚོལ་བའི་ཀུན་སློང་དང༌། །
ཐོས་པའི་བསམ་སྦྱོར་ཇི་ལྟར་བསྟེན་པའི་ཚུལ། །མ་ནོར་ཚུལ་བཞིན་ཉམས་སུ་ལེགས་བསྟར་ན། །ཐོས་པའི་ཕན་ཡོན་མཐའ་དག་འབྱུང་བར་ངེས། །དེ་ལྟར་ཐོས་བསམ་གནད་དུ་ལེགས་སོང་ན། །དེ་ཉིད་བསྒོམ་དང་ཉམས་ལེན་གཙོ་བོ་ཡིན། །
ཐོས་བསམ་སྒོམ་གསུམ་ཅིག་ཆར་འབྱུང་བས་ན། །ཚེགས་མེད་ལམ་གྱི་རྟོགས་པ་རྙེད་པར་འགྱུར། །སྔོན་བསགས་ལས་ཀྱི་སྐྱེས་ཐོབ་མཐུ་ཞན་ཞིང༌། །སྦྱངས་ཐོབ་ཐོས་བསམ་རྐྱེན་ལ་མ་བརྟེན་པའི། །ཟབ་ཟབ་སྐད་ལ་རེ་བའི་མཐོར་སྙེགས་ཀྱིས། ། བླ་མེད་ཐེག་རྩེའི་རྣལ་འབྱོར་རློམ་མང་ཡང༌། །སྟོན་པ་མཆོག་དེའི་བསྟན་པའི་སྒོར་ཞུགས་ཚད། །ཐམས་ཅད་བླ་མེད་ཐེག་པའི་གདུལ་བྱ་ཀྱང༌། །ཡིན་པར་ཞལ་གྱིས་བཞེས་པ་མ་མཛད་ཅིང༌། །བོན་རྣམས་བློ་རིམ་ལྟོས་ནས་གསུངས་པས་སོ། །
རང་བློར་འཚམ་པའི་ཐེག་པའི་བོན་སྒོ་ལ། །རང་རང་གཞུང་ལྟར་སྤྱད་ན་མི་བསླུ་ཞིང༌། །མ་ཡིན་ཡིན་མདོག་མ་རྟོགས་རྟོགས་སྐད་ཀྱི། །ཝ་སྐྱེས་སེང་གེ་རློམ་ཡང་རང་ཕུང་གཞི། །གཞུང་ཆེན་ཐོས་བསམ་སྦྱང་ལ་ཟུར་ཟ་བྱེད། །
སྔགས་རྫོགས་ཉམས་ལེན་གང་དང་མ་འདྲེས་པའི། །གཏུམ་མོའི་དབུགས་སྦྱངས་འབད་པའི་རློམ་ཁེངས་ཀྱིས། ། །མི་ཚེའི་དོན་ཆེན་འགྲུབ་པར་འདོད་མང་ཡང༌། །རྒྱུད་སྦྱངས་ཐོས་བསམ་སྔོན་དུ་མ་སོང་ཞིང༌། །རང་རྒྱུད་བོན་དང་འདྲེས་པར་མ་གྱུར་ན། །མིང་སྙན་གྲགས་པས་བྱང་ཆུབ་ཐོབ་པ་ནི། །རྒྱལ་འཕགས་ལུང་ལས་གྲུབ་པ་ཡོད་དམ་ཅི། །
རང་ཤོང་སྤྱིལ་བུ་འདག་སྦྱར་མཚམས་གཅོད་ཀྱིས། །ལོ་བསྟར་འཛབ་བཟླས་འོ་བརྒྱལ་མང་བསྟེན་ཀྱང༌། །ཤེས་རྒྱུད་ཆུ་ཡི་རྡོ་དང་མར་སྐོགས་ལྟར། །གྱོང་བོར་ལུས་ཚེ་བོན་ལ་དྲེད་ཉེན་ཆེ། །ལང་ཤོར་ཡིད་ལ་རྟོག་པ་འོག་འགྱུ་སོགས། །
ཐོལ་གྱིས་ཤར་ནས་བཅར་གྱིས་ངོས་ཟིན་ནས། །ཁ་ཡན་ལམ་དུ་འཕྱན་དུ་མི་འཇུག་པར། །སེམས་རྟ་ཁ་བསླན་དཀའ་བ་འདུལ་ཐབས་གཅེས། །བུད་སྐྱེད་ཁེ་སྤོགས་སོ་ནམ་ཀ་ཅ་ཡི། །གསོག་རུམ་མཁས་ཚུལ་མནོག་ཆེ་ལྟར་སྣང་ཡང༌། །
ཡོད་དོ་ཅོག་བསྐྱུར་ག་ཤེད་གདོང་འགྱུར་ཚེ། །རྩ་འཇིང་ཁ་དྲག་དཔུང་གིས་སྐྱོབ་ནུས་སམ། །མི་ཚེ་ཕྱེད་ནི་གཉིད་ལ་ཡུར་བས་ཁྱེར། །དེ་ཕྱེད་བཟའ་བཏུང་གཡོས་སུ་བྱ་བས་ཆོད། །ལྷག་མ་གཏམ་གླེང་ངག་གིས་དུས་འདའ་ཚུལ། །
ལང་ཤོར་ཡིད་ཁྱོད་ཁུ་འཁྲིགས་མེད་འདི་མཚར། །གཤིན་རྗེའི་འདོ་རྟ་ནམ་སླེབས་ཆ་མེད་པས། །བག་མེད་འཁྲས་ཏེ་འདུག་པ་མི་རིགས་སོ། །མནབ་རྩལ་དག་གིས་བརྣངས་ཏེ་གློ་བུར་དུ། །འགུམ་པར་མི་འགྱུར་གདེངས་དང་བྲལ་བཞིན་དུ། །
ལོ་བརྒྱར་གཤེས་པའི་ཤོམ་ར་འདིང་བ་ལས། །ཕྱི་མའི་མཆད་སྒམ་སྟ་གོན་གྲབས་བྱེད་གཟབ། །མདོར་ན་ནོར་བསགས་འཚོ་སྒྲུབ་ཅུང་གློད་ནས། །འབུད་བསྙེག་ཐོབ་གསུམ་སྨོན་པའི་ཡུལ་བྱས་ནས། །གོང་མའི་ཞབས་འདེགས་འོག་མ་སྐྱོང་བའི་ཁུར། །
རྦད་ཀྱིས་བཏང་བ་གདམས་པའི་དོན་པོ་ཡིན། །ལ་ཉེ་འདི་ཡི་དཀའ་སྤྱད་མི་ནུས་ཞེས། །སེམས་ལ་ཡི་མུག་སྲོ་ཤི་མི་སྐྱེད་པར། །ཡ་རབས་འགྲོས་དང་བང་མཉམ་མཆོང་མཉམ་ངོས། །བོང་བ་གསེར་དང་སྙོམས་བྱས་ཨེ་ཐུབ་ལྟོས། །
བྱ་བྲལ་དག་ཀྱང་གཞན་ལས་ཅུང་འཕགས་པའི། །བདེ་བའི་ཐབས་ལ་ལན་ཅིག་འཇུག་ཕྱིན་ཆད། །བྱེད་དགོས་སྔར་བས་ཟིན་རྒྱུ་མེད་པ་འཕེལ། །བྱེད་རྩིས་ཡིད་ཀྱི་དགུ་ན་མ་དྲན་བཟང༌། །འཚོ་ཚེའི་ཐབས་འདི་ཐད་ལ་བོར་བཏང་ན། །
ལྷ་མགུ་མིས་དད་ཟེར་བ་སྡེབ་གཅིག་འོང༌། །སྙན་གྲགས་གསེར་གྱི་ཕ་བོང་སྒོ་འགྲམ་དུ། །རང་འདྲིལ་འབབ་པར་འགྱུར་བ་ཚོམ་མི་འཚལ། །མདོར་ན་རང་འཐག་ལྟག་ཆུ་ཆད་པར་ལྟར། །ཚེ་འདི་རྦད་ཀྱིས་བཏང་ན་སྐྱིད་འགོ་ཚུགས། །
ལྟོ་སྐྱ་ངན་ངོན་ཙམ་གྱིས་ཆོག་ཤེས་ཏེ། །སྒྲུབ་པ་མཐའ་རུ་བསྐྱལ་ན་ཕོ་སྐྱེས་ཡིན། །བདེ་འདོད་ཀུན་གྱིས་སྙིང་ལ་བཅངས་མོད་ཀྱང༌། །གཏན་བདེའི་ཐབས་འདི་རང་གིས་སྤྱོད་མི་ཤེས། །གཞན་གྱིས་འཐད་པ་སྒྲོན་ཡང་མི་ཉན་འདི། །
བསོད་ཆུང་བློ་ཡི་མ་འཆུན་གཤིས་སུ་གདའ། །ལག་པས་བདེ་བ་ཅན་ལ་འཕེན་མཁན་མེད། །རྐང་པ་བཟུང་ནས་དམྱལ་བར་འཕེན་མཁན་མེད། །རང་གི་སྐྱིད་སྡུག་རང་གི་ལག་པར་ཡོད། །རང་གི་རང་ཉིད་མི་བསླུ་ཤིན་ཏུ་གཅེས། །
འཕྲལ་དུ་མིག་གིས་མཐོང་རྒྱུ་མ་བྱུང་ཡང༌། །དཀར་པོ་དགེ་བའི་ལས་ཀྱི་མཐའ་འདི་བཟང༌། །ནག་ཕྱོགས་དམུ་རྒོད་མི་འཕང་མཐོ་ན་ཡང༌། །ལས་འབྲས་མི་བསླུ་ནམ་ཕུག་རྒུད་དེ་འོང༌། །དགེ་བ་སྤྱི་མཐུན་མཐོ་རིས་སྐས་ལ་འཛེག །
སྡིག་པ་སྒོས་ཁུར་ངན་སོང་གནས་སུ་ལྟུང༌། །དགེ་བ་འདིར་སྒྲུབ་དན་རྟགས་ཕྱི་མར་འབྱུང༌། །དཔྱིད་ལ་འབྲས་བཏབ་སྟོན་ལ་སྨིན་པ་བཞིན། །ཉེ་དུ་གདུང་སེམས་ཤིན་ཏུ་ཆེས་དྲགས་ཏེ།། སྐྱབས་པའི་ལྷ་ལྟར་བསྙེན་བཀུར་བྱེད་པའི་ཆེད།། ཤ་ཞུ་ལྤགས་སྐམ་བྲན་གྱི་ཐ་ཤལ་ལྟར། །བླ་མེད་གཡོག་ལ་རྒྱུག་པ་སྡུག་གྱོང་ཆེ། །གྲྭ་གསར་ཕ་གཞིས་སྐྱོང་ལ་བསྐམ་ཆགས་ན། །རྒན་ཞུགས་ཁྱིམ་ལ་འཁྲེན་པ་ཨ་ཅང་སྟེ། །དེས་ན་ཉེ་དུར་ཞེ་འཁྲེན་མ་གློད་ན། །དངོས་གྲུབ་མེད་ཁར་བྱུར་དང་ཆག་སྒོ་མང༌། །
ཉེ་འབྲེལ་མ་སྦྲིབས་མ་འཁྱག་སྐྱོང་ཤེས་ཙམ། །ཕོ་སྐྱེས་གྲུང་པོར་རློམ་ཡང་བླུན་པོའི་ཕུལ། །གཉེན་ལ་ངོ་ལོག་བསྟན་པའི་སེར་མོ་བ། །འདི་ཕྱིའི་འདུན་མ་མཉམ་པོར་ཡལ་དོན་མེད། །ཉེ་དུ་འབྲེལ་བ་རང་གིས་མ་གཅོད་ན། །
ཚུར་ལ་གཉེན་གྱིས་གཅོད་པ་མི་འགྱུར་བས། །གནས་སྐབས་འབྲེལ་བས་ཕན་དང་མཐུན་འཇུག་བྱ། །མཐར་ཐུག་ཞེན་པ་རང་རྒྱུད་མ་ཤོར་དགོས། །དང་པོ་ལས་འབྲས་སྤང་བླང་ཤེས་པ་དང༌། །བར་དུ་ནན་ཏན་ཉམས་སུ་ལེན་པ་དང༌། །
ཐ་མར་སྡིག་སྒྲིབ་སྟོབས་བཞིས་སྦྱོང་བ་ནི། །དགེ་སྒྲུབ་ཚུལ་བཞིན་ལགས་པས་འབད་པར་མཛོད། །འདིར་སྣང་དགྲ་བོའི་འཇིགས་འཕྲོག་དཔོན་པོ་ལའང༌། །གུས་པའི་བསྙེན་བཀུར་རིམ་འགྲོ་བྱ་དགོས་ན། །སྲིད་ཞིའི་འཇིག་པ་ཀུན་སེལ་མཆོག་གསུམ་ལ། །ཕྱག་མཆོད་སྐྱབས་འགྲོར་དུས་ཀུན་བརྩོན་པར་མཛོད། །གཏིང་རིང་འཁོར་བའི་གཅོང་རོང་ཟབ་མོའི་ནང༌། །སྙིགས་མའི་ཚེར་རྣོན་སྐྱེས་པའི་ཀློང་ཚུད་ཕྱིར། །ཕྱི་ནང་གང་ནས་གནོད་འཚེ་ཅི་བྱུང་ཡང༌། །ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པོར་མཛོད། །
གྲོག་སྦུར་ནས་བཟུང་བསམ་ཤེས་མི་ཡི་བར། །ཀུན་གྱིས་གཅེས་པ་སོ་སོའི་སྲོག་ཡིན་ཞིང༌། །རང་ལ་ཚེར་མ་ཟུག་པའང་མི་བཟོད་པའི། །ངང་ཚུལ་བསམ་ན་སྲོག་གཅོད་སྤོང་བར་མཛོད། །གཞན་གྱིས་ཡོངས་སུ་བཟུང་བའི་དངོས་པོ་དག །
མཐུ་དང་འཇབ་བུའི་སྒོ་ནས་བླང་འགྱུར་ན། །འཕྲལ་དུ་གཏམ་ངན་རྒྱལ་ཁྲིམས་ཆད་པ་ཕོགས། །ཕྱི་མར་དབུལ་པོར་འགྱུར་བའི་བག་ཟོན་མཛོད། །འཁོར་བའི་བཙོན་རར་འཆིང་བྱེད་ལྕགས་སྒྲོག་དེ། །འདོད་ཆགས་སྲེད་པ་ཡིན་པར་ཤེས་བྱས་ནས། །
བགྲོད་བྱ་ཡན་ལག་གནས་དང་དུས་མིན་དུ། །ལོག་པར་གཡེམ་པ་འབད་པས་སྤོང་བར་མཛོད། །ཕྱི་མ་རོ་འཛིན་ཐོང་གཤོལ་གྱིས་རྨོ་ཞིང༌། །ཚེ་འདིར་དམན་པའི་གྲལ་དུ་ཚུད་པ་དང༌། །གཞན་གྱིས་འདོད་དོན་སྒྲུབ་ལ་གེགས་བྱེད་པའི། །
འདུ་ཤེས་བསྒྱུར་བའི་རྫུན་ཚིག་སྤོང་བར་མཛོད། །སྤྱིར་ནི་དགེ་བྱེད་པ་དང་མི་ཆོས་གཉིས། །ཤིང་ཁུར་རྒྱབ་བསྣོལ་འདྲ་ཡང་འོན་ཀྱང་རུང༌། །དགེ་བྱེད་མི་ཆོས་རྟེན་འབྲེལ་སོང་བ་ཡང༌། །འགལ་མེད་གཅིག་གྲོགས་གཅིག་གིས་བྱེད་པའང་ཡོད། །
མི་ཆོས་དུས་སུ་ཁྲེལ་དང་ངོ་ཚ་སོགས། །གཞུང་བཟང་ཕྱི་ཐག་རིང་བ་དགེ་བྱེད་དུས། །ལས་དང་རྣམ་སྨིན་མཛེམ་པ་དམ་ཚིག་གཙང༌། །མི་ཆོས་བཟང་ལ་དགེ་བྱེད་ལེགས་པ་ཡོད། །མི་ཆོས་བློ་ཆེ་ཁོག་ཡངས་སེམས་བཟང་བ། །
དགེ་སྒོར་ཞུགས་པ་སེམས་བསྐྱེད་ཆེ་བ་སོགས། །རང་བཞིན་ཐེག་ཆེན་རིགས་ཞེས་བསོད་ནམས་ཅན། །འགའ་ལ་ཡོང་ཞེས་རྗེ་བཙུན་ཡར་མེས་གསུངས། །ངོ་ཚའི་གོས་བྲལ་ཁྲེལ་མེད་གཅེར་བུར་བུད། །དགེ་སེམས་ལོག་དང་སྡིག་པའི་ལས་སྤྱོད་ན། །
རང་བས་དམན་དང་སྐྱེ་བོ་གཞན་གྱིས་འཕྱ། །བླ་མ་སློབ་དཔོན་ཕ་མའི་ཞབས་འདྲེན་འགྱུར། །འགྱུར་བར་དོགས་ནས་མགོ་བོ་ལུགས་གཅིག་གིས། །མི་ཚེ་སྐྱེལ་ཞིང་དགེ་བའི་སེམས་སྲུང་པ། །མི་ཆོས་སེམས་དང་ལ་ཟླའི་བློ་བཅད་ཀྱིས། །
དགེ་སྒོར་ཞུགས་པ་མཐར་ཕྱིན་བྱ་དགོས་སོ། །དེ་ལྟར་ཇི་སྐད་གདམས་བཞིན་བསྒྲུབ་པ་ན། །ཚེ་འདིར་ཡ་རབས་མཁས་པའི་གྲལ་ཚུད་ཅིང༌། །ཕྱི་མ་མངོན་མཐོའི་རྟེན་བཟང་རིམ་བརྒྱུད་ནས། །ངེས་ལེགས་གྲོང་ཁྱེར་བགྲོད་པར་གདོན་མི་ཟའོ། །
བསླབ་གསུམ་གྲུ་ཆེན་ཉོན་མོངས་མཚོ་རུ་བྱིང༌། །དགེ་བའི་ལོ་ཏོག་ལེ་ལོས་སད་ཀྱིས་བཅོམ། །སྐྱོན་དང་ཉེས་པའི་ཕུང་པོའི་སེར་གཟུགས་བདག །འདི་ལྟའི་བསླབ་བྱ་སྨྲ་འོས་ཅིས་ཀྱང་བྲལ། །སྨྲས་ཀྱང་མིག་ཡོད་གཡང་ལ་མཆོང་བ་ལྟར། །སྐྱོན་ཡོན་གསལ་ཡང་བླང་དོར་མི་བྱེད་པའི། །སྐྱེ་བོ་གང་ལ་ཕན་པ་ཤིན་ཏུ་དཀའ། །འོན་ཀྱང་གཅུང་པོས་ནན་བསྐུལ་ངོར། །མཁས་པའི་གཞུང་བཟང་སྨན་གྱི་ཚལ། །རང་གཞན་སྐྱོན་ཉེས་ནད་སེལ་ཆེད། །ཐོ་ཅོས་མདོ་ཙམ་བསྡུས་ནས་བཀོད། །
སྔོན་བྱུང་ལེགས་བཤད་བདུད་རྩིའི་ཆུ་གཏེར་དག །སྐྱེས་སྦྱང་དམན་པའི་ཡུར་བར་དྲངས་པ་ལས། །སྡེབ་ཉེས་འགལ་འཁྲུལ་འདམ་ཆུས་སྙོགས་པ་གང༌། །རྣམ་དཔྱད་མཁས་པའི་ནོར་བུས་འགྲུང་བར་མཛོད། ། འདིར་བཀོད་བསམ་དཀར་དག་པའི་དགེ་མཆིས་ན། ། སྲིད་འཁོར་མུན་པར་འཕྱན་པའི་རང་གཞན་འགྲོ། །ཡ་རབས་ཟུང་གི་སྒྲོན་མེའི་ལམ་བསྟེན་ནས། །མངོན་མཐོའི་རྟེན་བརྒྱུུད་ངེས་ལེགས་འབྲས་ཐོབ་ཤོག །