སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཁྱུང་ནག་མུ་ཁྱུང་རྒྱལ་གྱི་གདུང་རབས་ལོ་རྒྱུས་བཞུགསོ།།  | 2012/6/22 14:51:00

ཁྱུང་རབས་ལོ་རྒྱུས་གསེར་གྱི་མེ་ལོང་ཞེས་བྱ་བ་བཞུགས།

  རྨད་འབྱུང་ཡོན་ཏན་བྱེ་བས་མཛེས་པའི་སྐུ།  ཁམས་སུམ་འགྲོ་བའི་རེ་སྐོང་འཕྲུལ་ངག་གསུང་།   ཇི་ལྟ་ཇི་སྙེད་རྣམ་པ་ཀུན་མཁྱེན་ཐུགས།  རྫོགས་པའི་སངས་རྒྱས་གཤེན་རབ་མི་བོར་འདུད།  སྟོན་པ་མཆོག་དེས་ཞལ་གསུང་བྱིན་རླབས་བཀའ། བཀའ་ལ་བརྟེན་པའི་འཕག་མཆོག་སེམས་དཔའི་ལུང་།  ལུང་གི་སྙིང་པོ་བརྒྱད་ཁྲི་བཞི་སྟོང་བོན།  བོན་མཆོག་ཚད་གསུམ་བདེན་པའི་བདག་བློ་སྐྱོང་།  ཐོས་བསམ་མྱོང་རྟོགས་ས་བོན་ལས་འཁྲུངས་པའི།  བསླབ་གསུམ་མཚར་སྡུག་རྫོགས་པའི་ཨུ་དུམ་ཝར།  སྒོམ་རྟོགས་འབྲས་བུ་ཁུར་གྱིས་ཉེར་དུད་པ།  གཡུང་དྲུང་སེམས་དཔའི་ཚོགས་ཀྱི་ཤིས་པ་རྩོལ།  སྣང་སྲིད་བོན་ཀུན་ལྷ་སྐུ་ཕྱག་རྒྱར་རྫོགས།  འབྱུང་ལྔའི་སྒྲ་དབྱངས་གྲགས་སྟོང་སྔགས་སུ་དག  དྲན་པའི་རྟོགས་ཚོགས་བོན་སྐུར་སྨིན་པ་ཡི། མཐའ་ཞུ་བླ་རབས་བླ་རྒྱུད་རིམ་བྱོན་རྒྱལ།  གཡུང་དྲུང་བོན་གྱི་འདུལ་ཞིང་གངས་ལྗོངས་སུ།  གཉིས་སྐྱེས་མཁའ་ལྡིང་རྐང་གཉིས་འདྲེན་པ་རུ།  བསམ་བཞིན་མི་རུ་སྣང་མཛད་ཞང་ཞག་རྒྱུད།  ཁྱུང་པོའི་ས་སྐྱོང་རྣམས་ལ་ཅིས་མི་དད།

 

མཁྱེན་དཔྱོད་མཁས་བཞི་ལོ་པན་ཁེངས་པ་བསྙེལ། འཕྲིན་ལས་འཛམ་གླིང་རྒྱན་དྲུག་སྐྱེང་པར་བྱེད།  ཚངས་སྤྱོད་གཙུག་གཤེན་རྒྱལ་བ་གཉིས་པ་དངོས།  རྩ་བླ་བསྟན་འཛིན་རྣམ་དག་སྤྱི་བོར་མཆོད།།    ཁྱུང་པོའི་གདུང་རྒྱུད་ཞང་བོད་ཡོངས་ཀྱི་གཞི།   ཁྱུང་པོའི་མཛད་ཕྲིན་མདོ་དབུས་ཁམས་གསུམ་ཁྱབ།  ཁྱུང་པོའི་ལོ་རྒྱུས་མཁས་བླུན་ཀུན་གྱིས་མཁྱེན།  ཁྱུང་པོའི་གདུང་རབས་བསྐྱར་བཟློས་དགོས་པས་དབེན།  ཁུང་ལྡན་ཁྱུང་རབས་མ་ཡིག་ལ་བརྟེན་ནས།  ཁུང་ལུང་ལྡན་པའི་ཁྱུང་རབས་འབྲི་འདོད་ཀྱང་། རང་ཉིད་སྐྱེས་སྦྱང་ཡོད་ཏན་ཆེས་ཕྲ་བས། རང་བློའི་མ་ལྕོག་ལོ་རྒྱུས་འཁྱོག་སྲིད་བཤགས།  ཅེས་མཆོད་བརྗོད་དང་འབྲེལརྩོམ་པ་དམ་བཅའ་བའི་ཚིག་གི་མདུན་བསུས་ནས་གང་གླེང་བར་བྱ་བ་ནི་དེ་ཡང་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འདུལ་ཞིང་གངས་རི་རྭ་བའི་བསྐོར་བའི་བསེལ་ལྗོངས་འདེར་ རྒྱལ་ལ་སྔ་བ་གཉའ་ཁྲི་བཙན་པོ་༼སྤྱི་ལོའི་གོང་གི་ལོ་༡༡༣༦ལ་བོད་རྗེ་བྱས་༽གཤེན་ལ་སྔ་བ་ནམ་མཁའ་སྣང་བ་མདོག་ཅན་ མཁར་ལ་སྔ་བ་ཡུམ་བུ་བླ་མཁར་ ཡུལ་ལ་སྔ་བ་ཡར་ལུང་སོག་ཁ་

 

ཞེས་སུ་གྲགས་པའི་རྒྱལ་གཤེན་དེ་གཉིས་ནས་བཟུང་གཡུང་དྲུང་བོན་གྱི་བསྟན་པ་འདི་རིམ་དང་ཁད་ཀྱི་དར་བ་མ་ཟད་ བསྟན་འཛིན་གཤེན་པོ་རིག་འཛིན་གྲུབ་ཐོབ་བརྒྱད་བཅུ་དང་གདུང་རྒྱུད་རྒྱལ་པོ་སྡེ་དྲུག་སོགས་བོན་གཤེན་རིག་འཛིན་མང་པོའི་རྒྱལ་བ་གཤེན་གྱི་བསྟན་པ་འདི་འཛིན་སྐྱོང་སྤེལ་གསུམ་གནང་ནས་དུས་ཀྱི་གཉན་འཕྲང་མང་པོའི་ནང་གཏན་མེད་དུ་མ་ནུབ་པར་གནས་པ་འདི་ཁོང་རྣམས་པའི་དྲིན་ལས་བྱུང་བ་ཡིན་ལ་ལྷག་པར་བྲུ་ཞུ་སྤ་རྨེའུ་གཤེན་ཁྱུང་གི་གདུང་རྒྱུད་ལས་མཁས་བཙུན་བཟང་གསུམ་ལྡན་པའི་རིག་འཛིན་བླ་མ་མང་པོ་འཁྲུང་ནས་བོན་བསྟན་གྱི་སྲོག་བཟུང་བ་ཡིན་འདུག་པའི་དེའི་ཚུལ་ཤེས་པ་དང་བཀའ་དྲིན་རྗེས་སུ་ཡང་ནས་ཡང་དུ་དྲན་པར་འོས་ཤིང་བྲུ་ཞུ་སྤ་རྨེའུ་གཤེན་ལྔའི་གདུང་རབས་རྣམ་ཐར་ནམ་མཁའི་སྐར་ཚོགས་ལྟར་བཞུགས་ཀྱང་དམ་པ་ཁྱུང་གི་གདུང་རབས་ལོ་རྒྱུས་ཤིན་ཏུ་ཡུན་རིང་བའི་ལོ་རྒྱུས་ལ་ལ་གོང་འོག་འཁྲུག་པ་དང་ ལོ་རྒྱུས་ལ་ལ་དུས་དབང་གི་འཇིགས་ནས་མིང་གི་ལྷག་མར་གྱུར་ཞིང་གལ་སྲིད་བཞུགས་ཀྱང་དཔྱད་གཞིར་མ་སྙེད་པའི་དབང་གི་ཉེ་རབ་རྩོམ་སྒྲིགས་གནང་བའི་ཁྱུང་རབས་ཕལ་ཆེ་བའི་ཁུངས་བཅོལ་ས་༼ཁྱུང་རབ་རྣམ་དག་ཤེལ་ཕྲེང་༽འདི་ལ་མཛད་འདུག་ཀྱང་ཁྱུང་རབ་རྣམ་དག་ཤེལ་ཕྲེང་འདི་ནི་ཁྱུང་རབ་གསེར་སྒོམ་མ་དང་མ་ཡིག་གཡུ་མགོ་ཁྱུང་པོ་རྒོད་ཚང་པའི་ལོ་རྒྱུས་སོགས་ཁུང་ལྡན་ཁྱུང་རབ་གང་ལ་འང་མི་མཐུན་པ་དང་ཚིག་བཅད་ལྷུག་དང་ཚིག་གོང་འོག་ཆ་མི་མཚུངས་པ་མ་ཟད་ལོ་རྒྱུས་ནང་འགལ་མང་པོ་ཡོད་པ་དཔེར་ན་ ༼སོག་པོའི་དམག་གི་ཁྱུང་དཔོན་དབུས་དང་དཔོན་དགེ་བསད་པའི་སྐབས་ཁྱུང་དབུས་ལ་སྲིད་རྒྱལ་གྱི་ལུང་བསྟན་ནས་ཁྱུང་ཡུལ་དུ་ཕེབས་སྟེ་རྒྱ་ཁྱུང་གདན་ས་བརྗེ་ལེན་བྱས་པ་དང་ཁོང་ནས་རྒྱ་རྗེ་ལ་ང་བྱ་བྲལ་ལ་ཁྱུང་པོའི་མི་སྡེ་དགོས་པ་མེད་པའི་ངས་མཆེད་ཡ་ཁྱུང་ཨ་བླ་དང་ནང་ཆེན་གྲགས་པ་༼ནུབ་ཕྱོགས་༽ཁྱུང་ལུང་དངུལ་མཁར་དུ་བཞུགས་ཡོད་པའི་གདན་འདྲེན་ཞུ་མི་ཐོང་གསུང་པ་དང་ཨ་བླ་སོག་ཡུལ་༼བྱང་ཕྱོགས༽ནས་ཚུར་བྱོན་པ་དང་འཕྲད་དེ་ཁོང་དཔོན་གཡོག་གསུམ་ལྷོ་ལམ་རྒྱུད་ནས་༼ལྷོ་ཕྱོགས༽ཤིང་རོང་དབྱངས་ཅན་ལ་ཁ་ནས་སྟེང་ཆེན་དུ་འབྱོར་༽ཞེས་པ་ལྟ་བུ་གབ་མི་ཐུག་པ་མང་པོ་སྣང་ལ་དེའི་འཇུགས་བྱང་ལ་ཁྱུང་པོའི་མ་ཡིག་གསེར་སྒོམ་མ་དང་གཡུ་མགོ་མ་དང་ཞལ་བྱོན་སོགས་ནས་བསྡུས་ཏེ་བྲིས་པའོ་ཞེས་པ་ལ་དཔྱད་ན་བྲིས་མཁན་ཞིག་གིས་ཚིག་ཁ ་ཡ་བསྡུ་བྱས་སམ་སྙམ་སྟེ་ཁུང་ལྡན་ཁྱུང་རབས་མང་པོ་ལས་ཁྱུང་དཔོན་དབུས་དང་དཔོན་དགེ་སོག་པོའི་བསྒྲང་ ཁྱུང་ཨ་བླ་ལོ་དྲུག་ལོན་པ་སོག་ཡུལ་དུ་ཁྱེར་སྐབས་ནང་ཆེན་གྲགས་པ་འཁྲུང་པ་དང་ཁྱུང་དབུས་བླ་མ་ཤེས་རབ་རྒྱལ་མཚན་སོག་པོའི་དམག་ཚན་ཆེན་གྱིས་དེད་པས་ལྷོ་རུ་བྲོས་ནས་ཐར་རུང་ལྷོ་དངུལ་ཆུ་རྒྱུད་ལ་ཡུན་རིང་བཞུགས་ནས་མཐར་དེར་འདས་ཚུལ་བཤད་པའི་ཕྱིར་རོ།  ཁུངས་ལྡན་ཁྱུང་རབས་རིག་པའི་དཔྱད་ཁུལ་ཀྱང་།  ཁུངས་མེད་གཏམ་གྱིས་ཁྱུང་རབས་སླད་གྱུར་ན།  ཁྱུང་མཁས་རིག་པའི་ཡང་ཡང་དཔྱད་མཛད་དེ། ཁྱུང་རབས་རྣལ་མའི་ལོ་རྒྱུས་སྤྲོ་བར་ཞུ།

༼ཁྱུང་རབས་རྣམ་དག་ཤེལ་ཕྲེང་༽ལས་དངོས་དོན་ཁྱུང་པོའི་གདུང་རབས་མི་གསལ་ལ་ཕྱིས་རྩོམ་ཁྱུང་རབས་རྣམས་ལས་ཀྱང་ཁྱུང་དཀར་དང་ཁྱུང་སེར་ཀྱི་གདུང་རྒྱུད་ཐོག་མ་སུ་ཡིན་དང་ཡབ་དང་སྲས་གང་ཡིན་མི་གསལ་ལ་ཁྱུང་ནག་གདུང་རབས་ཀྱང་དཔྱད་གཞི་མ་སྙེད་པར་ལུས་འདུག་བའི་ད་ལྟ་ཕྲན་ནས་ཁུང་ལྡན་གྱི་ཁྱུང་རབས་ལོ་རྒྱུས་ལ་བསྟེན་ནས་ཁྱུང་རབས་མདོར་བསྡུས་ཤིག་འབྲི་བ་ལ༎        དེའང་དམ་པ་ཁྱུང་གི་གདུང་རབས་འདི་ཐོག་མར་ཚེ་ལོ་བརྒྱ་པའི་མགོན་པོ་དང་དུས་མཚུངས་ཞེས་པའི།  སྟོན་པ་སངས་རྒྱས་སྐུ་འཁྲུང་ནས་འབྱུང་ལྡན་སུམ་བརྒྱ་གཅིག་གི་ཉག་མ་ཉེར་དྲུག་ས་གླང་ལོ་བར་མི་ལོ་གཅིག་ཁྲི་བརྒྱད་སྟོང་བརྒྱ་མེད་ཉེར་དྲུག་སོང་ལ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་བོད་རྗེ་བྱས་ནས་ས་གླང་ལོ་བར་མི་ལོ་སུམ་སྟོང་གཅིག་བརྒྱ་བཞི་བཅུ་ཞེ་དྲུག་ཕྱིན་ཡོད་པ་ནི་དངོས་དོན་ལོ་རྒྱུས་བཤད་རྒྱུ་ཡོད་པ་འདི་རེད་ཀྱང་གཡས་གཡོན་རྒྱལ་ཁབ་ཚང་མར་མི་རིགས་བྱུང་བའི་མི་ཚད་རིགས་གནས་ཀྱང་ཕུན་སུམ་ཚོགས་པར་དར་རྒྱས་ཡོད་དུས་བོད་ཀྱི་ས་ཆ་ཚང་མ་ཆུས་གང་བ་དང་ཆུ་བྲི་བའི་ས་ཆ་ནི་མི་མེད་ལུང་སྟོང་རི་དག་དང་སྤྲེའུ་ཡིས་བཟུང་ཡོད་པར་ཤོད་མཁན་དང་དེ་རྗེས་མི་རིགས་བྱུང་ཡང་སྲོང་བཙན་ཡར་སྔོན་དུ་བོད་མུན་པའི་གླིང་ཞེས་བོད་མི་རིགས་ལ་ཆོས་ལུགས་དང་ཡི་གེ་སོགས་རིགས་གནས་གང་ཡང་མེད་པར་སྒྲུབ་མཁན་ཚོའི་རྣ་བར་ཤོང་དཀའ་ཡང་།དེང་དུས་ཚན་རིག་མཁས་པའི་སྤྱི་ལོ་༼༡༩༥༦༽ལོ་ནས་ད་བར་ཕྱོགས་ཡོངས་ནས་གནའ་རྫས་འཚོལ་བསྡུ་དང་རྟོགས་ཞིབ་ཡང་ཡང་བྱས་པ་རྒྱུད་བོད་ཀྱི་ས་ཆའི་ཐོག་གནའ་བོའི་མིའི་རིགས་ཀྱིས་འགུལ་སྤྱོད་བྱས་པས་དཔྱད་གཞི་རྒྱུ་ཆ་འབོར་ཆེན་ལག་སོན་བྱུང་བའི་འཇུགས་བསྡོམ་ལ་ལོ་ཁྲི་ལྔའི་གོང་ནས་བོད་ཀྱི་ས་ཆའི་ཐོག་མི་རིགས་འཚོ་གནས་དང་རྩོལ་བ་ཡོད་པ་རྟོགས་ཡོད་ལ་ཆབ་མདོའི་ཁ་རུབ་ཀྱི་གནའ་རྫས་རྗེས་ཤུལ་ལས་མི་ལོ་བདུན་སྟོང་བཞི་བརྒྱའི་གོང་ནས་བོད་ཀྱི་ས་ཆའི་ཐོག་གནའ་བོའི་ཆོས་ལུགས་ཡོད་པའི་བདེན་དཔང་བྱས་ཡོད་པ་མ་ཟད་མངའ་རིས་ས་ཁུལ་ཀྱི་བྲག་བརྐོས་རི་མོ་ལས་ཞང་ཞུང་སྨར་ཡིག་འདི་མི་ལོ་བཞི་སྟོང་གོང་ནས་ཡོད་པ་གསལ་བཤད་བྱས་པ་དང་བྲག་རྐོས་རི་མོ་ཁ་ཤས་ལོ་ཁྲིའི་གོང་ནས་རྐོས་པ་ཤེས་རྟོགས་བྱུང་བ་ལས་སོགས་གནའ་བོའི་དངོས་རྫས་ཀྱི་བདེན་དཔང་འདི་དག་གི་ཞང་བོད་ཀྱི་རིག་གནས་ལོ་རྒྱུས་རྣམས་ཁས་མ་བླང་ཀྱང་དངོས་ར་འཕྲོད་བཞིན་པ་འདིའོ༎

 

ཁྱུང་རབས་དངོས་བཤད་པ་ལའང་བཞི་སྟེ། ཁྱུང་དཀར་ནག་སེར་གསུམ་གྱི་ཐོག་མའི་གདུང་རྒྱུད་གྲོལ་ཚུལ་དང་ཁྱུང་ནག་མི་ཁྱུང་རྒྱལ་གྱི་གདུང་རྒྱུད་རིམ་བྱོན་གྱི་ལོ་རྒྱུས་ སླར་ཡང་ཁྱུང་ནག་གི་གདུང་རབས་ཀྱི་ཁྱུང་དཀར་ནག་སེར་གསུམ་ལ་དབང་བསྒྱུར་བྱས་ནས་གདུང་རྒྱུད་སོ་སོ་གྱེས་ཚུལ་དང་ གདུང་རབས་བླ་དཔོན་བྱོན་ཚུལ་དང་བཞིའོ༎ 

དང་པོ། ཁྱུང་དཀར་ནག་སེར་གསུམ་གྱི་ཐོག་མའི་གདུང་རྒྱུད་གྲོལ་ཚུལ་སྐོར།   གཉིས་པ། ཁྱུང་ནག་མི་ཁྱུང་རྒྱལ་གྱི་གདུང་རབས་རིམ་བྱོན་གྱི་ལོ་རྒྱུས་སྐོར། གསུམ་པ། ཁྱུང་ནག་མི་ཁྱུང་རྒྱལ་གྱི་གདུང་རྒྱུད་བླ་དཔོན་རྣམས་ཀྱི་རུ་ཤོག་སོ་སོ་ལ་ མངའ་དབང་བསྒྱུར་ཚུལ་གྱི་ལོ་རྒྱུས་སྤྱིར་གླེང་བ།།

བཞི་པ།དཀར་ནག་སེར་གསུམ་ཚབ་ཚ་སྤུ་ལ་ཁ་བཅས་ཀྱི་རུ་ཤོག་སོ་སོའི་དོན་ཡོད་ལས་འཛིན་དཔོན་པོའི་གདུང་རབས་བྱེ་བྲག་ཏུ་བཤད་པ་ལའང་

༡ ཁྱུང་དཀར་ཀྱི་གདན་ས་འཛིན་མཁན་གདུང་རབས་རིམ་བྱོན་གྱི་སྐོར།

༢ ཁྱུང་སེར་གྱི་གདན་ས་འཛིན་མཁན་གདུང་རབས་རིམ་བྱོན་གྱི་སྐོར།

 ༣ ཁྱུང་ནག་གི་གདན་ས་འཛིན་མཁན་གདུང་རབས་རིམ་བྱོན་གྱི་སྐོར།

༤ ཁྱུང་པོ་ཚབ་ཚ་ཚང་གི་གདན་ས་འཛིན་མཁན་གདུང་རབས་རིམ་བྱོན་གྱི་སྐོར།

 ༥ ཁྱུང་པོ་སྤུ་ལ་ཁའི་གདན་ས་འཛིན་མཁན་གདུང་རབས་རིམ་བྱོན་གྱི་སྐོར། ཞར་བྱུང་དཀར་ནག་ནང་འཁྲུག་བྱས་པའི་སྐོར།

བཅས་ཀྱི་ཁྱུང་རབས་མདོར་བསྡུས་སུ་གྲུབ་བོ།

མུ་འགོད་དྲྭ་གྲོགས་རྣམས་ལ་ཞུ་རྒྱུར་དཔེ་ཆ་འདི་པན་ཏྲི་ཏ་གཟུགས་སུ་བྲིས་ཟིན་ཀྱང་ཧི་གཟུགས་བྲིས་མ་ཚར་བས་རིམ་བཞིན་སྤེལ་ཆོག་པ་ཞུ་ཞུ།།

           

Re:ཁྱུང་ནག་མུ་ཁྱུང་རྒྱལ་གྱི་གདུང་རབས་ལོ་རྒྱུས་བཞུགསོ།། | 2012/6/23 21:09:52
yongzhoglangdaཡག་འདུག ཁྱུང་རབས་ལོ་རྒྱུས་ལ་གསལ་ཁ་འདྲ་གཏོད་ཐུབ་ན་ཡག་པོ་འདུག
Re:ཁྱུང་ནག་མུ་ཁྱུང་རྒྱལ་གྱི་གདུང་རབས་ལོ་རྒྱུས་བཞུགསོ།། | 2012/6/23 21:09:52
danzengyixi


ཡ་ཡ། ཁྱེད་ཀྱིས་པཎ་གཟུགས་བྱས་ཟིན་ན། ཁ་སྔོན་ཁྱུང་པོ་དཔའ་རྒྱལ་གྱིས་ངོ་སྤྲོད་བྱས་པའི་ཡིག་གཟུགས་བརྗེ་བསྒྱུར་དེ་བེད་སྤྱོད་ཤེས་ན་ཡིག་འབྲུ་༡༠༠༠མན་ཕྱོགས་གཅིག་སྒྱུར་ཐུབ་ཀྱི་འདུག་པས་ངོ་སྤྲོད་ཙམ་མོ།
ལྷ་གཡག་དར་མས།
Re:ཁྱུང་ནག་མུ་ཁྱུང་རྒྱལ་གྱི་གདུང་རབས་ལོ་རྒྱུས་བཞུགསོ།། | 2012/6/24 21:27:58
སྐུ་མགྲོན་13Ylc5(སྐུ་མགྲོན)ཡ་བླ་མ་ཡེ་ཤེས་ལགས་སྐུ་ཁམས་བཟང་ཁྱེད་ཀྱི་རྩོམ་མང་པོ་འདི་འདྲ་ཞིག་སྤེལ་འདུག་དགའ་བསུ་དང་ཡིད་རང་ཡོད། དངོས་མིང་བསོད་ནམས་བློ་གྲོས་འམ་སྤིར་མིང་སྲོ་ལོ་དཀར་པོ་ནས་བྲིས།།
རྩོམ་པ་པོ།:སྐུ་མགྲོན་13Ylc5(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཁྱུང་ནག་མུ་ཁྱུང་རྒྱལ་གྱི་གདུང་རབས་ལོ་རྒྱུས་བཞུགསོ།། | 2012/6/30 15:49:29
སྐུ་མགྲོན་JOFq37(སྐུ་མགྲོན)རྣམ་དག་བརྡ་སྤྲོད་གཞུང་ལུགས་ལ།
མ་སྦྱོངས་རྨོངས་པའི་ཕོ་ཚོད་ཅན།
གང་ཁྱེད་ངལ་བ་མ་གྱུར་རམ།

ཞེས་གསུངས་པ་ལྟར། མཆོད་བརྗོད་འདི་དག་སྨན་རིའི་ཡོངས་འཛིནཆེན་མོའི་་གསུང་འབུམ་ལས་དཔེ་བཤུ་ལུགས་ལྟར་ན་རྒན་ཁྱེད་འདི་འབྲི་དུས་དཀའ་ལས་ཆེན་པོ་ཁ་ཡོད་པ་ངེད་ཅག་གིས་ཤེས་སོང་། ལོ་རྒྱུས་བཤད་གཞུང་ཐད་ནས་ཁྱེད་ལ་ངེས་ཤེས་བརྟན་པོ་ཞིག་སྐྱེས་ཡོད་རུང་མེད་རུང་སྣེ་ཟུར་ཡོད་ཚད་རུག་པའི་བརྩོན་པ་མི་དམན་པ་བརྒྱབ་འདུག་པ་མཐོང་གསལ་འདིས་ནི་ཁྱུང་རབས་ལོ་རྒྱུས་བགྲེས་པོར་ཞབས་ཕྱི་ཡག་པོ་འགྲུབ་འདུག
བཀའ་དྲིན་ཆེ། རིག་ཟླ་ནས།
རྩོམ་པ་པོ།:སྐུ་མགྲོན་JOFq37(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཁྱུང་ནག་མུ་ཁྱུང་རྒྱལ་གྱི་གདུང་རབས་ལོ་རྒྱུས་བཞུགསོ།། | 2012/7/1 11:35:15
txlmའདིར་ཕེབས་པའི་དྲྭ་གྲོགས་རྣམ་པར་ཐུགས་རྗེ་ཆེ་ཞུ།
གྲོགས་རིག་ཟླ་ལགས་ཕྲན་གྱི་མཆོད་བརྗོད་འདི་དག་ཡོངས་འཛིན་རིན་པོ་ཆེའི་གསུང་འབུམ་ལས་དཔེ་བཤུས་འདུག་ན་ཁྱེད་ནས་གང་དང་གང་དཔེ་བཤུས་པ་འདིར་ལུང་འདྲེན་ཞིག་གནང་ནས་ངོ་སྤྲྲོད་མཛད་ན་ཆེས་མི་ལེགས་སམ་ཟིན་བདག་གི་རེ་བ་དེ་ཡིན་ལགས་ལུང་འདྲེན་གནང་རྒྱུ་མ་སྙེད་ན་ཐུགས་མ་འཁྲུགས་རོག་ཞུ།ཞུ།
Re:ཁྱུང་ནག་མུ་ཁྱུང་རྒྱལ་གྱི་གདུང་རབས་ལོ་རྒྱུས་བཞུགསོ།། | 2012/7/1 11:43:15
txlmདྲྭ་གྲོགས་ལྷ་གཡག་དར་མ་ལགས་ཁྱེད་ནས་ཕྲན་ལ་ལྷག་བསམ་གངས་རིའི་མདང་ལས་འཕོས་པ་ལྟར་མ་ཤེས་སློབ་སྟོན་དང་དྲན་བསྐུལ་གང་མང་གནང་བ་ཐུགས་རྗེ་ཆེ་ཞུ།རྗེས་སུ་རོགས་རིམ་གང་མང་གནང་བའི་རེ་བ་ཆེ།
Re:ཁྱུང་ནག་མུ་ཁྱུང་རྒྱལ་གྱི་གདུང་རབས་ལོ་རྒྱུས་བཞུགསོ།། | 2012/7/1 11:53:24
txlmགྲོགས་སྲོ་ལོ་དཀར་པོ་ལགས་འདིར་ཕེབས་པས་མ་ཚད་མཚམས་འདྲི་དང་དགའ་བསུ་ཡིད་རང་བཅས་ཀྱི་ཐོག་ནས་བསྐུལ་མ་གནང་བ་ཐུགས་རྗེ་ཆེ་ཞུ་ཞུ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.