སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
འདུར་གྱི་ཁྲིད་རིམ་སྲིད་གཤེན་ཐེག་པ་གསལ་བའི་སྒྲོན་མེ་བཞུགས།འོས་སྦྱོར། | 2012/8/8 14:29:00

འདུར་གྱི་ཁྲིད་རིམ་སྲིད་གཤེན་ཐེག་པ་གསལ་བའི་སྒྲོན་མེ་བཞུགས།

 

བླ་མ་དང་ཡི་དམ་དབྱེར་མ་མཆིས་པ་དབལ་གསས་རྔམ་པ་ཁྲོ་རྒྱལ་མཁའ་འགྱིང་ཁ་ལ་ཕྱག་འཚལ་ལོ། །

མཚན་དཔེའི་དཔལ་འབར་མཚན་བཟང་སུམ་ཅུ་རྩ་གཉིས་བརྒྱན་པའི་སྐུ། །

ཚང་དབྱངས་དྲུག་ཅུའི་དབྱངས་ཀྱིས་སྣ་ཚོགས་ཐེག་པ་སྟོན་པའི་གསུང༌། །

མཁྱེན་པའི་ཡེ་ཤེས་དྲུག་ཅུས་ཅི་ལྟ་ཅི་སྙད་མཁྱེན་པའི་ཐུགས། །

རྫོགས་སངས་རྒྱས་དེས་བདག་སོགས་འགྲོ་རྣམས་དུས་ཀུན་བསྐྱང་གྱུར་ཅིག །

 

དམུ་རྒྱལ་སྲས་དང་མཁའ་ཟླ་གཅིག་དང་ཆུ་ཟླའི་ཚུལ། །

སྲིད་གཤེན་ཐེག་པའི་གཉེར་དཔོན་སྲིད་གཤེན་གཙུག་ཕུད་མཆོག །

སྲིད་འདིར་སྲིད་གཤེན་བོན་རྣམས་སྲིད་པ་གསུམ་དུ་སྤེལ་མཛད་པ། །

སྲིད་པའི་མགོན་ཁྱེད་སྲིད་གསུམ་འགྲོ་བའི་གཙུག་ན་མཆོད། །

 

སྲིད་གསུམ་སྡུག་བསྔལ་ན་བཀྲའི་གྲོང༌། །

སྲིད་གཤེན་ཐེག་པའི་གྲུ་བོ་ཆེས། །

མངོན་གྲོལ་སྲིད་གཤེན་གཙུག་ཕུད་མཚན། །

སྲིད་གསུམ་འགྲོ་བའི་མགོན་ཁྱེད་བསྟོད། །

 

སྲིད་གསུམ་སྡུག་བསྔལ་ན་བཀྲའི་གྲོང་ཁྱེར་ན། །

སྲིད་གཤེན་ཐེག་པའི་གྲུ་བོས་མངོན་སྒྲོལ་བ། །

སྲིད་གཤེན་གཙུག་ཕུད་ཐེག་པའི་དེད་དཔོན་ཆེ། །

སྲིད་འདིར་འགྲོ་བའི་བླ་མར་ཁྱེད་ལ་བསྟོད། །

 

མང་མང་འདུར་སྒོའི་བོན་སྒོ་གང་གའི་ཀླུང༌། །

རྣམ་དཔྱོད་རྫོགས་པ་ཛ་ཧུའི་བཏུང་བྱ་ལས། །

རྨོངས་རྨོངས་བདག་བློའི་སྤྱད་བྱར་མ་གྱུར་ཡང༌། །

ཅུང་ཟད་ཆུ་ཐིགས་ཙམ་ཞིག་འདིར་གསལ་བྱ། །

དེའང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱིས་སེམས་ཅན་ཐམས་ཅད་ལ་རྒྱུ་མ་རིག་པའི་གཉེན་པོ་བློ་ཡི་བྱེ་བྲག་གསམ་གྱིས་མི་ཁྱབ་པར་ལྟོས་ནས། བོན་སྒོ་དང་ཐེག་པའང་བསམ་གྱིས་མི་ཁྱབ་པར་གསུངས་པ་སྟེ། དེའང་རིག་པ་དང་མ་རིག་པར་ལྟོས་ཏེ་དྲང་དོན་དང་ངེས་དོན། ཉོན་མོངས་པ་དུག་གསུམ་ལ་ལྟོས་ཏེ་ཕྱི་ནང་གསང་གསུམ། དུག་ལྔ་ལ་ལྟོས་ཏེ་སྒོ་བཞི་མཛོད་ལྔ། བློ་རིམ་པ་དགུ་ལ་ལྟོས་ཏེ་ཐེག་པ་རིམ་དགུ། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་བོན་སྒོ་བརྒྱད་ཁྲི་བཞི་སྟོང་སོགས་བསྟན་པར་དྲི་མེད་སྲིད་གཤེན་ཐེག་པའི་མདོ་ལས། གཡུང་དྲུང་བོན་གྱི་སྒོ་མོ་ལ། །སྤྱི་རུ་རྒྱ་ཆེ་གྲངས་མང་ཞིང༌། །བརྒྱད་ཁྲི་བཞི་སྟོང་མཆིས་ལགས་ཀྱང༌། །ཞེས་དང༌། ཡང་ཀུན་དབྱིངས་བསྟན་པའི་མདོ་ལས། སྤྱིར་ནི་བོན་ཉིད་རབ་འབྱམས་ལ། །ནམ་མཁའ་རྒྱ་མཚོའི་གཏིང་དཔག་ལྟར། །དཔག་གིས་མི་དཔོག་གཞལ་མི་ལོང༌། །སྒོས་སུ་བོན་ཅན་མཚན་མ་ལ། །རི་རབ་ས་གཞིའི་རླུང་དང་མཚུངས། །ཁྱད་པར་འགྲོ་འདུར་བོན་སྒོ་ལས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལ། །གཉེན་པོ་བརྒྱད་ཁྲི་བཞི་སྟོང་འབྱུང༌། །གཉེན་པོ་བརྒྱད་ཁྲི་བཞི་སྟོང་ལ། །ཡེ་ཤེས་བརྒྱད་ཁྲི་བཞི་སྟོང་ཤར། །ཡེ་ཤེས་བརྒྱད་ཁྲི་བཞི་སྟོང་ལ། །བོན་སྒོ་བརྒྱད་ཁྲི་བཞི་སྟོང་སྤྲོས། །དེ་ཡང་བསྡུས་པའི་ཐེག་རིམ་དགུ། །དེ་དག་བསྡུས་པ་སྒོ་བཞི་མཛོད། །ཅེས་སོ། །

དེ་དག་ལས་སྐབས་འདིར་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྒོ་རྒྱུ་ཡི་ཐེག་པ་འདི་ཡི་རྩེ་མོ་སྲིད་གཤེན་ཐེག་པ་འདི་ཡི་ཚུལ་ཅུང་སྤྲོ་བར་འདོད་པ་ལ། བྱུང་ཁུངས་ཀྱི་ལོ་རྒྱུས་སྤྱིར་བསྟན་པ་དང༌། གཟུང་དོན་རྒྱས་པར་བཤད་པ། མཇུག་བསྡུ་བ་དང་གསུམ་མོ། །

དང་པོ་ལ་གསུམ་སྟེ་སྟོན་པ་གང་གིས་གསུངས་པ་དང༌། གང་ཟག་གང་ལ་རྒྱུད་པ་དང༌། ཇི་ལྟར་དར་ཚུལ་བསྟན་པའོ། །དང་པོ་ནི་རྫོགས་པའི་སངས་རྒྱས་གཤེན་རབ་ཉིད་སྐུ་སྐྱེ་བ་བཞེས་ནས་མི་ལོ་བཞི་བརྒྱ་དང་གཤེན་གྱི་དགུང་ལོ་བཞི་ལོན་པའི་སྐབས་རྒྱུ་ཡི་ཐེག་པ་བཞི་པ་སྲིད་གཤེན་བསྟན་པ་ཡིན་ཏེ་དྲི་མེད་སྲིད་གཤེན་ཐེག་པའི་མདོ་ལས། ད་ལྟ་དགུང་ལོ་བཞི་རུ་ཕྱིན་པའི་ཚེ། །ཐེག་པ་བཞི་པ་སྲིད་གཤེན་འཆད་པར་བྱེད། །ཅེས་སོ། །སྤྱི་སྤུངས་ཁྲོ་བོའི་གཤེད་འདུར་ལྟར་ན་སྟོན་པ་འཆི་མེད་གཙུག་ཕུད་དང༌། ཡུམ་བཟང་བཟའ་རིང་བཙུན། གཤེན་གསང་བ་འདུས་པ་རྣམས་ཀྱིས་རྩ་གསུམ་གྱི་གནས་གཡུ་ལུང་ཤེལ་གྱི་བྲག་ཕུག་ཏུ་གསང་སྔགས་སྤྱི་སྤུངས་ཀྱི་སྒྲུབ་པ་ཞལ་ཕྱེས་པའི་སྐབས་སུ་གསུངས་པ་སྟེ་ཉི་ཟེར་ཞགས་པ་འདུར་གྱི་འཕྱོང་ལས། མཛད་པོ་དཔོན་གསས་ནི། ཡུམ་བཟང་བཟའ་རིང་བཙུན་དང་གཤེན་གསང་བ་འདུས་པ་ལ་སྲས་འཆི་མེད་གཙུག་ཕུད་གསུམ་གྱིས་ཐུགས་བརྣག་པ་སྲིད་གཤེན་གཙུག་ཕུད་ལ་སྤྲོས་ཏེ་མཛད། ཅེས་དང༌། དབང་ཆེན་གཤེད་འདུར་གཞུང་ལ་མཛད་པའི་དཔོན་གསས་ནི་གཤེན་གསང་བ་འདུས་པས་མཛད། ཅེས་སོ། །

སྔགས་ཀྱི་མདོ་འདུར་རིན་ཆེན་ཕྲེང་བའམ་མུ་ཆོའི་ཁྲོམ་འདུར་ཆེན་མོ་ལྟར་ན། ཆ་ལག་ལས། ཐོག་མར་མགོན་ལྷ་རྣམས་གསུམ་གྱི་ཐུགས་ལས་གཡོས་པ་རྣམས་གཏོ་རབ་ཆེ་གསུམ་གྱི་ཐུགས་ལ་ཤར་བ་སྟེ་སྤྲུལ་སྐུ་གཤེན་རབ་སྟོན་པས་ཀྱང་འཁོར་འདས་རྣམས་ཐུགས་ལ་ས་ལེར་གསལ་ཡང༌། གཏོ་དཔྱད་འབུམ་པའི་ལུང་རྣམས་རི་རབ་ཤེས་ཙག་ཁ་གསན་ནས་འགྲོ་འདུལ་གཤེན་པོ་འབུམ་ཕྲག་ལ་གཏོ་དཔྱད་འབུམ་པའི་ལུང་རེ་བསྟན། དེ་དག་གི་ནང་ནས་ཀྱང་འདུར་གཤེན་༼རྣམས་༽དང༌། དབལ་བོན་ཁུ་གསང༌། མུ་ཆོ་གསུམ་ལ་སྐུ་གསུང་ཐུགས་ཀྱི་སྨྲང་སྒོ་རྣམས་གཉེར་གཏད་ནས་སྲིད་པ་སྟོང་སྡེ་བའམ་བརྒྱད་ཀྱི་འདུར་སྒོ་སིལ་བུར་བསིལ་ནས་སྲིད་དོ། །ཞེས་དང༌། མདོ་འདུར་གཞུང་ལས། འདི་ཡི་བྱུང་ཁུངས་ནི་གཤེན་མུ་ཆོ་ལྡེམ་དྲུག་གིས་མཛད་ཅེས་སོ། །

གཉིས་པ་ནི་ཁྲོ་བོའི་གཤེད་འདུར་ལྟར་ན། གཤེད་འདུར་གཞུང་ལས། དེ་ནས་རིག་པ་ཐབས་ཀྱི་བརྒྱུད་པའོ། །ཞེས་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གི་བརྒྱུད་ཚུལ་དང་གཅིག་སྟེ། ཉི་ཟེར་ཞགས་པའི་ལག་ལེན་སེམས་ཀྱི་སྒྲོན་མེ་ལས། འཆི་མེད་ཡབ་སྲས་གཤེན་གསུམ། སྲིད་གཤེན་གཙུག་ཕུད་དང༌། གསང་བ་འདུས་པ་སོགས་ནས་སྟོད་སྨད་བར་གསུམ་གྱི་བླ་མ་ཆེ་དྲུག གདུང་རྒྱུད་བཅུ་གསུམ། མཁས་པ་མི་བཞི། ལོ་པཎ་གཤེན་བརྒྱད། མཐུ་ཆེན་མི་དགུ། གཡུ་རྔ་ཐོགས་པ་བཅོ་ལྔ༌། བོན་གཤེན་བཞི་བཅུ་ཞེ་གཉིས། གཤེན་སྲས་གྲངས་དང་གྲངས་མེད། ལྷ་རབས་གཤེན་རབ་རྗེ་ནས་རྒྱལ་རབས་བཞི་བཅུ་ཞེ་དྲུག་གི་བར་དེར་ལྷ་མཐུ་ཆེ། བོན་དབུ་འཕང་མཐོ། འགྲོ་བ་ཡོངས་ལ་བདེ་སྐྱིད་དང་ལྡན་ནོ། །ཞེས་དང༌། བར་དུ་ཁྲི་སྲོང་ལྡན་ལྡེའུ་བཙན་གྱི་རིང་ལ་ཐུགས་ལ་གདོན་ཞུགས་ནས་བོན་གྱི་དབུ་འཕང་ཅུང་ཞིག་དམའ་བའི་དུས་དེར་མཁས་པ་མི་བཞིའི་ཁྲོ་བོ་རྒྱས་པའི་སྐོར་ལྷོ་གཏེར་ལ་སྦས་ནས་དུས་བབ་གཤེན་གཏེར་བྱའོ། །ཞཻས་གསུངས་སོ། །འདིར་ཁྲོ་བོ་རྒྱས་པའི་སྐོར་རྣམས་ཁྲི་སྲོང་གི་དུས་སུ་གཏེར་དུ་སྦས་ཚུལ་གསུངས་འདུག་ཀྱང༌། གྲི་གུམ་གྱི་དུས་སུ་གཏེར་དུ་བཞུགས་ཚུལ་མཁས་པ་རྣམས་ཀྱིས་བཞེད་དོ། །འདུར་གྱི་སྐོར་རྣམས་སྤ་དྲོའི་གཏེར་མ་ཡིན་ནོ། །

མདོ་འདུར་རིན་ཆེན་ཕྲེང་བ་ལྟར་ན། ཆ་ལག་ལས་དང་པོ་ནི་ཐོག་མ་ནས་མགོན་ལྷ་རྣམས་ཀྱི་ཐུགས་ལས་གཡོས་ཏེ་འཁོར་ལོ་གདོང་མའི་གནས་མཆོག་བདེ་ལྡན་གྱི་ཧོས་ཁང་དུ་གཏོ་རྒྱལ་རྣམ་གསུམ་གྱིས་གྱེར། འབུམ་ཁང་གསང་བའི་གསས་མཁར་དུ་སྤྲུལ་སྐུ་གཤེན་རབ་ལྷ་འབུམ་གྱིས་གྱེར། འདུས་པ་དོན་གྱི་གསས་མཁར་ནང་གཏོ་རྒྱལ་བླ་མེད་ཀྱིས་གྱེར། གཤེན་ཡུལ་གཤེན་རབ་ལྷ་སྒང་དུ་ཧོས་པ་གཤེན་བཞིས་གྱེར། རི་རབ་ཤེལ་གྱི་ཅོག་པར་དུ་གཤེན་རབ་སྟོན་པ་ཆེན་པོས་གྱེར། མ་སང་འཁོར་ཅན་ལྷ་ཡུལ་དུ་མ་སང་གཤེན་བཞིས་གྱེར། དབལ་ཡུལ་མང་མ་གྱིང་བརྒྱད་དུ་དབལ་བོན་རུམ་པོས་གྱེར། སྲིད་ཡུལ་དང་མ་ལྡེམ་དྲུག་ཏུ་མུ་ཆོ་ལྡེམ་དྲུག་གིས་གྱེར། གཤེན་ཡུལ་ཚངས་པ་ལྷ་ཡུལ་དུ་མ་སང་གཤེན་བཞིས་གྱེར། གཤེན་ཡུལ་སྐོས་ཀྱི་ལྗོངས་ཚལ་དུ་འདུར་གཤེན་རྨ་དེས་གྱེར། གྱིམ་ཡུལ་གྱིམ་སྟོད་ཡངས་པ་རུ་ཡེ་ངར་གྱིམ་སྟངས་ཀྱིས་གྱེར། དབལ་ཡུལ་ཁ་བོ་གངས་སང་དུ་འདུར་གཤེན་ར་ལྗག་གིས་གྱེར། གཏོ་ཡུལ་རྐོང་མའི་གསས་མཁར་དུ་གྲི་བོན་རོག་པོས་གྱེར། རྐོང་ཡུལ་ཡེ་གནས་ཐང་བདལ་དུ་རྒོད་བོན་ཐང་ཡག་གིས་གྱེར། ལྷ་མི་བརྡ་སྤྲོད་ཀྱི་ཞིང་ཁམས་སུ་ཐར་བོན་གྲུ་བསྐྱོལ་གྱིས་གྱེར། མི་གདོན་བར་གྱི་ཤན་འབྱེད་དུ་གླུད་བོན་གྱེར་གྱིས་གྱེར། བོན་གྱི་སྤྱན་འདྲེན་ལ་ཤག་འདེབས་སུ་གཏོ་བོན་བྱོན་ཁྲིས་གྱེར། གཡུང་དྲུང་མཐའ་རྒྱས་གེ་སྤྱོད་དུ་སྣ་བོན་མི་གྱིན་གྱིས་གྱེར་བཅོ་བརྒྱད་ལས་སོགས་གྲུབ་མཐའ་ཡས་སོ། །ཞེས་སོ། །

གསུམ་པ་ནི་འཆི་མེད་ཡབ་སྲས་གཤེན་གསུམ་དང༌། སྟག་ལ། ལྷ་ཀླུ་མི་ཡི་གཤེན་རྣམས་ཀྱིས་སྤྱི་སྤུངས་བསྒྲགས་པ་གསུམ་གྱི་བསྟན་པ་སྤེལ་བ་ནས། སྤྱི་སྤུངས་བོན་གྱི་ལས་ཚོགས་སུ་གྱུར་པའི་འདུར་གྱི་བྱེ་བྲག་རྣམས་ཀྱང་འཇིག་རྟེན་ཁམས་སུ་དར་ཞིང་རྒྱས་པ་ཡིན་ཏེ། མདོ་འདུར་རིན་ཆེན་ཕྲེང་བའི་ཆ་ལག་ལས། ནང་གསང་སྔགས་ཀྱི་མཐའ་དགུ་ལ་སྟེང་གི་ལྷ་གནས་ལ་སོགས་གསས་མཁར་རྣམས་སྟོན་པ་འཆི་མེད་གཙུག་ཕུད། གཤེན་གསང་བ་འདུས་པ། དབལ་བོན་སྟག་ལ་མེ་འབར་ལ་སོགས་གསང་བའི་རིག་འཛིན་རྣམས་ཀྱིས་འདུར་ཐབས་གྱེར་སྒོ་དུ་མ་ཡོད་པ་དང༌། ཞེས་གསུངས་པ་དང༌། འཛམ་གླིང་དུའང་སྟོན་པ་ཉིད་ཀྱིས་སྲིད་གཤེན་ཐེག་པ་གཏན་ལ་ཕ་པ་དང༌། སྲིད་གཤེན་གཙུག་ཕུད་ལ་གཉེར་དུ་གཏད་ནས་འོལ་མོའི་གླིང་སོགས་འཛམ་གླིང་ཀུན་ཏུ་དར་བ་སྟེ། ལུང་ལས། ཡུལ་འཁོར་ར་འཁོར་དུ་སྐྱེ་ཤི་འཁོར་བའི་ས་མཚམས་སུ་སྲིད་པ་རྒྱུང་གི་བོན་གཤེན་གྱི་འདུར་ཐབས་གྱེར་སྒོ་བགྲངས་ཡས་ཡོད། ཅེས་སོ། །བོད་ཀྱི་ཡུལ་དུའང་རྗེ་གཉའ་ཁྲི་བཙན་པོ་དང༌། གཤེན་ནམ་མཁའ་སྣང་བའི་མདོག་ཅན་གཉིས་རྒྱལ་གཤེན་བསྟན་པ་མཉམ་ཆགས་པ་དང༌། གསང་སྔགས་སྤྱི་སྤུངས་སོགས་འབྲས་བུའི་བོན་དང༌། རྒྱུ་བོན་ཤེས་ཅན་བཅུ་གཉིས་སོགས་རྒྱུ་འབྲས་ཐེག་པའི་བོན་རྣམས་དར་ཞིང་རྒྱས་པ་སྟེ། མདོ་དྲི་མེད་ལས། ནམ་མཁའ་སྣང་བའི་མདོག་ཅན་ཁྱོད། །ཅེས་པ་ནས། ཁྲི་བདུན་པ་ལ་བདུན་ཚིགས་དང༌། །རྒྱལ་གཤེན་བསྟན་པ་མཉམ་ཆགས་མཛོད། །གསང་བ་སྔགས་ཀྱི་བསྟན་པ་སྤེལ། །ཞེས་དང༌། སྒྲ་འགྲེལ་ལས། བཤོས་ཀྱི་ལྷ་བོན་དང༌། གྲོང་གི་འདུར་བོན་དང༌། ཡང་དག་པའི་སེམས་བོན་གསུམ་དར་རོ། །ཞེས་དང༌། ཤེས་ཅན་བཅུ་གཉིས་ལས། འདུར་གཤེན་སྲིད་གཤེན། ཞེས་གསུངས་སོ། །

རྒྱལ་གྲི་གུམ་བཙན་པོའི་རིང་རྒྱུ་འབྲས་ཀྱི་བོན་ཚན་ཆེར་ཐང་ཅིག་ནུབ་ཀྱང༌། འདུར་གྱི་བོན་སྐོར་རྣམས་མ་ནུབ་པར་མངོན་ཏེ། སྤུ་ལྡེ་གོང་རྒྱལ་གྱིས་བསྟན་པ་སླར་བཙུགས་པའི་དུས་སྟོང་རྒྱུང་དང༌། གཡས་བོན་ལྕགས་ཀྱི་བྱ་རུ་ཅན་སོགས་ཀྱིས་རྐོང་ཡུལ་བྲེ་སྣ་རུ་རྒྱལ་གྱི་གྲི་འདུར་མཛད་པར་གསུངས་པའི་ཕྱིར་རོ། །

དེ་ནས་ས་ལ་ལེགས་དྲུག་དང༌། ཆུ་ལ་ལྡེ་བརྒྱད། བར་གྱི་བཙན་ལྔ༌། ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི། ཆོས་ཀྱི་སྲོལ་འབྱེད་རྒྱལ་པོ་ལྔ༌། རྒྱལ་སྲིད་མཐའ་མའི་རྒྱུད་འཛིན་དྲུག་གི་ནང་ཚན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བར་གཡུང་དྲུང་གི་བོན་དར་ཞིང་རྒྱས།

རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་བློ་གདོན་གྱིས་བསྒྱུར་ནས་ཡབ་མེས་གོང་མའི་མཛད་སྤྱོད་སྐྱོང་དུ་མ་བཞེད་པར། གཡུང་དྲུང་བོན་གྱི་བསྟན་པའི་ཉི་མ་ཐང་ཅིག་བསྣུབས་ཏེ་རྒྱུ་འབྲས་ཀྱི་བོན་རྣམས་གཏེར་དུ་གཟིམས། སླར་ཡང་རིག་འཛིན་བོན་གཤེན་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་དུས་སུ་བརྡོལ་ནས། གཏེར་སྟོན་གཤེན་གྱེར་རྨ་དབྱིལ་སོགས་རིག་འཛིན་གྱི་རྣམ་སྤྲུལ་གཏེར་སྟོན་གཤེན་པོ་རྣམས་ཀྱིས་ལྷོ་བྱང་དབུས་གཏེར་སོགས་ཕྱོགས་མཚམས་གཏེར་གནས་བསམ་གྱིས་མི་ཁྱབ་པ་ནས་གཡུང་དྲུང་བོན་མདོ་སྔགས་སེམས་གསུམ་འདུར་སོགས་གསོན་གཤིན་རྒྱུ་འབྲས་ཀྱི་བོན་རྣམས་གཏེར་ནས་གདན་དྲངས་ཏེ་བསྟན་པ་ཕྱི་དར་གྱི་དབུ་ཚུགས་པ་ནས་བཟུང་མདོ་དབུས་ཁམས་གསུམ་སོགས་བོན་ཡུལ་ཀུན་ཏུ་དར་ཞིང་རྒྱས་པ་ཡིན་ཏེ། ལུང་ལས། བོད་ཀྱི་རྒྱལ་རབས་མང་པོའི་རིང་ལ་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་འདི་ཤིན་ཏུ་ཚན་ཆེ་སྟེ། ཞེས་དང༌། སྲིད་གཤེན་འདུར་གྱི་བོན་སྒོ་རྣམས་བོད་ཡུལ་ས་སྐོར་ཀུན་ལ་འཕེལ། ཞེས་གསུངས་སོ། །

གཉིས་པ་གཞུང་དོན་དངོས་བཤད་པ་ལ་བཅུ། དང་པོ་འཇུག་སྒོ་ལ་གཉིས། སྤྱིར་བསྟན་པ་དང་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་སྤྱིར་རྒྱུ་འབྲས་ཀྱི་བོན་སྒོ་གང་ལ་སྤྱད་ཀྱང་གཞི་སྐྱབས་འགྲོ་དང་སེམས་བསྐྱེད། རྒྱུ་དད་པ་དང་སྙིང་རྗེའི་སྒོ་ནས་འཇུག་དགོས་ཏེ། ལུང་ལས། སེམས་བསྐྱེད་སྐྱབས་འགྲོ་འབྲེལ་བ་བོན་གྱི་གཞི་མ་ཡིན། ཞེས་དང༌། ཕྱྭ་གཤེན་ཐེག་པའི་མདོ་ལས། ཐོག་མར་འཇུག་པའི་རིམ་པ་ལ། སེམས་བསྐྱེད་སྙིང་རྗེའི་གཞི་བཟུང་ནས། འགྲོ་ལ་ཕན་པའི་སེམས་ལྡན་ཞིང༌། ཞེས་དང༌། འཕྲུལ་གཤེན་ཐེག་པའི་མདོ་ལས། རང་ལ་ཕན་པའི་དད་པ་དགོས། །གཞན་ལ་ཕན་པའི་སེམས་བསྐྱེད་དགོས། །སེམས་བསྐྱེད་རྩ་བ་སྙིང་རྗེ་ཡིན། །ཞེས་སོ། །

སྙིང་རྗེ་ཇི་ལྟར་བསྐྱེད་དགོས་པ་ཡང་སྤྱིར་འཁོར་བའི་སེམས་ཅན་རྣམས་ཉོན་མོངས་མ་རིག་པའི་དབང་གིས་འཁོར་བར་འཁྱམས་ཤིང༌། རང་རིག་པའི་ཡེ་ཤེས་མ་རྟོགས་པའི་འཁྲུལ་འཁོར་མུན་པའི་ཀློང་དུ་འཐིམ་པ་སྟེ། སྲིད་གཤེན་ཐེག་པའི་མདོ་ལས། འཁོར་བའི་སེམས་ཅན་མ་རིག་ཉོན་མོངས་རྣམས། །རང་རིག་མ་རིག་འཁྲུལ་འཁོར་འཁྱམས། །ཞེས་སོ། །

དེ་ཡང་སྐྱེ་བཞི་ཁ་བརྒྱུད་ཅིང་གདོས་ལུས་ཤ་ཁྲག་གི་ཕུང་པོ་ལ་ཚེ་འདིར་མ་རིག་དབང་གིས་ནད་བཞི་བརྒྱ་རྩ་བཞི་དང༌། སྡུག་བསྔལ་གྱིས་གདུང་ཞིང་མ་རྟོགས་རྐྱེན་གྱིས་གདོན་སྟོང་ཕྲག་དྲུག་ཅུའི་གཙེ་ཤིང༌། བུ་ལོན་དང་ལན་ཆགས་བསྙེགས་པ་སྟེ། དེ་ཉིད་ལས། སྐྱེ་ཤིའི་ཁ་བརྒྱུད་ཤ་ཡི་གདོས་པ་ཅན། །མ་རིག་པ་ལ་ཉོན་མོངས་ནད་དུ་ལྡང༌། །བཞི་བརྒྱ་རྩ་བཞི་ནད་ཀྱིས་སྡུག་བསྔལ་གདུང༌། །མ་རྟོགས་པ་ལ་གདོན་གྱིས་ཁུ་འཁྲིག་ལྡང༌། །སྟོང་ཕྲག་དྲུག་ཅུའི་གདོན་གྱིས་ལན་ཆགས་བསྙེགས། །ཞེས་སོ། །

དེ་ཡང་མ་ངེས་པ་བཞི་ཡི་སྡུག་བསྔལ་གྱིས་འཚེ་ཞིང་ལུས་སེམས་འཕྲལ་བ་སྟེ། དེ་ཉིད་ལས། འཆི་ས་མ་ངེས་འཆི་བའི་གནས་མ་ངེས། །འཆི་རྐྱེན་མ་ངེས་འཆི་བའི་དུས་མ་ངེས། །རྒན་དང་གཞོན་དང་བྱིས་པ་སྐྱེས་མ་ཐག །གྲི་དང་འཁྲུགས་པ་ནད་དང་ཡམས་ལས་སོགས། །གློ་བུར་ཡེ་འབྲོག་སྡུག་བསྔལ་སྦྱང་དང་འཆི། །ཞེས་སོ། །

སྐྱེ་ཤི་དང་ལུས་སེམས་བྲལ་བའི་དོན་མ་རྟོགས་ཤིང་མ་རིག་པ་འཁྲུལ་བའི་ལས་དབང་དང་བག་ཆགས་ཀྱིས་ཕྱི་མ་ཡང་བླ་ཡིད་སེམས་གསུམ་དུམ་བུ་སོ་སོར་འཐོར་བ་དང༌། བདག་མེད་ཀྱི་གནས་ལུགས་མ་རྟོགས་ཤིང༌། བདག་ཏུ་འཛིན་པའི་དབང་གིས་ལྷན་སྐྱེས་ཀྱི་ཕན་པའི་ལྷ་དང་གཤེད་བྱེད་འདྲེ་ཡི་སྣང་བ་དང༌། སྲོག་གཅོད་པ་དང་དབུགས་ལེན་པའི་གཤེད་མ་བདུད་ཀྱི་སྣང་བ་དང༌། འཁྲ་བའི་གནས་དང་འདུག་པའི་ཡུལ་འཚོལ་བ་དང༌། ལས་དགེ་སྡིག་དང་རྒྱུ་འབྲས་ཀྱི་བདེ་སྡུག་གི་མྱོང་ཚོར་དང༌། འཇིགས་པའི་གཤིན་རྗེ་དང༌། ལས་མཁན་གྱིས་གཅོད་སྦྱོང་གི་སྡུག་བསྔལ་སོགས་བསམ་དུ་མེད་པ་སྟེ། སྲིད་གཤེན་ཐེག་པའི་མདོ་ལས། མ་རིག་མ་རྟོགས་འཁྲུལ་པའི་ལས་དབང་གིས། །བླ་ཡིད་སེམས་གསུམ་དུམ་བུ་གསུམ་དུ་མཐོང༌། །བདག་མེད་སྟོང་པའི་ངོ་བོ་མ་རྟོགས་པས། །རིག་པ་བདག་མེད་བདག་པོ་གཉིས་སུ་འཛིན། །གཅིག་ནི་ལྷན་ཅིག་སྐྱེས་པའི་ལྷ་རུ་འདོད། །གཅིག་ནི་ལྷན་ཅིག་སྐྱེས་པའི་འདྲེ་རུ་འདོད། །ལྷ་ཡིས་ཕན་ཞིང་འདྲེ་ཡིས་གནོད་པ་དང༌། །དབུགས་ལེན་སྲོག་གཅོད་བདུད་ཕྱིར་འབྲེང་བ་དང༌། །གནས་དང་ཡལ་དང་འདུག་ས་འཚོལ་བ་དང༌། །འཆི་བདག་གཤིན་རྗེའི་སྡུག་བསྔལ་སྦྱོང་བ་དང༌། །ཞེས་དང༌། དེ་ལྟར་གཅིག་ལ་དུ་མར་འཛིན་པ་ཡིས། །བདེ་བའི་སྐབས་མེད་འཆི་ཁའི་ནད་པ་འདྲ། །དབང་པོ་ཀུན་ཚང་ཚུར་རོལ་གནས་དང་འདྲ། །ཐོགས་པ་མེད་པ་བར་སྣང་རླུང་དང་འདྲ། །འཇིགས་སྐྲག་བྲེད་པ་རི་དྭགས་རྒྱར་ཚུད་འདྲ། །ཡིད་ཁ་རྨངས་པ་ས་མཐའི་ཀུ་ཧྲང་འདྲ། །ཐར་དུ་མི་རེ་མུན་ཁང་བཙོན་དོང་འདྲ། །འདུག་ས་འཚོལ་བ་བྱེའུ་ཕྲུག་ཚང་ཡལ་འདྲ། །སྐྱབས་གནས་མེད་པ་དྭ་ཕྲག་མས་བོར་འདྲ། །བཀྲེས་ཤིང་སྐོམ་པ་ཡི་དྭགས་དབུལ་འཕོངས་འདྲ། །ཡིད་ལ་མི་བདེ་ཟིལ་བསྒྱུར་འདྲེ་དེད་འདྲ། །རང་དབང་མེད་པ་ལ་ཁའི་བྱ་སྒྲོ་འདྲ། །གཞན་དབང་བསྒྱུར་བ་ཁྲིམས་ཀྱི་མངའ་འོག་འདྲ། །སྡུག་བསྔལ་ཉོན་མོངས་དེ་ཡིས་གདུངས་པ་ལ། །ཞེས་དང༌། རང་བས་གཞན་དོན་གཙོར་བྱེད་ཅིང༌། །འགྲོ་ལ་ཕན་སེམས་རྩེ་གཅིག་ཏུ། །བྱམས་དང་སྙིང་རྗེའི་གཞི་ལྡན་ན། །སྲིད་གཤེན་ཐེག་པ་འགྲོ་བའི་དོན། །དོན་ལ་མི་གོལ་འཇུག་སྒོའི་ལམ། །ཞེས་གསུངས་སོ། །

གཉིས་པ་གཞུང་འདིའི་འཇུག་སྒོ་བྱེ་བྲག་ཏུ་བཤད་པ་ལ། ཤི་ཐབས་དང༌། འདུར་ཐབས་གཉིས་ཀྱི་སྒོ་ནས་འཇུག་སྟེ། གབ་འགྲེལ་ལས། སྲིད་གཤེན་འཇུག་པའི་སྒོ་ནི་ཤི་གནས་བརྒྱད་ཅུ་རྩ་གཅིག འདུར་སྒོ་བཞི་འདུར་ཐབས་སུམ་བརྒྱ་དྲུག་ཅུའི་སྒོ་ནས་འཇུག ཅེས་དང༌། སྲིད་གཤེན་ཐེག་པའི་མདོ་ལས། སྤྱི་རུ་སྲིད་གཤེན་བོན་སྒོ་ལ། ཤི་ཐབས་འདུར་ཐབས་གཉིས་ཡིན་ཏེ། ཞེས་སོ། །

གཉིས་པ་ཐེག་པ་འདིའི་ངོ་བོ་ནི། ཚེ་འདས་ཀྱི་བླ་ཡིད་སེམས་གསུམ་ཐུགས་རྗེས་འདུར་དྲངས་པར་རྟོགས་པ་སྟེ། སྲིད་གཤེན་ཐེག་པའི་མདོ་ལས། བླ་ཡིད་སེམས་གསུམ་ལུས་སེམས་གཅིག་ཏུ་བསྡུས། །བར་ས་བདེ་ལ་ཡངས་པའི་གནས་སུ་བཀོད། །ཅེས་དང༌། གསང་བ་བསེན་ཐུབ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ལས། སྲིད་གཤེན་བླ་ཡིད་སེམས་ནི་སོ་སོ་སྟེ། །དུ་མ་མི་གཅིག་འདུར་སྒོ་སོ་སོར་དྲིལ། །འདུར་གསས་ཐུགས་རྗེས་བར་ས་བདེ་བར་སྤྲད། ཅེས་དང༌། ཉི་ཟེར་ཞགས་པ་འདུར་གྱི་མཆོང་ལས། བླ་དང་སེམས་ཡིད་ཐིག་ལེར་དྲིལ་ནས་ཀྱང༌། །ཐོགས་ཆགས་མེད་པར་མཁའ་ཀློང་དབྱིངས་སུ་བསྒྲལ། ཞེས་སོ། །

གསུམ་པ་སྒྲ་དོན་ནི། སྲིད་གཤེན་ཐེག་པའི་མདོ་ལས། སྲིད་ནི་ཐམས་ཅད་སྲིད་པས་སྲིད། གཤེན་ནི་དེ་དག་འདུལ་བས་གཤེན། །ཞེས་དང༌། གསང་བ་བསེན་ཐུབ་ཀྱི་རྒྱུད་ལས། ཤི་སྲིད་འདུར་དུ་སྲིད་པས་འདུར་གཤེན་བོན་པོ། ཞེས་དང༌། སེམས་ལུང་ལས། ཤི་སྲིད་འདུར་དུ་སྲིད་པས་སྲིད་གཤེན་ནོ། ཞེས་སོ། །

བཞི་པ་དབྱེ་བ་ལ་ཤི་ཐབས་དང་འདུར་ཐབས་གཉིས། དང་པོ་ཤི་ཐབས་ལ་དབྱེ་ན། ན་སོའི་སྒོ་ནས་རྒན་གཞོན་བྱིས་པ་དང༌། གྲི་རྒོད་འཁྲུགས་པའི་ཤི་བ་དང་བཞི་ཡོད་སྟེ། སྲིད་གཤེན་ཐེག་པའི་མདོ་ལས། ཤི་ཐབས་དག་ལ་རྣམ་པ་བཞི། །ན་སོ་རྒན་གཞོན་བྱིས་པ་གསུམ། །གྲི་རྒོད་འཁྲུགས་པའི་ཤི་བའོ། །ཞེས་སོ། །དེ་ལ་ཕོ་མོའི་སྒོ་ནས་དབྱེ་ན་བརྒྱད་དུ་ཡོད་སྟེ། དེ་ཉིད་ལས། དེ་ལ་དབྱེ་ན་ཕོ་མོ་གཉིས། །སོ་སོར་བརྒྱད་དུ་ཤེས་པར་བྱའོ། །ཞེས་སོ། །

རྐྱེན་གྱི་སྒོ་ནས་དབྱེ་ན། ཤི་ཐབས་བརྒྱད་ཅུ་རྩ་གཅིག་གམ་སུམ་བརྒྱ་དྲུག་ཅུ་དབྱེ་བ་ཡོད་སྟེ། འདུར་གྱི་མན་ངག་དགུ་སྐོར་ལས། སྲིད་གཤེན་འདུར་གྱི་ཐེག་པ་ལ། །ཤི་ཐབས་བརྒྱད་ཅུ་རྩ་གཅིག་དང༌། །ཞེས་དང༌། གབ་འགྲེལ་ལས། འདུ་བའི་ནད་ཀྱིས་འཆི་བ་ཉི་ཤུའི་ཆ། །གློ་བུར་གདོན་གྱིས་འཆི་བ་ཉི་ཤུའི་ཆ། །འཐབ་རྩོད་མཚོན་གྱིས་འཆི་བ་ཉི་ཤུའི་ཆ། །བར་ཆོད་རྐྱེན་གྱིས་འཆི་བ་ཉི་ཤུའི་ཆ། །ཚེ་ཟད་ལས་ཀྱིས་འཆི་བ་གཅིག་གི་ཆ་སྟེ། བརྒྱད་ཅུ་རྩ་གཅིག་གོ། །ཅེས་དང༌། སྲིད་གཤེན་ཐེག་པའི་མདོ་ལས། རྒན་རབས་ཤི་རྐྱེན་བརྒྱ་ཉི་ཤུ། །གཡེན་སྡེ་བརྒྱ་དང་ཉི་ཤུའི་རྐྱེན། །གཞོན་རབས་ཤི་རྐྱེན་བརྒྱ་ཉི་ཤུ། །འབྱུང་པོ་གདོན་ཆེན་དྲུག་ཅུའི་རྐྱེན། །བྱིས་པ་ཤི་རྐྱེན་དྲུག་ཅུ་སྟེ། །སྲིད་ཅན་གདོན་ཕྲན་དྲུག་ཅུའི་རྐྱེན། །ཉམ་ང་གྲི་རྒོད་བརྒྱ་ཉི་ཤུ། །གྲི་གཡེན་བརྒྱ་དང་ཉི་ཤུའི་རྐྱེན། དེ་ལྟར་སུམ་བརྒྱ་དྲུག་ཅུའོ། །ཞེས་སོ། །

དེ་དག་ཀྱང་བསྡུས་ན་འདུར་སྒོ་བཞིར་བསྡུས་ཏེ། བཀྲ་དང་བསྐྲེའུ་གཉིས། གྲི་དང་མཚུན་གཉིས་ཏེ་བཞིའོ། །བཀྲ་ནི་མདོ་འདུར་རིན་ཆེན་ཕྲེང་བའི་ཆ་ལག་ལས། བཀྲ་ཡི་སོ་མཚམས་ནི་སྔོན་དུས་ཕོ་ལོ་བདུན་ཅུ། མོ་ལོ་དྲུག་ཅུ་བརྩི་བར་བཞེད། དེང་སང་ནི་སུམ་ཅུ་ཁ་རལ་ཉི་ཤུ་ཉེ་ཞེས་པས། མདོར་ན་ལོ་ལ་མ་ལྟོས་པའི་བུ་ཚ་ཁྱེའུ་གཅིག་གིས་མཐོང་ནས་ཨ་ཕྱིར་མྱེས་ཐོབ་པས་བཀྲ་ལ་བརྩི་བར་བཞེད་པ་ཡིན། ཞེས་དང༌། ས་དཔྱད་ལས་ཀྱང༌། བཀྲ་རྒན་ཡང་ཚ་མཐོང་བའི་མི། ཞེས་བཤད་དོ། །གཞན་ཡང་བཀྲ་ལ་རིགས་དགུ་དང༌། ཨ་མི་གདོང་ལ་བཀྲ་རིགས་བདུན་དང༌། མཚུན་རིགས་ལྔ༌། གྲི་ལ་བདུན་སོགས་བཤད་དོ། །

གཉིས་པ་འདུར་ཐབས་ཀྱི་སྒོ་ནས་དབྱེ་ན་སུམ་བརྒྱ་དྲུག་ཅུ་ཡོད་སྟེ། གབ་འགྲེལ་ལས། དེ་ལ་འདུར་ཐབས་སུམ་བརྒྱ་དྲུག་ཅུ་འབྱུང་སྟེ། ཤི་རབས་དང་ཆོ་འབྲང་ལ་མི་འདྲ་བ་བརྒྱ་ཉི་ཤུ། དེ་འདུར་བའི་འཁོར་མི་འདྲ་བ་བརྒྱ་ཉི་ཤུ། འདུར་འཁོར་དེ་ལས་བྱུང་བའི་འདུར་བོན་མི་འདྲ་བ་བརྒྱ་ཉི་ཤུའོ། །ཞེས་སོ། །

གཞན་ཡང་འགྲེལ་བཞི་ལས། ཤི་ཐབས་ཆོ་འབྲང་ལ་བརྒྱ་ཉི་ཤུ། བསྐལ་སྲིད་གཤོག་པ་དང་གསུམ། ནམ་མཁའ་དང་བཞི་ལ་བརྒྱ་ཉི་ཤུ། གཤོང་སྦྱོང་གཏང་ཡར་དང་གསུམ་མམ་གནས་དང་བཞི་ལ་བརྒྱ་ཉི་ཤུའོ། །ཞེས་སོ། །

ལྔ་པ་བོན་ལ་དོན་དམ་དང་ཀུན་རྫོབ་གཉིས་སུ་ཡོད་སྟེ། སྲིད་གཤེན་ཐེག་པའི་མདོ་ལས། དེ་ལ་འདུར་ཐབས་རྣམ་པ་གཉིས། །དོན་དམ་ཀུན་རྫོབ་གཉིས་སུ་སྟེ། །དོན་དམ་ངོ་བོ་བདེན་པ་དང༌། །ཀུན་རྫོབ་མཚན་མར་བདེན་པའོ། །ཞེས་སོ། །ཀུན་རྫོབ་མཚན་མས་འདུར་བ་ལ། །འདུར་ཐབས་སྡེ་བཅུ་དེ་རེ་རེ་ལ་དབྱེ་ན། བརྒྱད་ཅུ་རྩ་གཅིག་ཏུ་ཡོད་དེ། སྲིད་གཤེན་ཐེག་པའི་མདོ་ལས། ཀུན་རྫོབ་མཚན་མས་འདུར་བ་ལ། །འདུར་ཐབས་སྡེ་བཅུར་ཤེས་པ་སྟེ། །སོ་སོར་དབྱེ་ན་བརྒྱད་ཅུ་གཅིག །ཅེས་སོ། །དེ་ལས་འདུར་ཐབས་སྡེ་བཅུ་ནི།

Re:འདུར་གྱི་ཁྲིད་རིམ་སྲིད་གཤེན་ཐེག་པ་གསལ་བའི་སྒྲོན་མེ་བཞུགས།འོས་སྦྱོར། | 2012/8/8 20:17:52
སྐུ་མགྲོན་txo0Sf(སྐུ་མགྲོན)ལེགས་སོ།
གཤམ་དུ་txlm་ལགས་ཀྱིས་ལན་སློག་པ་ནི་
ddffggghhghjlkl';'\\
]\tuiyop8970p--iop';/kljhdfgjkl;|?etgrtuyiop[\-09876u543gtfh
རྩོམ་པ་པོ།:སྐུ་མགྲོན་txo0Sf(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.