སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རྗེ་བཙུན་མཐའ་ཞུ་ཚུལ་ཁྲིམས་ཡེ་ཤེས་མཆོག་གི་རྣམ་ཐར། སྟོད་ཆའོ | 2012/5/25 15:42:00

རྗེ་བཙུན་མཐའ་ཞུ་རི་ཁྲོད་པ་ཆེན་པོ་ཚུལ་ཁྲིམས་ཡེ་ཤེས་

མཆོག་གི་རྣམ་ཐར་ཨུ་དུམ་ཝ་ར་བཞུགས།

 

ན་མོ་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་གུ་དུན་ཧྲུན།

མ་བཅོས་ཤེས་བྱའི་ཡིན་ཚུལ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བོན་སྐུ་ཀུན་གསལ་དྭངས་མའི་དབྱིངས། །

མ་འགག་ལྷུན་གྲུབ་རིག་པའི་འཆར་སྒོ་གསལ་འཚེར་སྣང་བ་ལྷུན་རྫོགས་རྒྱུ་སྐར་མཛེས་སྡུག་བཞིན། །

གཉིས་སུ་དབྱེར་མེད་ཉག་མ་གཅིག་གི་རྩལ་ལས་མ་ངེས་ཟེར་ཕྲེང་སྣ་ཚོགས་རོལ་གར་སྒྱུར། །

སྐུ་གསུམ་སངས་རྒྱས་མཆོག་ལ་ཐ་མལ་གནས་པ་བདག་གིས་སྒོ་གསུམ་གུས་པས་བསྟོད་དོ་དགེ་ལེགས་སྩོལ། །

 

རྨད་བྱུང་ཚོཌ་གཉིས་རིན་ཆེན་རྡུལ་བསཌ་ལས་འཁྲུངས་གང་སྐུ་གསེར་རིར་མཚན་དཔེའི་དཀྱིལ་འཁོར་རྫོཌ། །

གདུལ་བྱའི་རེ་འདོད་སྐོང་ལ་གསུང་དབྱངས་ཁྱད་པར་བཞི་ལྡན་སྒོ་བཞི་མཛོད་ལྔའི་ཆུ་ཀླུང་འཁྱིལ། །

ཕ་མཐའ་གཞལ་དུ་མེད་པའི་ཤེས་བྱའི་གནས་ཀུན་གཟིགས་པའི་གང་ཐུགས་མཁྱེན་གཉིས་སྣང་སྲིད་གཞིར། །

སྐུ་གསུང་ཐུགས་ཀྱི་ཡོན་ཏན་མངོན་རྫོགས་རྫོགས་པའི་སངས་རྒྱས་དམུ་རྒྱལ་སྲས་ལ་གུས་པས་འདུད། །

 

མཐའ་ཀླས་འགྲོ་ལ་ཕན་བདེ་གཏེར་བས་ཟབ་གསུང་འཕྲུལ་ངག་བོན་སྒོ་རིན་ཆེན་དལ་འབབ་མཛོད། །

འཛམ་གླིང་ཐ་གྲུ་ཡོངས་ལ་ལོངས་སུ་སྤྱོད་པའི་བགོ་སྐལ་ཆུ་ཀླུང་སོ་སོར་འབྱེད་པའི་གཉེན། །

སྒྲ་སྐད་ཀུན་ལ་འཇིགས་མེད་རྟུལ་ཞུགས་སྤྱོད་པའི་རྒྱན་དྲུག་ལོ་ཙཱ་བཞི་དང་གྲུབ་རིགས་ཚོགས། །

བཀའ་དྲིན་དྲན་པའི་ངོས་ནས་སོར་བཅུའི་འདབ་མ་སྙིང་ཁར་ཟུམ་སྟེ་སྒོ་གསུམ་དྭངས་བས་བསྟོད། །

 

མ་ལུས་ཤེས་བྱའི་གནས་ཀུན་ཕྱོགས་གཅིག་སྡོམ་པའི་རྒྱལ་བསྟན་ཀེ་ལ་ཤ་རིའི་ཕྲག་གོང་ནས། །

གཞུང་ལུགས་སྒོ་བརྒྱ་འབྱེད་ལ་འཇིགས་མེད་གད་རྒྱངས་སྒྲོག་པའི་ཟླ་བྲལ་རིགས་པའི་སེང་གེ་ཡིས། །

སྤང་སྒྱུར་གྲོལ་གསུམ་ལམ་གྱི་དགོངས་དོན་འཆད་རྩོད་རྩོམ་པའི་གཡུ་རལ་མཁའ་ལ་བསིགས་པའི་རྗེ། །

མཁས་མང་དབུས་ན་བརྗིད་པའི་མཉམ་མེད་པ་ཞེས་ཀུན་གྱིས་བསྟོད་ཚིག་སྒྲོག་ལ་གུས་པས་འདུད། །

 

ཤེས་བྱ་ཀུན་མཁྱེན་བདེ་སྟོང་མཁའ་ལས་གཡོ་བ་མེད་ཅིང་རྒྱལ་བསྟན་རིན་ཆེན་བང་མཛོད་སྒོ། །

འགྲོ་རྣམས་ཕན་བདེའི་གཞི་རྩ་འབྱུང་ཕྱིར་འཆད་རྩོད་རྩོམ་པའི་མཛད་བཟང་འཕྲུལ་གྱི་ལྡེ་མིག་གིས། །

མ་ལུས་རྣམ་པར་འབྱེད་ནས་ནོར་བུ་རིན་ཆེན་གང་ལ་གང་འདོད་རེ་བ་སྐོང་མཛད་ཅིང༌། །

སྡོམ་གསུམ་རྒྱུད་འཛིན་རྒྱལ་བ་གཉིས་པའི་རིང་ལུགས་ཚུལ་བཞིན་སྐྱོང་མཛད་མཁན་སློབ་རྣམས་ལ་འདུད། །

 

རྒྱུད་གསུམ་བོན་གྱི་ལུས་སྟོབས་ཡོངས་སུ་སྨིན་པས་མ་རིག་རྟོག་ཚོགས་རྨོངས་པའི་སྒོང་རྒྱ་བཀྲལ། །

ལུང་རིགས་གཞུང་བརྒྱ་སྨྲ་ལ་འཇིགས་མེད་རྟུལ་ཤུགས་སྤྱོད་པའི་བློ་གྲོས་སྟོབས་རྩལ་ཁོང་ནས་འབར། །

རབ་འབྱམས་ཤེས་བྱའི་མཁའ་ལ་ཉམས་མྱོང་འཕྲུལ་གྱིས་འཇུག་པའི་དགེ་བཤེས་མཁའ་ལྡིང་དབང་པོ་ཁྱེད། །

མཐའ་ཀླས་འགྲོ་ལ་མཁྱེན་བརྩེའི་གཟིགས་པ་དང་བཅས་བདག་མགྲིན་ཁབ་ཏུ་རོལ་ལ་ཤིས་པ་སྩོལ། །

 

རྨད་བྱུང་ཚུལ་ཁྲིམས་གཙང་མའི་རྟེན་མཆོག་ཡོན་ཏན་བརྒྱད་ལྡན་གསེར་ཞུན་ཞིང་ས་ཡངས་པའི་ཁར། །

ཐོས་བསམ་སྒོམ་པའི་རླན་གྱིས་བྱང་ཆུབ་ས་བོན་རབ་སྐྱེད་མྱུ་གུའི་ལོ་འདབ་རྒྱས་པའི་རྩེར། །

ཟབ་གསལ་འཕྲུལ་ངག་བོན་གྱི་འབྲས་བཟང་གཡུར་དུ་སྨིན་པས་ཉམས་རྟོགས་ལུས་ཟུངས་མ་ལུས་རྫོགས། །

དཔལ་ལྡན་བླ་མའི་ཡོན་ཏན་དྲན་ཚེ་རྟོགས་བརྗོད་ཕྱི་རབས་དད་རྟེན་ཕྱིར་དུ་འབུལ་བར་སྤྲོ། །

 

ཞེས་སྒོ་གསུམ་གུས་པས་མཆོད་བརྗོད་མེ་ཏོག་ཙམ་པ་ཀས་མདུན་ལེགས་པར་བསུས་ཤིང༌། དད་མདུན་མོས་པའི་བཤད་དམ་གྱིས་འཇུག་སྒོ་ཡངས་པོར་ཕྱེས་ནས། དེ་ཡང་རྣམ་ཐར་དངོས་ལ་ཡེ་ཁྲི་མཐའ་སེལ་ནམ་མཁའ་དཀར་པོའི་རྒྱུད་ལས། སྤྱི་ཁོག་ལོ་རྒྱུས་དོན་གྱིས་བཤད། །ལས་ཅན་ཡིད་ཆེས་བསྐྱེད་ཕྱིར་རོ། །ལོ་རྒྱུས་ཁུངས་ནས་མ་བཤད་ན། །ཡིད་མི་ཆེས་པའི་རྒྱུ་རུ་འགྱུར། །ཞེས་གསུངས་པ་ལྟར། ད་ལན་རྣམ་ཐར་འབྲི་བའི་ངལ་བ་བྱེད་དགོས་དོན་ནི། །རིས་མེད་ཀྱི་མཁས་གྲུབ་རྣམས་དང༌། སྐལ་ལྡན་གྱི་འགྲོ་བ་གང་དག་ཡིད་ཆེས་དད་འདུན་འབྱུང་བའི་ཕྱིར་དང༌། མཐའ་ཞུ་རི་ཁྲོད་པ་འདི་ཉིད་ཀྱི་མཚན་ཉིད་དམ་ཡོན་ཏན་གསལ་རྟོགས་ཐོབ་པའི་ཆེད་དུ་ཡིན་ལ། རང་རེ་ཁྱུང་ནག་ཁུལ་མཐའ་ཞུའི་གདུང་རབས་བསམ་འཕེལ་དབང་པོ་ལྟ་བུ་ཞིག་བཞུགས་ཡོད་པ་འདི་ནི་རང་རེ་ཚོའི་བསོད་ནམས་ཀྱི་བགོ་སྐལ་ཐོབ་པ་ཞིག་ཡིན་པས། ནོར་བུའི་ནོར་ཉམས་ཆོད་པར་བྱས་ན་ལེགས་ཤིང༌། དེ་ལ་དདའདུན་མོས་གུས་ཀྱིས་ཡིད་ཆེས་བཟོས་ན། ཕན་བདེའི་གཞི་རྩ་འབྱུང་བ་ནི་གོར་མ་ཆག་སྟེ། མཐའ་ཞུའི་གདུང་རབས་འདི་ཉིད་ཁུངས་བཟང་ཞིང༌། ཡིད་ཆེས་ངེས་པའི་རྒྱུ་མཚན་དང་ལྡན་ཡོད་པ་སྟེ། གདུང་རབས་འདི་ནི་གདུང་བརྒྱུད་རྒྱལ་པོ་སྡེ་དྲུག་གི་བྲུ་ཞུ་སྤ་རྨེའུ་གཤེན་ཁྱུང་ཡ་གྱལ་ཞུ་ཚང་སྟེ། དེ་ཡང་རུས་ཆེན་སྡེ་བཞིའི་ནང་ཚན་སྨུག་པོ་གདོང་ལས་གྲོལ་བ་སྔོན་ཚེ་བོད་རྒྱལ་གྲི་གུམ་གྱི་གྲི་འདུར་མཛད་སྐབས་གཡས་བོན་ལྕགས་ཀྱི་བྱ་རུ་ཅན་ཞེས་འདུར་ཕུག་སུམ་བརྒྱ་དྲུག་ཅུ་ཐུགས་སུ་མཁྱེན་པ་ཞིག་ཡོད་པ་དེའི་གདུང་རྒྱུད་གསེར་གྱི་ཉག་ཐག་ལ་དྲི་མེད་ཤེལ་གྱི་ཕྲེང་བ་རྒྱུས་པ་ལྟར་བྱོན་པའི་མཐའ་རུ་གདུང་རབས་འདི་དམ་པ་གོང་མའི་རྒྱུད་པའི་ཟམ་མ་ཆད། བྱིན་རླབས་ཀྱི་ན་བུན་མ་ཡལ། ཐུགས་རྗེའི་ཉག་ཐག་མ་ཆད་པའི་ཡབ་མྱེས་བོན་གྱི་སྨིན་གྲོལ་བྱུང་བའི་བླ་མ་ཤ་སྟག་ཕེབས་པ་ལགས་ཏེ། སྔོན་བྱོན་བླ་མ་རྣམས་ཀྱི་གདུང་རུས་དང་དབུ་ཐོད་ངོས་སུ་འཛམ་གླིང་ལ་ཆེས་མཐོང་རྒྱུ་དཀོན་པའི་ཡི་དམ་ལྷ་ཡི་ས་བོན་ཡིག་འབྲུ་རང་བྱོན་དང༌། འཕེལ་གདུང་རིང་བསྲེལ་སོགས་མངོན་སུམ་མཇལ་དུ་ཡོད་པ་འདི་རྣམས་ཀྱིས་ངོས་འཛིན་གསལ་པོར་འབྱུང་ཐུབ་པ་མ་ཟད། བསྟན་འབྱུང་དང་ལོ་རྒྱུས་ཞིབ་ཆ་གཟིགས་ཐུབ་ན་གོང་དུ་ཞུས་པའི་འདུར་ཕུག་སུམ་བརྒྱ་དྲུག་ཅུ་ཐུགས་སུ་མཁྱེན་པའི་དབལ་བོན་དེའི་གདུང་རྒྱུད་ཡིན་པར་ཤེས་ཐུབ། ཡུལ་གྱི་གྲོང་མི་རྒན་རབས་རྣམས་ཀྱིས་ཀྱང༌། མི་ཤི་ན་གཤེད་འདུར་གྱི་ཆེད་དུ་མཐའ་ཞུ་བླ་མ་གདན་དྲངས་ཐུབ་ན་གཞན་ལས་ཕན་ཐོགས་ལྷག་པར་ཆེ་བ་ངོས་འཛིན་སྲོལ་ཡོད་པ་ནི་གྲོལ་ཕུག་གི་ཁུངས་བཙུན་པས་སོ། །

དེ་ཡང་རྒྱུད་གསེར་གྱི་རུས་སྦལ་ལས། ཡབ་ཀྱི་རྟ་ལ་བབས་ནས། ཡུམ་གྱི་ལྷུམས་སུ་ཞུགས། ཟླ་དགུ་ངོ་བཅུར་སྐྱེ་བ་བཞེས་ཚུལ་བསྟན། ཞེས་གསུངས་པ་ལྟར། དེ་ཡང་ཁྱད་པར་སྙིགས་མའི་དུས་འདིར་ཚིག་དོན་ཡ་མ་བྲལ་བའི་ངེས་པ་དོན་གྱི་རྣལ་འབྱོར་བ་མཐའ་ཞུ་རི་ཁྲོད་པ་འདི་ཉིད་གང་དུ་སྐུ་བལྟམས་པའི་གནས་ནི། འཛམ་གླིང་ས་ཡི་གོ་ལའི་ཡང་རྩེར་གནས་ཤིང༌། ས་འཛིན་དཀར་པོའི་མུ་ཁྱུད་ཀྱིས་རབ་ཏུ་མཛེས་པའི་བསིལ་ལྡན་ཁ་བའི་ལྗོངས་ཀྱི་གནས་འདི་ལ། སྟོད་ལ་མངའ་རིས་སྐོར་གསུམ་དང༌། བར་ན་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་སྒང་དྲུག་ཅེས་པའི་ཕྱི་མ་མདོ་ཁམས་སྒང་དྲུག་ཅེས་པའི་ནང་ཚན་མདོ་ཁམས་དངུལ་རྫ་ཟལ་མོའི་སྒང་གི་རི་རྒྱུད། གྱིམ་ཤོད་སྒོ་པ་ཤེལ་ལེ་རྒྱ་སྐར་ཞེས་མཚན་ཡོངས་གྲགས། ཁྱུང་པོ་རི་རྩེ་དྲུག་དགོན་གྱི་བྱང་ཕྱོགས། སྟེང་ཆེན་རྫོང་ཁུལ་དུ་ཡོད་པའི་ཁྱུང་དཀར་ནག་སེར་གསུམ་ཞེས་པའི། ཁྱུང་ནག་གདན་ས་དཔལ་གྱི་ཉེ་ཟུར། ཝ་གཞོང་གྲོང་ཚོའི་ནང་དུ། ཡབ་མཐའ་ཞུ་བླ་མ་པདྨ་ཀུན་ལེགས་རིན་པོ་ཆེ་མཆོག་དང༌། ཡུམ་བསོད་སྐྱིད་གཉིས་ཀྱི་སྲས་སུ་འབྱུང་ལྡན་ ༢༩༩ ཉག་མ་ ༤༣ སྤྱི་ལོ་ ༡༩༦༦ མེ་རྟ་ལོར་མཚན་དཔེའི་དཀྱིལ་འཁོར་ཆུ་སྐྱེས་འཛུམ་པའི་དགའ་སྟོན་འགྲོ་བ་ཕན་བདེའི་དཔལ་དུ་མངོན་པར་བཞད།

བསིལ་རིའི་འོད་སྣང་འབུམ་ལྡན་ཁོར་ཡུག་དབུས། །

བརྗིད་ཉམས་ལྡན་པའི་གངས་ལྗོངས་ནོར་བུའི་གླིང༌། །

རྒྱལ་བའི་གདུང་འཛིན་སྐྱེས་མཆོག་རིམ་བྱོན་པས། །

དང་ཐོག་བོན་གཤེན་དམ་པ་ཁྱུང་པོའི་ཡུལ། །

 

རྨད་བྱུང་ཚོགས་གཉིས་གངས་རི་ལྷུན་པའི་གཏོས། །

གཞན་ཕན་སྙིང་རྗེའི་དྲོད་ཀྱིས་བཞུས་པའི་རྒྱུན། །

མཐའ་ཞུའི་གདུང་རབས་སི་དྷིའི་བདག་པོ་ལས། །

ལོན་པའི་སྐུ་མཆོག་རིན་ཆེན་ཕན་བདེའི་དཔལ། །

 

རྒྱལ་བའི་ཐུགས་བསྐྱེད་ནམ་མཁའི་བླ་བྲེ་ལས། །

གང་སྐུ་གྲུ་ཆར་བསམ་བཞིན་དུས་ཐོག་ཏུ། །

མོས་ལྡན་བློ་ཡི་ཚ་གདུང་སེལ་བའི་ཕྱིར། །

མངོན་པར་ལྷུང་བ་ཉིད་དེར་ཨེ་མ་ཕུལ། །

 

དེ་ནས་བུ་ཆུང་བྱིས་པའི་སྐབས་ཀྱི་འགྲོ་ཚུལ་ལ། དམ་པ་ཁོང་བྱིས་པའི་བསམ་ཤེས་ཐོབ་པ་ནས་བཟུང༌། སྔོན་བསགས་དགེ་བའི་བག་ཆགས་བཟང་པོའི་མཐུས། དགེ་སྦྱོར་གྱི་རྟགས་ཙམ་འཛིན་པ་རྣམས་ལ་མོས་གུས་ཆེ་བ། ཉམ་ཐག་འགྲོ་ལ་བརྩེ་བའི་ཕན་སེམས་དང་ལྡན་པ། གཤིས་རྒྱུན་འཇམ་ཞིང་སྤྱོད་ལམ་ཡ་རབས་སེམས་དཔའི་ངང་ཚུལ་ལྟ་བུར་འཁོར་བ་ལ་མི་མོས་པ་དང༌། ཐར་པ་བྱང་ཆུབ་སྒྲུབ་འདོད་ཀྱི་མོས་པའི་དགེ་མཚན་མཐའ་ཡས་པར་གནས་ཤིང༌། དགུང་གྲངས་བདུན་བརྒྱད་ལོན་པའི་སྟོད་ལ། དེ་ཡང་མདོ་དྲི་མེད་ལས། ཤེས་བྱ་ཀུན་གྱི་ཐོག་མ་རུ། །ཤེས་པའི་གཞི་མ་ཡི་གེ་བསླབ། །མི་ཤེས་ལྐུགས་པ་ཡི་གེས་བཀྲོལ། །མི་ཤེས་རྨུགས་པ་ཡི་གེས་སེལ། །རིག་པའི་སྒྲོན་མེ་ཡི་གེས་འདེགས། །དེའི་ཕྱིར་ཡི་གེའི་རྒྱུན་བརྟེན་ན། །ཤེས་བྱ་ཀུན་གྱི་གཞི་མ་ཡིན། །ཞེས་གསུངས་པ་ལྟར། རིག་པའི་གནས་ལྔ་དང༌། གཞུང་ཆེན་རྣམ་ལྔ། འཆད་རྩོད་རྩོམ་གསུམ། ལྟ་སྒོམ་སྤྱོད་གསུམ། བསྙེན་སྒྲུབ་ལས་གསུམ་སོགས་ཤེས་བྱ་རིག་པའི་གནས་གང་ལ་སྦྱང་པའི་གཞི་རྩའི་ཐོག་མར་ཡི་གེ་ལེགས་པ་ཞིག་མ་བསླབ་ན། དེ་དག་ལ་འཇུག་པའི་གོ་སྐབས་བྲལ་བ་ཐུགས་ལ་དགོངས་ཏེ། ཡབ་ཀུན་ལེགས་རིན་པོ་ཆེའི་མདུན་ནས་ཀ་མད་སུམ་ཅུ་དང་རྒྱན་འདོགས་མགོ་གསུམ་བཅས་བསླབ་པ་ནས་བཟུང་ཡི་གེ་དཀར་ནག་སོགས་ཀྱི་འདོན་ཀློག་ལ་མཁྱེན་པ་ཕུལ་དུ་ཕྱིན་པ་ཞིག་མཛད་དོ། །

རིང་ནས་རྣམ་དཀར་དགེ་ལ་གོམས་པའི་འབྲས། །

ཆུང་ངུའི་དུས་ནས་ཉམ་ཐག་འགྲོ་ལ་བརྩེ། །

བླང་དོར་འབྱེད་པས་རྣམ་རིག་འོད་སྣང་གིས། །

འཇིག་རྟེན་འདོད་པའི་སྣང་བ་ཕ་མཐར་བསྲིང༌། །

 

སྐྱེས་སྟོབས་ཤེས་རབ་ཁྲོ་ཆུ་ཞུན་མ་ཡིས། །

མི་ཤེས་ལྐུག་པའི་ཐ་རམས་ཕྱེ་མར་གཏོར། །

རྣམ་དཔྱོད་རིག་པའི་འཇུག་སྒོ་ཡངས་པོར་ཕྱེས། །

རིག་པའི་སྐྱེས་ཆེན་དམ་པ་སྙིང་དབུས་རོལ། །

དགུང་གྲངས་བཅུ་བདུན་ནས་མཁས་བཙུན་གྲུབ་པའི་རྣལ་འབྱོར་རྩེ་དྲུག་དྲི་མེད་ཤེལ་བྲག་གླིང་གི་སྒོམ་གྲྭའི་མཁན་པོ་འཇའ་ལུས་པ་གཙུག་ཕུད་འོད་གསལ་རིན་པོ་ཆེ་མཆོག་གི་ཞབས་རྡུལ་མཉེས་པ་གསུམ་གྱིས་སྤྱི་བོར་བླངས་ཏེ་མན་ངག་རིན་པོ་ཆེ་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་སྔོན་འགྲོའི་ཁྲིད་རིམ་བཀའ་ལུང་རྒྱ་མཚོ་གསན་བསམ་དང་ཐོས་བརྩོན་ལེགས་པར་གནང་ནས། སྔོན་འགྲོ་འབུམ་དགུ་གྲངས་ལོངས་པར་བསགས་སྦྱངས་མཛད། དེའི་སྐབས་སྔོན་བསགས་བསོད་ནམས་ཀྱིས་བསགས་པའི་བག་ཆགས་རྗེས་དྲན་ཚུལ་གྱིས་ད་ལན་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་འདིར་རྒྱུ་ཟས་ནོར་གཏམ་སྙན་གྲགས་འཁོར་ལོངས་སྤྱོད་སོགས་འཇིག་རྟེན་འདིར་དགའ་བདེར་གྲགས་པའི་རྣམ་གཡེང་ལེ་ལོའི་དབང་དུ་ལྟོ་རྒྱབ་རྒྱན་གོས་ཀྱིས་རན་པར་མི་ཚེ་བསྐྱལ་ན་དལ་འབྱོར་ཆུད་ཟོས་སུ་འགྲོ་བར་དགོངས་ཏེ། དལ་འབྱོར་དོན་ཡོད་ཀྱིས་རྣམ་མཁྱེན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་འཕྲུལ་ངག་གཡུང་དྲུང་གི་བོན་རིན་པོ་ཆེ་དང་འཕྲད་ཅིང༌། བཅུད་ལྡན་གྱི་བླ་མ་དགེ་བའི་བཤེས་གཉེན་དང་མཇལ་བའི་སྐབས་འདིར་སྙིང་ནས་ཐར་པ་བྱང་ཆུབ་བསྒྲུབ་པའི་འདུན་པ་ཐུགས་ལ་འཁྲུངས་ཏེ་འཁོར་བའི་རྩོལ་སྒྲུབ་ཀྱི་འདུ་ཁྲོད་དུ་བཞུགས་སྙིང་མི་འདོད་པའི་སྐྱོ་སུན་དང༌། ངེས་འབྱུང་ཚུལ་ཁྲིམས་ཀྱི་བསླབ་པ་ལ་དད་འདུན་མོས་པ་ཤུགས་དྲག་ཞིག་སྐྱེས་ནས་དམ་པ་མཆོག་གིས། ཡབ་ཡུམ་གཉིས་ལ་ང་འཁོར་བའི་ངལ་རྩོལ་བྱས་ཏེ་འདུག་སྙིང་རྩ་བ་ནས་མི་འདུག རབ་ཏུ་བྱུང་སྟེ་དགོན་པར་ཞུགས་རྒྱུའི་སེམས་ཐག་ཆོད་ཡོད་ཅེས་ཞུས་པས། ཡབ་ཡུམ་གཉིས་ནས་ཀྱང༌། སྤྱིར་འཇིག་རྟེན་སྤྱི་འགྲོས་ཀྱི་འགྲོ་ལུགས་ལྟར་ན་བུ་ཆེ་བས་ཁྱིམ་ཐབས་གཟུང་སྟེ་ཕ་མར་ཞབས་ཞུར་བསྒྲུབ་དགོས་སྲོལ་ཡོད་ཀྱང༌། ཁྱེད་ནི་ཆུང་ནས་དགེ་ལ་ཤིན་ཏུ་མོས་པ་ཅན་ཞིག་ཡོད་པས་ངེད་ཕ་མ་གཉིས་ཀྱིས་བཀག་འགོག་མི་བྱེད། འོན་ཀྱང་ད་ལྟ་གཅུང་པོ་གཉིས་ཀྱིས་ངལ་རྩོལ་བྱེད་མི་ཐུབ་པས། ཁྱེད་རང་ལོ་ཤས་ཁྱིམ་དུ་ངལ་རྩོལ་གྱིས། དེ་རྗེས་གྲྭ་བ་ལོས་བྱ་གསུངས་ནས། ཡབ་ཡུམ་གཉིས་ཀྱི་བཀའ་ཡིས་གནང་བ་ཐོབ།

དེའི་མཚམས་ཞིག་ཁོང་གིས་ཡབ་ལ་དང་པོར་ཁྱུང་པོ་རི་བོ་རྩེ་དྲུག་ལ་གནས་སྐོར་གཏང་རོགས་ཞུས་པས། དེ་དོན་ཞལ་བཞེས་གནང་བ་ལྟར་རྩེ་དྲུག་ཏུ་གནས་སྐོར་ལ་ཕེབས་ནས། ངེས་པ་དོན་གྱི་རྣལ་འབྱོར་མཁན་པོ་གཙུག་ཕུད་འོད་གསལ་རིན་པོ་ཆེ་མཆོག་དང༌། མཆོག་སྤྲུལ་རིན་ཆེན་རྒྱལ་མཚན་རིན་པོ་ཆེ་སོགས་གཙོས་ཁྱུང་པོ་ཁུལ་གྱི་བླ་སྤྲུལ་ཆེ་ཁག་ལྷན་འཛོམས་ཀྱིས་རྩེ་དྲུག་དགོན་པ་བསྐྱར་བཞེངས་མཛད་བཞིན་པ་དང་སྐབས་འཁེལ།

དེ་ཡང་རྗེ་མཉམ་མེད་རིན་པོ་ཆེའི་ས་ལམ་འཕྲུལ་གྱི་སྒྲོན་མེ་ལས། རིགས་ཡོད་པས་ན་སློང་དུ་ཡོད། །རྐྱེན་གྱིས་སློང་བས་ལམ་དང་འཕྲད། །འཕྲད་པས་སངས་རྒྱས་འབྲས་བུ་ཐོབ། །ཅེས་གསུངས་པ་ལྟར། བླ་སྤྲུལ་དེ་རྣམས་ཀྱིས་དགོན་པ་བསྐྱར་བཞེངས་གནང་བའི་མཛད་བཟང་གསེར་གྱི་ཉི་མ་མཁའ་ལ་ཤར་བ་དེས་རྐྱེན་བྱས་ཏེ་སྔོན་བསགས་དགེ་བའི་ས་བོན་གྱི་འདབ་མ་རབ་ཏུ་གྲོལ་བའི་ཉེར་ལེན་ལ་བརྟེན་པའི་ངེས་འབྱུང་ཁྱད་པར་ཅན་ཞིག་རྒྱུད་ལ་འཁྲུངས་པས་དགོན་འདིར་རབ་བྱུང་བསྒྲུབ་ནས་འདུག་རྒྱུ་ཞིག་མ་བྱུང་ན་ཐབས་མི་འདུག་དགོངས་ཏེ་ཕྱི་བཤོལ་དང་ལེ་ལོས་དབང་དུ་མི་ཤོར་བའི་ཁས་ལེན་དང་དམ་བཅའ་ཡང་ནས་ཡང་དུ་མཛད། གནས་ལ་སྐོར་བ་བརྒྱ་ལྷག་ཙམ་གྲུབ་རྗེས་རང་ཁྱིམ་དུ་ཕེབས་ནས་ཟླ་ཤས་བཞུགས་ཤིང༌། ཡབ་ཡུམ་གཉིས་ཀྱི་མདུན་མིག་ཆུ་གཏོང་བཞིན་ངུ་ངག་གིས་ང་རྩེ་དྲུག་ལ་གཏང་རོགས་ཞེས་ཞུ་བ་ཡང་ཡང་བྱས་པའི་དོན་འབྲས། དགུང་གྲངས་བཅོ་བརྒྱད། ཆུ་ཕག ༡༩༨༣ ལོའི་བོད་ཟླ་བཅུ་པའི་ནང༌། འདུལ་ཆས་ན་བཟའ་སོགས་འཚོ་གོས་ཆ་ཚང་དང་བཅས་རྩེ་དྲུག་ཏུ་ཕེབས་ཏེ་རྩེ་བླ་མཆོག་སྤྲུལ་རིན་ཆེན་རྒྱལ་མཚན་མཆོག་གི་གསེར་ཞལ་མངོན་པར་མཇལ་ཏེ་ཁོང་གི་ཞལ་སྔ་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་ནོད་པར་མཛད། ཚུལ་མིང་ཚུལ་ཁྲིམས་ཡེ་ཤེས་ཞེས་སུ་གསོལ་ཏེ་སྤང་བླང་རྣམ་བཞག་གི་ཞལ་གདམས་ཟབ་ཅིང་རྒྱས་པ་ཐོབ།

དེ་ནས་བཟུང་གཡུང་དྲུང་སེམས་དཔའི་སྒྲིབ་སེལ་ལྟུང་བཤགས་དང༌། མ་རྒྱུད་བསྐང་བཤགས། ཡང་ཟབ་ནམ་མཁའ་མཛོད་ཆེན་གྱི་ཡན་ལག་བཞི་ལྡན་བསྐང་བ། གཞན་ཡིད་དམ་གསས་མཁར་མཆོག་ལྔའི་གཞུང་ཉུང་བསྡུས་ཅི་རིགས་དང༌། ཡིག་བརྒྱ། སྙིང་པོ་རྣམ་གསུམ། བསྔོ་བ་སྨོན་ལམ་སོགས་ཀྱི་ཞལ་འདོན་རྣམས་ཉིན་ལྟར་ཆག་མེད་དུ་མཛད།

དགུང་གྲངས་བཅུ་དགུའི་ཐོག་རྩེ་དྲུག་དགོན་གྱི་སྐུ་གསུང་ཐུགས་རྟེན་བསྐྱར་བཞེངས་ཀྱི་མཐུན་རྐྱེན་ཆེད་ལྷོ་རྫོང་ཁུལ་གྱི་ཤིང་རོང་དགོན་ཁག་རྣམས་དང་མཆོད་སྡེའི་གྲོང་ཁུལ་དུ་ཞབས་བཅགས་མཛད། སྐབས་དེར་ཁོང་གི་མཛད་འཕྲིན་ངོ་མཚར་གྱི་གྲུབ་རྟགས་ཤིག་བཤད་སྲོལ་འདུག་ཀྱང༌། འཇིག་རྟེན་པའི་གཏམ་དུ་གོ་བས་འདིར་འབྲི་རྒྱུའི་ངལ་བ་མ་བྱས། འོན་ཀྱང་ཁོང་རྩེ་དགོན་དུ་ཡར་ཕེབས་ཟིན་རྗེས་གྲོང་མི་རྒན་གཞོན་སྐྱ་སེར་ཚང་མས་མཐའ་ཞུ་བླ་ཆུང་རིན་པོ་ཆེ་ཞེས་དད་འདུན་མོས་གུས་དང་དམིགས་བསལ་བསྟོད་བསྔགས་བྱེད་ཡུལ་ཞིག་ཏུ་གྱུར།

དེ་ཡང་ཀུན་འབུམ་རྩ་རྒྱུད་ལས། རིག་པའི་གནས་ལྔ་མ་སྦྱང་བར། །ཐམས་ཅད་མཁྱེན་པ་མི་འགྱུར་ཏེ། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །སྒོ་འགག་དབང་པོས་མཐོང་བ་མིན། །ཞེས་དང༌། མཛད་པ་དྲུག་ཅུ་པའི་མདོ་ལས། གཤེན་རབ་སྐུ་ཡི་འདུལ་བསྟན་རྫོགས་ན་ཡང༌། །མ་འོངས་འགྲོ་ཀུན་ཐར་པར་འདྲེན་པའི་དཔལ། །གསུང་དང་ཐུགས་ཀྱི་བསྟན་པ་རིམ་གྱིས་འབྱུང༌། །དེ་ཚེ་ང་ནི་མི་འབྱོན་ཡི་གེ་འབྱོན། །རྒྱལ་བའི་བསྟན་པ་ཡི་གེས་འཛིན་དགོས་པས། །འཕྲུལ་གྱི་ཡི་གེ་འདི་ལ་ཀུན་གྱིས་བཀུར། །ཞེས་དང༌། བྱང་སེམས་གབ་པ་ལས། མ་རྟོགས་སེམས་ཅན་ཚིག་གིས་མ་འཁྲིད་ན། །མུན་པའི་མཛུབ་གཡུག་དེས་ཀྱང་བརྡ་མི་འཕྲོད། །ཅེས་གསུངས་པ་ལྟར། ཁོང་དགུང་གྲངས་ཉི་ཤུ་བཞེས་པའི་ཤིང་གླང་ལོར་རྩེ་དྲུག་མཆོག་སྤྲུལ་རིན་ཆེན་རྒྱལ་མཚན་མཆོག་གིས་ཐུགས་བསྐྱེད་བླ་ན་མེད་པའི་བཀའ་དྲིན་འོག་མཁས་བཙུན་བཟང་གསུམ་གྱིས་ཐུགས་རྒྱུད་རབ་ཏུ་བརླན་པའི་སྐྱེས་མཆོག་དམ་པ་ཀ་ལེགས་གཡུང་དྲུང་གླིང་གི་རྣ་ལོང་རྟོགས་ལྡན་ཡེ་ཤེས་དབང་ལྡན་མཆོག་གདན་འདྲེན་ཞུས་ཏེ། རྩེ་དགོན་འདུས་གྲྭ་ཡོངས་ཀྱིས་བརྡ་སྤྲོད་ཉེར་བདུན་རྩ་འགྲེལ་དང༌། རྩིས་སྐར་ནག་སོགས་སློབ་སྦྱོང་བྱས་པའི་སྐབས་དེར། ཁོང་གིས་འཆད་རྩོད་རྩོམ་གསུམ་སོགས་ཤེས་བྱ་རིག་པའི་གཞུང་ལུགས་མཐའ་ཡས་པ་ཞིག་གི་ཚིག་དོན་བདེ་བླག་ཏུ་རྟོགས་ཐབས་ཀྱི་གཞི་རྩའི་ཐོག་མར་ཡི་གེའི་དག་སྦྱོར་འདི་ཤིན་ཏུ་དགོས་གལ་ཆེ་བ་གཟིགས་ཏེ། རྒན་ཡེ་ཤེས་དབང་ལྡན་གྱི་མདུན་ནས། བརྡ་སྤྲོད་ཉི་ཤུ་བདུན་པ་དང༌། བརྡ་སྤྲོད་ཉི་ཤུ་བདུན་པའི་རང་འགྲེལ་གཤེན་བསྟན་གསལ་བའི་ཉི་མ། བརྡ་དག་རིན་ཆེན་གཏེར་ཁྱིམ་བཅས་ལ་བརྩོན་འགྲུས་བསྐྱེད་གནང་སྟེ་སློབ་སྦྱོང་གནང་བས་དོན་འབྲས་བརྡ་སྤྲོད་རིག་པའི་གཞུང་བཟང་ལ་མཁྱེན་ཡོན་ཕུལ་དུ་ཕྱིན་པ་ཞིག་ཏུ་གྱུར།

དགུང་གྲངས་ཉེར་གཅིག་བཞེས་པའི་མེ་སྟག་ ༡༩༨༦ ལོར་རྩེ་བླ་མཆོག་སྤྲུལ་རིན་ཆེན་རྒྱལ་མཚན་མཆོག་གིས་ཐུགས་དགོངས་ལ་དེ་སྔོན་སངས་རྒྱས་གཡུང་དྲུང་བོན་གྱི་བཤད་སྒྲུབ་སྒོམ་པའི་འདུས་སྡེ་ཕྱོགས་གང་སར་ཡོད་ཅིང༌། རྒྱལ་བསྟན་དར་ཞིང་རྒྱས་པའི་སྒང་ལ་དུས་རིམ་འཕོ་འགྱུར་གྱི་ནང་དུ་ལས་རྐྱེན་ངན་པས་དབང་གིས་རེ་ཞིག་རྒྱལ་བསྟན་གསེར་གྱི་ཉི་མ་ནུབ་རིའི་ཕག་ཏུ་ཡིབ་ཀྱང༌། ལས་འབྲས་ཀྱི་འགྱུར་ལྡོག་ཐེངས་གཅིག་སོང་བའི་དུས་སྐབས་འདིར་སླར་ཡང་དགོན་འདིར་རྒྱལ་བསྟན་བཤད་སྒྲུབ་སྒོམ་པའི་དར་ཆེན་གསར་དུ་འཛུགས་ཐུབ་མིན་གྱི་འོས་འགན་རང་གི་ཕྲག་ཏུ་བབས་ཡོད་པར་དགོངས་ཏེ། ཁོང་གི་ཐུགས་བསྐྱེད་བླ་ན་མེད་པའི་འོག་དེ་སྔོན་ཤར་རྫའི་སྒྲུབ་གྲྭ་ཞེས་པ་ཞིག་ཚུགས་ཡོད་པ་དེ་ཉིད་བསྐྱར་དུ་འཛུགས་དགོས་པའི་འཆར་གཞིའི་འོག གྲུབ་དབང་ཤར་རྫ་པའི་སློབ་བརྒྱུད་འབྲོག་པ་གཙུག་ཕུད་ཚུལ་ཁྲིམས་མཆོག་སྒྲུབ་གྲྭའི་མཁན་པོར་བསྐོ་གཞག་མཛད་སྟེ། གྲྭ་པ་བདུན་ཕྲག་གཅིག་ཙམ་སྒྲིག་འཛུགས་གནང་བའི་སྐབས་བླ་གྲྭ་རྣམས་ང་ཞུགས་ཁོ་ཞུགས་ཀྱིས་ཧབ་ཐོབ་ཚབས་ཆེན་ཡོད་པར་བརྟེན་བླ་གྲྭ་ཡོངས་རྫོགས་ཀྱི་མཚན་རིལ་སྒྲིལ་ཏེ། ཡི་དམ་གྱི་དཀྱིལ་འཁོར་ཞལ་ཕྱེས་ནས་ཤོག་རིལ་བདུན་འཕང་པའི་ནང་མཐའ་ཞུ་ཚུལ་ཁྲིམས་ཡེ་ཤེས་ཁོང་ཡང་ཐོན་ཏེ་རྩེ་དགོན་སྒྲུབ་གྲྭའི་ནང་དུ་སྒྲིག་ཞུགས་མཛད།

དེ་ནས་བཟུང་ཁོང་གིས་ཀུན་སློང་ལོག་དམན་འཁྱལ་གསུམ་གྱི་དྲི་མས་ཐུགས་རྒྱུད་མ་བསླད་མ་གོས་པར་ཡང་དག་པ་གཞན་ཕན་བྱང་ཆུབ་སེམས་ཀྱི་རྨང་གཞི་ལེགས་པར་བཏིང་སྟེ། དེ་ཡང་མཛད་མདོ་འབྲིང་པོ་ལས། སེམས་བསྐྱེད་སྐྱབས་འགྲོ་འབྲེལ་བ་བོན་གྱི་གཞི་མ་ཡིན། །ཞེས་དང༌། གཟུངས་ཆེན་ལས། ཐམས་ཅད་ཀུན་གྱི་ས་བོན་རིན་ཆེན་སེམས། །ཞེས་དང༌། མཛད་མདོ་རྒྱས་པའི་བདུད་ཁམས་ཐར་པར་བཀོད་པའི་མདོ་ལས། རྒྱུ་ཞེས་བྱ་བ་སྔོན་དུ་བཏང་ནས་ཀྱང༌། །འབྲས་བུ་བྱ་བ་རྗེས་སུ་འཐོབ་ཚུལ་ནི། །སེམས་བསྐྱེད་སྔོན་དུ་བཏང་བའི་རྒྱུ་ལས་སུ། །འབྲས་བུ་བྱང་ཆུབ་མྱུ་གུ་འཁྲུངས་ནས་ནི། །ཐུགས་རྗེ་གཞན་ཕན་ལོ་ཐོག་སྨིན་པ་ཡི། །སྐྱེ་འགྲོ་སེམས་ཅན་གསོས་སུ་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར། གཞུང་དེ་དག་གི་ཚིག་དོན་རྣམས་ཡ་མ་བྲལ་བར་རྒྱུད་ཐོག་ཏུ་ལེགས་པར་བླངས་ནས། ཡོངས་རྩེ་བླ་མེད་རྫོགས་པ་ཆེན་པོའི་ལྟ་བའི་མཐིལ་ཟབ་མོའི་དགོངས་པ་གོམ་སྟབས་གཅིག་གིས་ཆོད་པར་མཛད་པོ་མཚན་ཡོངས་གྲགས་འཇའ་ལུས་པ་གྲུབ་དབང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་མཆོག་གིས་སངས་རྒྱས་གཡུང་དྲུང་བོན་གྱི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་སྙིང་དོན་ཟབ་ཅིང་རྒྱ་ཆེ་བ་རྣམས་ཀྱི་དགོངས་དོན་དཔྱད་པ་གསུམ་གྱིས་བྱི་དོར་ལེགས་པར་བགྱིས་གནང་བ། རྒྱུད་སྡེ་རྒྱ་མཚོའི་དགོངས་བཅུད། ཟབ་དོན་རིག་པའི་གཞུང་ལུགས། བདེ་ཆེན་ཐར་ལམ་བགྲོད་པའི་ཐེམ་སྐས། སྲིད་པའི་མཚོ་ཆེན་སྒྲོལ་བའི་གྲུ་གཟིངས། མ་རིག་ལིང་ཏོག་སེལ་བའི་གཉེན་གཅིག་པུ། ཚིག་དོན་གནད་ཐོག་ཏུ་གོ་སླ་བ་དང༌། མ་རིག་དུག་ལྔའི་དབང་གིས་རང་རྒྱུད་ཀོ་གྱོང་ལྟ་བུར་གནས་ན་ཡང༌། གཞུང་འདི་ལ་ཐོས་བསམ་བྱས་པ་ཙམ་གྱིས་དུག་ལྔ་རང་ཞི་རང་ཡལ་དུ་འགྲོ་བས་བྱིན་རླབས་ཀྱི་ཚན་ཁ་མཐའ་ཡས་པ་མངའ་བའི་གསུང་རབ་སྔོན་འགྲོའི་ཁྲིད་རིམ་བཀའ་ལུང་རྒྱ་མཚོ་དང་མཛོད་ལྔ་སོགས་གཞུང་དུ་མར་འཆད་རྩོད་རྩོམ་པའི་བཤད་སྒྲུབ་བསྟན་པའི་འཁོར་ལོ་ཡོངས་སུ་བསྒྱུར་བར་ནུས་པའི་མཁས་བཙུན་གྲུབ་པའི་བདག་ཉིད་ཆེན་པོ། མཁན་འབྲོག་པ་གཙུག་ཕུད་ཚུལ་ཁྲིམས་མཆོག་གི་ཞབས་ཀྱི་པད་མོར་སྒོ་གསུམ་གུས་པ་ཆེན་པོས་སྤྱི་བོར་བཀུར་ནས། དམ་པ་མཉེས་པའི་ནོར་དྲུག་དང་ལྡན་པ་བྱས་ཏེ་སྒྲུབ་གྲྭའི་ནང་ཞུགས་པས། ཐོག་མར་སྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོའི་ཐུན་མོང་ཕྱི་ཡིའི་སྔོན་འགྲོ་དང༌། ཐུན་མིང་ནང་གི་སྔོན་འགྲོ་བཅས་ལ་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར། ཐོས་བསམ་སྦྱང་སྟོབས་ཀྱི་ཤེས་རབ་ཆེས་ཕུལ་དུ་ཕྱིན་པ་ཞིག་མཛད། གཞུང་དེའི་ཚིག་དོན་རྣམས་རྒྱུད་ཐོག་ཏུ་ཡིད་ལ་འཁུལ་ངེས་པར་བྱས་ཏེ། ཐོག་མར་སངས་རྒྱས་གཡུང་དྲུང་བོན་གྱི་འཇུག་སྒོ་དཀོན་མཆོག་གསུམ་མམ་ཡུལ་མཆོག་གནས་བཞི་ལ་སྐྱབས་སུ་འགྲོ་བ་དང༌། གཞན་ཕན་བྱང་ཆུབ་སེམས་ཀྱི་རྨང་གཞི་ལེགས་པར་བཏིང་ནས་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ་ལྟར་གྱི་སྒོམ་བཟླས་ཟུང་འབྲེལ་གྱི་ཞག་བརྒྱ་ཕྲག་གཅིག་ལ་སྔོན་འགྲོ་འབུམ་དགུ་གྲངས་ལོན་པ་བསགས་སྦྱངས་མཛད། དེ་རྗེས་ཉེར་མཁོ་འཕོ་བའི་ཁྲིད་ལ་གསན་སྦྱོང་ལེགས་པར་མཛད་ནས། འཕོ་བ་སྦྱངས་པས་འགྲུབ་རྟགས་ངོ་མཚར་ཆེ་བ་མངོན་སུམ་ཚད་མས་མཐོང་ཡུལ་དུ་གྱུར་བར་མཛད། གཞན་ཡང་སྐྱབས་འགྲོ་ཉི་ཤུ་པ་དང༌། སྡོམ་གསུམ། བྱང་སེམས་བཅས་རྒྱུད་མ་སྨིན་པ་སྨིན་བྱེད་ཀྱི་བོན་རྣམས་ལ་ཐོས་བསམ་ཡང་ཡང་མཛད་རྗེས་རྒྱུན་སྨིན་པ་གྲོལ་བར་བྱེད་པའི་གདམས་པ་དངོས་གཞི་སྐུ་གསུམ་རང་ཤར་གྱི་དབང་གཞིའི་བྱིན་དབབ་ཅིག་ཞུས་གནང་མཛད།

དེ་ཡང་ལྷ་ཡི་བོན་ཡན་ལག་བརྒྱད་པའི་མདོ་ལས། ཡེ་ཤེས་འོད་དུ་གསལ་བས་རྡུལ་མཚོན་ཏེ། །ཏིང་འཛིན་ཟབ་མོ་འགྲོ་བའི་རྟ་བྱས་ཏེ། །བགྲོད་པ་མེད་པའི་ནགས་སུ་ཕྱིན་པར་ཤོག །ཅེས་དང༌། ལམ་མངོན་སངས་རྒྱས་པའི་རྒྱུད་ལས། ཏིང་འཛིན་ཐིག་ལེ་ཡེ་ཤེས་མི་འགྱུར་གསལ། །ཞེས་དང༌། སྨན་རིའི་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་རྩོམ་ཞི་གནས་ལག་ལེན་དུ་སུམ་བརྒྱ་པ་ལས་ལུང་དྲངས་པར། གཡོ་མེད་རྩེ་གཅིག་ལྡན་པའི་སེམས་ཀྱིས་ནི། །དེ་ཉིད་གསལ་བར་རྟོགས་ཤིང་བརྟན་པ་དང༌། །གང་ལ་དམིགས་པའི་དགེ་བ་སྟོབས་ཆེ་ཞིག །སྤྱན་སྔ་མངོན་ཤེས་སོགས་ཀྱང་འབྱུང་བའི་རྒྱུ། །དེ་ཕྱིར་ལུས་སེམས་ལས་རུང་བསྒྲུབ་པ་ཡི། །གསལ་ལ་མི་རྟོག་ཏིང་འཛིན་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར། སེམས་ཕྱི་རོལ་དུ་གཡེང་བ་ཞི་ནས་རང་ཉིད་ཀྱིས་གང་ལ་དམིགས་པ་དེ་ཉིད་ལས་གཞན་པའི་རྣམ་པ་གང་ལ་མི་ཡེངས་མི་གཏོང་བར་འཛིན་པའི་གཟེར་ཐོབ་པའི་ཏིང་ངེ་འཛིན་དཀྱུས་མ་མ་ཡིན་པར་གཤའ་མ་ཞིག་རྒྱུད་ལ་ཡོད་ན། ཞྭ་དཀར་གཡུང་དྲུང་བོན་གྱི་ལྟ་བའི་མཐིལ་ཟབ་མོ་སེམས་ཉིད་ངོ་བོ་ཉིད་ཀྱི་གནས་ལུགས་ཏིང་ངེ་འཛིན་དེ་ཉིད་ཀྱིས་གྲོགས་དང་སྒྲིལ་ནས་བསྒོམས་པས། ས་ལམ་གྱི་ཡོན་ཏན་ཉམས་རྟོགས་གོང་འཕེལ་དུ་འགྲོ་སླ་བ་དང༌། ཏིང་འཛིན་ཤེས་རབ་ཚད་ལྡན་དུ་བཅས་པས་སྒོ་ནས་ཕ་རོལ་ཕྱིན་པ་བཅུ་སོགས་མཚན་བཅས་དང་མཚན་མེད་ཀྱིས་བསྡུས་པའི་དགེ་བ་གང་བྱས་པ་ཐམས་ཅད་སྟོབས་ཆེན་པོར་འགྱུར་བས་དགོས་པ་ཁྱད་པར་ཅན་དུ་མ་ཡོད་པར་བརྟེན་དམ་པ་མཆོག་གིས་དང་ཐོག་ཞི་གནས་བསྒྲུབ་པས་ཚུལ་རྣམས་ཁོང་དུ་ཆུད་པར་བྱས་ཏེ། དེ་རྗེས་ཏིང་ངེ་འཛིན་རྒྱུད་ཐོག་ཏུ་སྨིན་པའི་ཕྱིར། འོད་ལྔ་འཁོར་གྱི་ཡི་གེ་ཨ་དཀར་པོ་ཞིག་དམིགས་རྟེན་དུ་བཅོལ་ནས་སྒོམ་པ་ཡང་ཡང་བྱས། དེ་རྗེས་ཏིང་ངེ་འཛིན་གྱི་བརྟན་ཆས་ཀྱང་བྱུང་བ་དང་བསྟུན། ལྷག་མཐོང་གི་རིག་པ་སེམས་ཉིད་ངོ་བོའི་གནས་ལུགས་ཀྱི་ཡིན་ཚུལ་ཚིག་སྐམ་ཙམ་གྱིས་ངེས་པ་མ་ཡིན་པར། དོན་ཉམས་མྱོང་དཔྱད་སྒོམ་གྱིས་ཐོག་ནས། ངེས་ཤེས་རྙེད་རིམ་བཞིན་སེམས་ཉིད་རིག་པའི་ཡིན་ཚུལ་འདི་ལྟར་ཞེས་མཁན་འབྲོག་པ་གཙུག་ཕུད་ཚུལ་ཁྲིམས་མཆོག་ལ་རྒྱུགས་ཕུལ་བས། མཐར་མཁན་རིན་པོ་ཆེའི་དགོངས་པ་དང་ངོ་བོ་གཉིས་སུ་མ་མཆིས་པ་ཞིག་བྱུང༌། སྐབས་དེ་དང་བསྟུན་རྩེ་བླ་མཆོག་སྤྲུལ་རིན་པོ་དང་མྱོང་གྲུབ་ཀྱིས་མཚམས་པ་སྐྱེས་མཆོག་སེམས་དཔའི་རྣམ་རོལ་ཡེ་ཤེས་རྒྱལ་མཚན་བཅས་ནས་མན་ངག་ཟབ་དོན་གྱི་དགོངས་བཅུད་རང་བྱུང་རིག་པའི་ལྟ་བ་འདི་ལྟར་ཞེས་སེམས་དམར་ཐག་ཆོད་པས་བྱིན་རླབས་ཀྱི་ཚན་ཁ་བུམ་པ་གང་བྱོའི་ཚུལ་དུ་བཞེས་གནང་མཛད།

གཞན་ཡང་མཁན་གཙུག་ཕུད་ཚུལ་ཁྲིམས་རིན་པོ་ཆེའི་མདུན་ནས་སྡེ་སྣོད་མཛོད་ཀྱི་ཞི་ལྷག་སྐོར་དང༌། སྡེ་སྣོད་མཛོད་སྨད་དུམ་སྔགས་ཀྱི་ལྟ་སྒོམ་བསྐྱེད་རིམ། གསང་སྔགས་བསྐྱེད་རྫོགས་བཅས་ལ་ཐོས་བསམ་གྱི་སྦྱང་པ་ཡང་ཡང་མཛད་ནས། དམ་པ་ཁོང་དགུང་ལོ་ཉེར་གཅིག ལོ་དེའི་དགུན་ཁ་རྩ་རླུང་སྦྱོང་རྒྱུའི་བཀོད་སྒྲིག་ཐོག་སྐུ་གསུམ་རང་ཤར་གྱི་ཐུན་མོང་གཏུམ་མོའི་སྐབས་ཀྱི་རྩ་རླུང་ཐིག་ལེའི་སྐོར་དང༌། བསྐྱེད་རྫོགས་ནང་གི་ཞི་བའི་གཞལ་ཡས་ཁང་དང༌། གཏུམ་མོའི་ནང་སྟང་ར་རྣམ་གསུམ་བཅས་བློར་ངེས་པར་བྱས་ཏེ། སྐུ་གསུམ་རང་ཤར་གྱི་སྒྲུབ་སྒོ་དམ་དུ་བསྡམས་ཏེ་ཞག་བརྒྱ་ཕྲག་གཅིག་ལྷག་ཏུ་བསྐྱེད་རྫོགས་ཟུང་འབྲེལ་གྱི་ངང་ནས་རྩ་རླུང་སྦྱང་ཞིང་བཅུད་ལེན་བཅས་སྦྱང་པ་མཐར་སོན་གྲུབ་རྟགས་ཐོན་པར་མཛད།

དེ་རྗེས་ཀུན་བཟང་སྙིང་ཐིག་གི་ཁྲེག་ཆོད་ཐོད་རྒལ་རྫོགས་ཆེན་སྐུ་གསུམ་རང་ཤར་སྐོར་གྱི་ཐབས་ལམ་སྡེ་དྲུག སྡེ་སྣོད་མཛོད་ཀྱི་ཐབས་ལམ་སྐོར་བཅས་ལ་ཐོས་བསམ་སྒོམ་པའི་སྦྱངས་པ་ཡང་ཡང་མཛད་ཅིང༌། ཟུར་དུ་ལུང་རིག་མཛོད་ཀྱི་སྒོ་ནས་ཐེག་དགུའི་རྣམ་བཞག་དང་ལེགས་བཤད་མཛོད་ཀྱི་སྒོ་ནས་བོན་གྱི་ལོ་རྒྱུས། གཤེན་གྱི་མཛད་རྣམ་རྒྱས་པ་མདོ་དྲི་མེད་གཟི་བརྗིད་བཅས་ཀྱི་ཁྲིད་ལུང་དུ་མ་ཞུས་ཤིང༌། ཐེག་པ་གོང་འོག་གི་ཁྱད་པར་སྤྱི་དང་སྒོས་སུ་རྒྱུད་སྡེ་ཕྱི་ནང་གི་དབྱེ་འབྱེད་སོགས་གཡུང་དྲུང་བོན་གྱི་བསྟན་པའི་འབྱུང་ཁུངས་དང༌། སངས་རྒྱས་གཡུང་དྲུང་བོན་བསྟན་འཛམ་གླིང་ཡུལ་གྲུ་ཁག་ཏུ་དར་ཚུལ། ཁྱད་པར་ཞང་བོད་ལྗོངས་ཀྱི་གྲུབ་ཐོབ་རིག་འཛིན་གོང་མ་རྣམས་ཀྱི་མཛད་རྣམ་སྐོར་དང༌། ཞང་བོད་རྒྱལ་རབས་ཀྱི་ལོ་རྒྱུས། དྲང་དོན་མུན་སེལ་སྒྲོན་མའི་གཞུང་དུ་འཕྲོས་པའི་ཡིད་ཀྱི་བརྟན་པ་འཕྲོག་པའི་གཏམ་རྒྱུད་ཅེས་སྒོ་གང་ལ་མ་འགག་པ། ཡིད་ཤར་རྒྱུགས་ཀྱིས་ཐོགས་མེད་དུ་སྨྲ་བའི་ལྗགས་འདབ་མཆོག་ཏུ་གྱུར་པ། སྒྲུབ་གྲྭ་ནང་ཞུགས་ཀྱི་སློབ་མ་ཀུན་གྱི་ནང་ནས་འབུར་དུ་ཐོན་པ་ཞིག་བྱུང༌། སྐབས་དེར་ཐོས་བསམ་སྒོམ་པའི་སྦྱང་པ་བྱེད་རྒྱུའི་གཞུང་གཙོ་བོ་གྲུབ་དབང་ཤར་རྫ་རིན་པོ་ཆེའི་མཛོད་ལྔ་སོགས་ཟབ་མོའི་གཞུང་རྣམས་དང༌། གཞན་མན་ངག་སེམས་ཕྱོགས་ཀྱི་བོན་སྡེ་འགའ་ཞིག་ལ་ཐོས་བསམ་སྒོམ་པའི་སྦྱང་པ་ལེགས་བསྒྲུབས་སུ་བྱུང་བ་དང་འབྱུང་བཞིན་པའི་སྒང་ཡིན་ཀྱང༌། ལྷག་དོན་དུ་སངས་རྒྱས་གཡུང་དྲུང་བོན་གྱི་གྲུབ་མཐའ་འཛིན་པའི་སྐྱེས་བུ་རྣམས་ལ་མེད་ན་ཐབས་ཆག་པ། ཡོད་ན་དོན་ཆེ་བའི་ཚད་མ་རིག་པའི་གཞུང་ལ་ཐོས་བསམ་གྱི་སྦྱང་པ་ནན་ཏན་དུ་མ་བྱས་ན། སངས་རྒྱས་ཀྱི་བསྟན་པ་ལ་མ་རྟོགས་པའི་བློ་དང༌། ལོག་རྟོག་རྨོངས་པའི་སྒྲོ་འདོགས་མཐར་ཐུག་པ་ཞིག་མི་ཆོད་པ་འདུག་པས། ད་རེས་ྋསྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་མདུན་དུ་འགྲོ་ནས་ཚད་མ་རིག་པའི་གཞུང་ལ་སློབ་སྦྱོང་བྱེད་དགོས་དགོངས་ཏེ། དམ་པ་མཆོག་དགུང་གྲངས་ཉེར་གཉིས་ཕྱི་ལོ་ ༡༩༨༧ ལོའི་བོད་ཟླ་ལྔ་པའི་ནང་རྩེ་དགོན་ནས་ཁྱུང་འཐོར་ལ་སོགས་ལྷོ་ལམ་བརྒྱུད་དེ་ཀོང་པོ་བོན་རིར་ཕེབས་ནས་གནས་མཆོག་བོན་རི་ཆེན་པོ་ལ་ཞབས་སྐོར་ཁ་ཤས་ཕེབས། དེ་ནས་ལྷ་ས་དང་མངའ་རིས་ནས་རིམ་པར་ཕེབས་ཀྱང༌། ལམ་བར་གེགས་རྐྱེན་རིམ་འཕྲད་ཀྱིས་ྋསྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་མདུན་དུ་ཕེབས་ཐུབ་མ་བྱུང་བར་ཕྱིར་ལོག་ཕེབས་དགོས་བྱུང་སྟེ། བྱ་རི་གཙུག་ལྡན། དཔལ་ལྡན་མཁར་སྣ་སོགས་གནས་འཇལ་ཙམ་གནང་ནས་གཙང་ཐོབ་རྒྱལ་བཀྲ་ཤིས་སྨན་རིའི་དགོན་དུ་ཕེབས་ཐུབ་པ་བྱུང༌། སྐབས་དེར་གྲྭ་ས་སྨན་རིའི་མཚན་ཉིད་བཤད་གྲྭའི་སློབ་དཔོན་དུ་ཤེས་རབ་མཆོག་ལྡན་ཡར་གདན་འདྲེན་ཞུས་ཏེ་མཚན་ཉིད་བཙུགས་པ་དང་སྐབས་འཁེལ་འདུག་གསུངས། དམ་པ་མཆོག་ལམ་བར་གྱི་སྐྱོ་གདུང་ཕྲན་ཙམ་བྱུང་བ་རྣམས་སངས་ཀྱིས་དག་ནས། དགའ་སྤྲོའི་སྣང་བ་ཚད་མེད་པ་ཞིག་བྱུང་སྟེ། ད་རེས་ྋསྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་མདུན་དུ་སླེབས་ཐུབ་མ་བྱུང་ཡང༌། ཐག་རིང་ནས་ཡོང་བའི་དོན་དག་ཕྲན་ཙམ་འགྲུབ་འགྲོ་བ་འདུག་དགོངས་ནས་སྨན་རིའི་མཚན་ཉིད་བཤད་གྲྭའི་ནང་དུ་སྒྲིག་ཞུགས་མཛད། དེ་ནས་བཟུང་རྒན་ཤེས་རབ་མཆོག་ལྡན་རིན་པོ་ཆེ་མཆོག་སྒོ་གསུམ་གྱི་ཐུགས་ཟིན་པར་མཛད་དེ། ཡོངས་འཛིན་བསྟན་རྣམ་རིན་པོ་ཆེས་མཛད་པའི་ངོས་འཛིན་བློ་གསར་འཇུག་སྒོ་ནས་དབུ་བཟུང་སྟེ། མཁན་ཆེན་ཉི་མས་མཛད་པའི་ཐུན་མོང་བསྡུས་གྲྭའི་རྣམ་བཤད་བཅས་ལ་སློབ་སྦྱོང་ཕུལ་དུ་ཕྱིན་པ་གནང་ཞིང༌། བསྡུས་གྲྭའི་གཞུང་རྣམས་ལ་སྦྱང་པ་ལེགས་པར་བསྒྲུབས་སུ་མཛད། གཞན་ཟུར་དུ་རིག་གནས་འགའ་ཞིག་ལ་སློབ་སྦྱོང་བྱས་པའི་སྐོར་ལ་བཟོ་རིག་པ་དང༌། སྤྱི་སྤུངས་ཞི་དྲག་གི་དཀྱིལ་འཁོར་ཐིག་རྩ་སྤྱི་དང༌། བྱེ་བྲག་ཏུ་ཡི་དམ་ཕྱི་ནང་གསང་གསུམ་གྱི་དཀྱིལ་འཁོར་བྲི་བཀོད་དང༌། ཕྱི་རིག་པ། འབྱུང་རྩིས་དང༌། ཀེག་རྩིས། ཚེ་རབས་ལས་རྩིས། གཤིན་རྩིས་ཁག་གསུམ་གྱི་སྐོར་དང༌། གཞན་དུ་དག་སྙན་ངག་ཡི་གེའི་འབྲི་གཟུགས་བཅས་ལ་སྦྱངས་པ་ནན་ཏན་དུ་མཛད་པས། རིག་གནས་ཁག་ལ་མཁྱེན་རྒྱ་མཆོག་ཏུ་ཡངས་པ་ཞིག་བྱུང༌། དེ་རྗེས་སློབ་དཔོན་མཆོག་སྨན་དགོན་དུ་ཡུན་རིང་བཞུགས་རྒྱུ་མ་བྱུང་བའི་དབང་གིས་ཁོང་རྣམས་ཀྱི་སློབ་ཁྲིད་མཚམས་དེའི་སྐོར་ལ་ལུས་སོང་གསུངས།

དེ་ནས་ཁོང་ར་ལག་གཡུང་དྲུང་གླིང་དང༌། བཟང་རི་རྨེའུ་ཚང་དགོན་བཅས་སུ་མཆོད་མཇལ་དང་གནས་སྐོར་དུ་བྱོན་བཞིན་པའི་སྐབས། ཧོར་དྲུག་ཅུའི་ཨ་ཀྲོང་རི་ཁྲོད་དུ་ཁ་བོ་རྟོགས་ལྡན་བེ་རུ་རྣམ་གཉིས་ལྷན་འཛོམས་ཀྱིས་རྒྱལ་བའི་བཀའ་འགྱུར་ཆེན་མོའི་ལུང་གནང་གྲུབ་ཡོད་པ་ཐོས་པས་ཨ་ཀྲོང་རི་ཁྲོད་དུ་ཕེབས་ཤིང༌། ཧོར་གྱི་རྟོགས་ལྡན་རྣམ་གསུམ་གཅིག་རྗེས་གཉིས་མཐུད་དུ་ཞལ་མཇལ་བྱུང༌། དེའི་མཚམས་རྟེན་འབྲེལ་ཟླ་ཚེས་བཟང་པོ་ནས་དབུ་བཟུང་སྟེ། རྒྱལ་བའི་བཀའ་འགྱུར་ཆེན་མོའི་ལུང་གནང་བ་ནས་བཟུང༌། མཐར་མཇུག་མ་སྒྲིལ་གྱི་བར་དུ་བཞུགས་རྒྱུ་བྱུང་ནས་རྒྱལ་བའི་བཀའ་འགྱུར་ཆེན་མོའི་ལྗགས་ལུང་ཆ་ཚང་ཐོབ། གཞན་མེ་རིས་གཙོས་ཡི་དམ་འགའ་ཞིག་གི་དབང་གཞི་བཅས་ཐོབ་ཡོད་པར་གསུངས།

དེའི་སྐབས་ཞིག་ལ་ཁྱུང་པོ་རྩེ་དྲུག་དགོན་དུ་མཚན་ཉིད་བཤད་གྲྭ་འཛུགས་འཆར་ཡོད་པར་ཐོས་པས་རང་ཡུལ་དུ་མར་ཕེབས་རྒྱུའི་ཐུགས་དགོངས་བཞེས་ཏེ། རྟོགས་ལྡན་རྣམ་གསུམ་གྱི་མདུན་ནས། མན་ངག་ཟབ་གདམས་ཀྱི་ཁྲིད་ལུང་རིགས་ཞུས་ཤིང༌། དངོས་གཞི་ངོ་སྤྲོད་བཅས་རྒྱུགས་ཕུལ་ནས་སྐྱེས་མཆོག་དེ་རྣམས་ཀྱི་དགོངས་བཅུད་རྒྱུད་ཐོག་ཏུ་ལོན་ཐུབ་པར་བྱས་ཏེ། ལོ་དེའི་བོད་ཟླ་དྲུག་པའི་ནང་རང་ཡུལ་དུ་ཕེབས་གྲུབ་ཟིན།

སྐབས་དེ་དུས་ཁོང་གིས་ལོ་གཅིག་རིང་གྲོང་ནག་ཁྱིམ་ཚང་ནང་དུ་མི་འགྲོ་རྒྱུའི་ཞལ་བཞེས་གནང་འདུག་པས་ཁོང་གི་རང་ཁྱིམ་མཐའ་ཞུ་བླ་བྲང་གི་ཁང་པའི་ཡར་ཟུར་དུ་གུར་ཞིག་ཕུབ་ནས་ཡབ་ཡུམ་གཉིས་དང་སྤུན་མཆེད་ཁྱིམ་མི་ཉེ་འབྲེལ་ཡུལ་གྱི་གྲོང་མི་རྣམས་ཡིད་ཀྱི་སྐྱོ་གདུང་སེལ་བའི་ཕྱིར་གཟིམ་གུར་དེའི་ནང་སྐྱབས་སེམས་སྔོན་འགྲོ་བཅས་ཁྲིད་གནང་ནས་ཟླ་བ་གཅིག་ཙམ་རིང་བཞུགས་ཐུབ་པ་བྱུང༌།

དེ་རྗེས་ཐོག་མའི་བཞུགས་ཡུལ་རྩེ་དྲུག་དགོན་ནས་མར་ཕེབས་དགོས་པའི་བཀའ་ལན་འབྱོར་བ་ལྟར་རྩེ་དྲུག་དགོན་དུ་ཕེབས་ནས། འགྲན་བྲལ་མཆོག་སྤྲུལ་རིན་པོ་ཆེ་དང་མཇལ་འཕྲད་བྱུང་རྗེས་སྔར་ལྟར་དགོན་པའི་ནང་དུ་སྒྲིག་ཞུགས་མཛད། སྐབས་དེར་རྩེ་བླ་མཆོག་སྤྲུལ་རིན་ཆེན་རྒྱལ་མཚན་མཆོག་གིས་སྔོན་གྱི་དུས་ནས་ད་བར་དུ་བཟུང༌། གྲུབ་ཐོག་རིག་འཛིན་ཕོ་མོ་རྣམས་ཀྱི་བརྒྱུད་པའི་ཟམ་མ་ཆད་ཅིང༌། བྱིན་རླབས་ཀྱི་ན་བུན་མ་ཡལ། ཐུགས་རྗེའི་ཉག་ཐག་མ་ཆད་པའི་ཞང་བོད་མཁས་གྲུབ་དུ་མས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བས་འདུ་གནས་ཞིག་དང༌། འཆི་མེད་ཡབ་སྲས་གསུམ་གྱི་སྒྲུབ་གནས་རྨད་བྱུང་ས་ཡི་ཐིག་ལེ་འདིར་མདོ་སྔགས་བཤད་སྒྲུབ་ཀྱི་འདུས་སྡེ་ཞིག་ཚུགས་ཐུབ་ན་སེམས་ཅན་གྱི་བདེ་སྐྱིད་དང༌། སངས་རྒྱས་ཀྱི་བསྟན་པ་མི་ནུབ་ཡུན་རིང་སྲ་བརྟན་གནས་པས། བསྟན་དོན་དེ་བས་ཕན་ཐོགས་ཆེ་བ་མེད་ཚུལ་གྱི་ཐུགས་བཞེད་དང་བསྟུན། དགོན་པའི་བདག་གཉེར་ཨུ་ཡོན་ལྷན་ཚོགས་ཀྱིས་གཅིག་ཕན་གཅིག་གྲོགས་ཆར་པ་ཆུ་གྲོགས་ཀྱི་ཚུལ་དུ་རང་རང་སོ་སོའི་ནུས་པ་གང་ཡོད་དུ་འདོན་བཞིན་བྲེལ་འཚུབ་འཚུབ་ཀྱི་ངང་ནས་དཔལ་ལུང་དཀར་གཤེན་བསྟན་རིན་ཆེན་གླིང་གི་དཔོན་སློབ་དྲང་སྲོང་ཚུལ་ཁྲིམས་རྣམ་དག་རིན་པོ་ཆེ་མཆོག་གདན་འདྲེན་ཞུ་རྒྱུའི་གྲ་སྒྲིག་ལེགས་པར་ཐུབ་ཡོད་ཅེས་གསུངས། སྐབས་དེར་དམ་པ་ཁོང་ཡང་མཚན་ཉིད་ནང་དུ་སློབ་སྦྱོང་གནང་ནས་སྒྲིག་ཞུགས་བྱ་རྒྱུའི་འདུན་པ་ཡོད་ཅེས་མཆོག་སྤྲུལ་རིན་པོ་ཆེ་ལ་ཞུས་པས། ཁོང་གིས་དང་པོ་ཁྱེད་དགོན་འདིའི་བསྟན་དོན་ཆེད་སྡོམ་བུ་ལ་ཐེངས་གཅིག་ཕེབས། དེའི་མཚམས་ཁྱེད་མཚན་ཉིད་ནང་དུ་སློབ་སྦྱོང་གནང་ཐུབ་ན་ཤིན་ཏུ་ལེགས་པར་གསུངས་པས། ཁོང་ལོ་དེའི་བོད་ཟླ་དགུ་པའི་ནང་ཤིང་རོང་ཁུལ་དུ་སྡོམ་བུར་ཟླ་བ་བཞི་ལྷག་ཙམ་ཕེབས་ནས་སླར་དགོན་དུ་འབྱོར་བ་དང༌། སྐྱབས་རྗེ་མཚན་ཉིད་དཔོན་སློབ་དྲང་སྲོང་ཚུལ་ཁྲིམས་རྣམ་དག་རིན་པོ་ཆེ་རྩེ་དགོན་དུ་ཕེབས་གྲུབ་འདུག་པས་ཁོང་གིས་དཔོན་སློབ་མཆོག་གི་གསེར་ཞལ་མངོན་པར་མཇལ་ཞིང་མཚན་ཉིད་བཤད་གྲྭའྀ་ནང་དུ་ཞུགས་ཏེ་སློབ་གཉེར་བྱ་རྒྱུའི་གསུང་གླེང་མཛད་པས། དཔོན་སློབ་མཆོག་ཐུགས་ཤིན་ཏུ་དགྱེས་ཏེ་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལ་ཚད་མ་རིག་པའི་གནས་ལ་སློབ་སྦྱོང་གནང་ཐུབ་ན་ཕན་ཐོགས་ཆེ་བའི་བཀའ་སློབ་རྒྱ་ཆེར་ཐོབ་ཅིང༌། ཁོང་དགུང་ལོ་ཉེར་བཞི་ས་སྦྲུལ་ལོའི་བོད་ཟླ་དང་པོའི་ཡར་ཚེས་ཀྱི་དུས་སུ་མཁས་པའི་བྱ་བ་གསུམ་གྱིས་རྒྱལ་བསྟན་བཤད་སྒྲུབ་བསྟན་པའི་འཁོར་ལོ་ཡོངས་སུ་བསྒྱུར་བར་ནུས་པས། གསང་གསུམ་བསྟན་པའི་བདག་ཉིད་དཔལ་ལུང་དཀར་གཤེན་བསྟན་རིན་ཆེན་གླིང་གི་མཚན་ཉིད་བཤད་གྲྭའི་དཔོན་སློབ་རིན་པོ་ཆེ་མཆོག་སྒོ་གསུམ་གུས་པ་ཆེན་པོས་ཐུགས་ཟིན་པར་བྱས་ཏེ། མཚན་ཉིད་བཤད་གྲྭའི་ནང་དུ་སྒྲིག་ཞུགས་མཛད། དེ་ནས་བཟུང་དམ་པ་མཆོག་གི་མདུན་ནས་ཐོས་བསམ་སྦྱང་པས་སྐོར་༼ཅུང་ཞིག་༽སྤྲོས་པ་ལ། སྔོན་དུ་གཙང་སྨན་རི་ནས་ངོས་འཛིན་བློ་གསལ་འཇུག་སྒོ་དང༌། མཁན་ཆེན་བསྡུས་གྲྭ་བཅས་ལ་སྦྱང་པ་ལེགས་བསྒྲུབས་སུ་མཛད་ཅིང༌། ད་ལེན་སློབ་དཔོན་མཆོག་གི་མདུན་ནས། ཐོག་མར་སྤ་འབྲུག་རིན་པོ་ཆེས་མཛད་པའི་གཏན་ཚིགས་གཞུང་དོན་སྒོ་འབྱེད་བསྡུད་གྲྭའི་རྣམ་བཞག་ནས་དབུ་བཟུང་སྟེ་བསྡུས་གྲྭའི་གྷཟུང་ཁག་ལ་སློབ་སྦྱོང་ཡང་དག་པར་གནང་ཞིང༌། སྐབས་དེར་རྩེ་གོན་དུ་ཧོར་སྟོད་སྨད་བར་གསུམ་དང༌། ཁྱུང་དཀར་ནག་བཅས་ནས་འདུ་འཛོམས་བྱུང་བའི་འདུས་གྲྭ་གྲངས་ལྔ་བཅུ་ཡར་ལྷག་ཙམ་ཡོད་རེད། དེ་དུས་རྩེ་དགོན་ཤེལ་བྲག་གླིང་འདིའི་ཁོར་ཡུག་ཐམས་ཅད་ནས་འདུས་གྲྭ་རྣམས་ཀྱིས་ཚད་མ་རིག་པའི་གཞུང་དོན་ཁག་བློ་འཛིན་དང༌། དྲི་བ་དྲིས་ལན་རྩོད་སྦྱོང་བརྡར་སོགས་ཞྭ་དཀར་གཡུང་དྲུང་བོན་གྱི་རིག་སྒྲ། གཡར་གྱི་དགའ་ཚལ་གསེབ་ཏུ་སྦྲང་མའི་ཁྱུ་ཚོགས་ཀྱིས་མགྲིན་གླུ་ལྡིར་བ་ལྟ་བུའི་ཡིད་དབང་འཕྲོག་བཞིན་ཉམས་དགའ་ཞིང༌། ཨེ་མ་ངོ་མཚར་ཆེ་བའི་འདུས་སྡེ་ཞིག་ཏུ་ཆགས་སོང༌།

དེ་ལྟར་ཡུན་ཚད་རྒྱངས་སོང་བའི་སྐབས་ཧོར་ལུང་དཀར་དགོན་པའི་གྲྭ་བ་དང་སྟོད་ཕྱོགས་ཀྱི་གྲྭ་བ་ཁ་ཤས་ས་ཆུ་ཁ་མ་འཕྲོད་པའི་དབང་གིས་སྐུ་འཚོ་གཞེས་མི་བདེ་བའ་འགའ་བྱུང་བ་དང༌། ལུང་དཀར་དགོན་པས་སློབ་དཔོན་མཆོག་རང་དགོན་དུ་ཡར་ཕེབས་རྒྱུའི་རེ་འདུན་བཏོན་གནང་བ་དང་འབྲེལ། སློབ་དཔོན་མཆོག་རྩེ་དགོན་དུ་ཡུན་རིང་བཞུགས་མ་ཏོབ་པར་ ༡༩༨༨ ལོར་མར་ཕེབས་ནས་རྩེ་དགོན་དུ་མཚན་ཉིད་བཤད་གྲྭའི་བྱེད་སྒོ་སྤེལ་ཞིང༌། ༡༩༨༩ ལོའི་བོད་ཟླ་དྲུག་པའི་ནང་ལུང་དགོན་དུ་ཡར་གདན་འདྲེན་ཞུས་གནང་བ་རེད། སྐབས་དེར་རྩེ་བླ་མཆོག་སྤྲུལ་རིན་ཆེན་རྒྱལ་མཚན་རིན་པོ་ཆེས་རྩེ་དགོན་མཚན་ཉིད་བཤད་གྲྭ་བ་རྣམས་སློབ་དཔོན་དྲང་སྲོང་གཡུང་དྲུང་མཆོག་དང་ལྷན་དུ་ལུང་དཀར་དགོན་ཏུ་ཕེབས་རྒྱུའི་བཀོད་སྒྲིག་ཐོག ཁྱེད་རྣམས་པས་སློབ་དཔོན་མཆོག་ལ་གུས་བཀུར་དང༌། ཅི་གསུངས་བཀའ་དང་ལེན་ཞུས་ཏེ་སྔར་སྦྱང་པྱིས་གཏིང་འཕྲོ་མ་ལུས་པར་མ་འོངས་པ་ལ་རྩེ་དགོན་འདིར་མཚན་ཉིད་བཤད་གྲྭ་འཛུགས་ཐུབ་པའི་ཐོས་བསམ་གྱི་སྦྱང་པ་ལེགས་བསྒྲུབས་སུ་མཛད་དགོས་པར་བཀའ་སློབ་བསྩལ་ཞིང༌། ལོ་དེའི་བོད་ཟླ་དྲུག་པའི་ནང་མཐའ་ཟུ་དམ་མཆོག་དང་རྩེ་དགོན་བླ་གྲྭ་གྲངས་ཉེར་ལྔ་ཙམ་ཧོར་ལུང་དཀར་དགོན་དུ་ཕེབས་རྒྱུར་གནང༌། ལོ་དེའི་བོད་ཟླ་བརྒྱད་པའི་ནང་ལུག་དགོན་དུ་མཙན་ཉིད་བཤད་གྲྭའི་སློབ་སྦྱོང་དབུ་བརྩམས་པ་ནས་བཟུང༌། དམ་པ་ཁོག་གིས་ཐོས་བསམ་སྦྱང་པའི་སྐོར་ཅུང་ཞིག་གཟིགས་འབུལ་ཞུ་བ་ལ། སྤ་འབྲུག་རིན་པོ་ཆེས་མཛད་པའི་རིག་ལམ་དགག་སྒྲུབ་སོགས་ཀྱི་སྐོར་དང༌། ཁོང་གིས་མདད་པའི་བློ་རིག་གི་རྣམ་བཞག དཔོན་སློབ་ཡོན་ཏན་རྒྱ་མཚོས་མཛད་པའི་རྟགས་རིགས་བློ་སྒྲོམ་སྒོ་བརྒྱ་འབྱེད་པའི་ལྡེ་མིག དཔོན་སློབ་བསྟན་རྣམ་རིན་པོ་ཆེས་མཛད་པའི་མཚོན་བྱེད་ཞེ་ལྔའི་རྣམ་བཞག མཁན་ཆེན་ཉི་མས་མཛད་པའི་ཕར་ཕྱིན་སྐབས་དང་པོ། དཔོན་སློབ་རྣམ་དག་འོད་ཟེར་གྱིས་མཛད་པའི་ཕར་ཕྱིན་སྐབས་གཉིས་པ་དང་གསུམ་པ་གཞི་པ་མན་ཆད་བཅས་དང༌། དཔོན་སློབ་སངས་རྒྱས་བསྟན་འཛིན་གྱིས་མཛད་པའི་མཚན་ཉིད་གསུམ་གྱི་རྣམ་བཞག་ག་པུར་ཐེག་པ། རྗེ་རིན་པོ་ཆེས་མཛད་པའི་འདུལ་བ་མདོར་བསྡུས་ཀྱི་འགྲེལ་བ་དང་ཀུན་བཏུས་ཀྱི་འགྲེལ་བ། ཁོང་གིས་མཛད་པའི་མཛོད་འགྲེལ། སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་བཀའ་ཐེག་འགྲེལ་མེ་ལོང་དགུ་སྐོར་བཅས་ཞལ་ཁྲིད་ལེགས་པར་གསན་ཞིང༌། ཟུར་དུ་ཨ་མདོ་དགའ་མལ་དགོན་གྱིན་སློབ་དཔོན་སྐལ་བཟང་དར་རྒྱས་ཀྱིས་མཛད་པའི་བསྡུས་གྲྭ་དང་སྤ་འབྲུག་རིན་པོ་ཆེས་མཛད་པའི་རིག་ལམ་ཆེ་བའི་བསྡུས་ཚན་དྲུག་དང་རིལ་མ་ནོར་བུའི་ཕྲེང་བ། རྗེ་རིན་པོ་ཆེའི་ཚད་འགྲེལ། གཡུང་དྲུང་རྣམ་རྒྱལ་གྱིས་མཛད་པའི་བློ་རིག་གི་རྣམ་བཞག འབྲུག་རིན་པོ་ཆེས་མཛད་པའི་ཕར་ཕྱིན་སྐབས་བརྒྱད་ཀའི་མཐའ་གཅོད་བཅས་ལ་རྣམ་གཡེངས་ལེ་ལོའི་མཛད་སྤྱོད་རིང་དུ་དོར་ནས། དཀའ་ངལ་དུ་མའི་འཕྲང་རིང་ལས་བརྒལ་ཏེ། གཅིག་རྗེས་གཉིས་མཐུད་དུ་ཐོས་བསམ་གྱི་སྦྱང་བ་ལ་ངོམ་དུས་མེད་པར་སྦྱོང་པ་ལེགས་བསྒྲུབས་སུ་མཛད་པའི་དོན་འབྲས། རྣམ་གསུམ་ཤེས་རབ་ཀྱི་རྩ་སྒོ་ཡངས་པོར་བྱི་ཞིང༌། ལུང་རིག་གནམ་ལྕགས་ཀྱི་ཐོག་མདའ་མདུང་མོ་མཁའ་ལ་ལྟར། །གཞུང་ལུགས་ཐོགས་མེད་དུ་སྨྲ་བའི་ལྗགས་འདབ་མཆོག་ཏུ་གྱུར་པ་ཞིག་མཛད།

༡༩༩༢ ལོའི་བོད་ཟླ་གསུམ་པ་དང་བཞི་པ་ཡས་མས་ཙམ་དུ་རྒྱུད་གསུམ་བསྟན་པའི་བདག་ཉིད་སྨན་རིའི་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ལུང་དགོན་དུ་ཕེབས་བྱུང་བ་དང༌། མཐའ་ཞུ་དམ་པ་ཁོང་གིས་མཆོག་ཉིད་ནས་དག་པ་དྲང་སྲོང་གི་ཁྲིམས་བླང་པ་དང་ཚུལ་མིང་ཚུལ་ཁྲིསམ་ཡེ་ཤེས་རྒྱལ་མཚན་ཞེས་མིང་གི་ཅོད་པཎ་སྤྱི་བོར་གནང༌། དེ་རྗེས་སློབ་དཔོན་དྲང་སྲོང་གཡུང་དྲུང་མཆོག་སྐུ་ཁམས་མི་བདེ་བས་སྙུང་བཞེས་ཅུང་བྱུང་བའི་དབང་གི་ཁྱི་སྤྲེལ་ལོ་ ༡༩༩༢ ལོའི་བོད་ཟླ་དྲུག་པའི་ནང་ཚུན་ལུང་དགོན་ནས་མཚན་ཉིད་བཤད་སྒྲུབ་འདུས་སྡེའི་ཚོགས་པ་གྲོལ་ཏེ། མཐའ་ཞུ་དམ་པ་ཁོང་དང་བཅས་ཁྱུང་པོ་དཀར་ནག་ཁུལ་གྱི་བླ་གྲྭ་ལྷན་འཛོམས་རང་ཡུལ་དུ་མར་ཕེབས་པ་དང༌། མཐའ་ཞུ་མཆོག་དང་རྩེ་དགོན་བླ་གྲྭ་རྣམས་དགོན་བཞུགས་ཀྱི་བླ་གྲྭ་ཚང་མ་ཐུན་མཚམས་གསར་པའི་མཛེས་སྡུག་འཕྲོག་པའི་སེར་ཕྲེང་ཚར་དུ་དངར་བ་ཞིག་སྒྲིག་མཛད་དེ། བཀྲ་ཤིས་ལྷ་དར་སྲིད་ན་རིང་བའི་སྣ་དྲངས་ཏེ། རོལ་ཆ་སྣ་ཚོགས་པའི་སྙན་འཇེབས་དབྱངས་དང་ལྡན་པར་གསེར་གདུང་འདུ་ཁང་ཐོག་བརྩེགས་གཉིས་པའི་ཁང་ཆེན་དུ་གདན་འདྲེན་ཞུས་ཏེ། གསོལ་སྟོན་ཕུན་སུམ་ཚོགས་པར་གཟབ་རྒྱས་ལེགས་པར་མཛད་འདུག དེ་རྗེས་བཤད་གྲྭ་བ་རྣམས་གང་སྐུ་མཆོག་སྤྲུལ་རིན་པོ་ཆེ་མཆོག་མཇལ་ཁ་ལ་ཕེབས་པ་དང༌། མཆོག་ཉིད་ནས་ཤིས་བརྗོད་བཀའ་སློབ་གནང་བ་དང་འབྲེལ། ངོ་མཚར་རྟགས་བརྒྱད་ཀྱི་རི་མ་མ་ཉམས་པའི་བཀྲ་ཤིས་ལྷ་དར་རེ་མགུལ་དུ་གསོལ་ཞིང་རྩེ་དགོན་བླ་གྲྭ་ཡོངས་རྫོགས་རྟེན་འབྲེལ་ལྷུན་ཆགས་པ་ལྟར་གནས་སོ། །

དལ་རྟེན་ཨུ་དཔལ་ལྡེམ་པའི་ཁོང་གསེང་ལ། །

རྨད་བྱུང་སྡོམ་ཁྲིམས་གཙང་མའི་ཟེའུ་འབྲུ་དང༌། །

བཀའ་སློབ་ནུས་པའི་རྩི་བཅུད་མཐའ་ཡས་པ། །

འགྲོ་ཁམས་རྐང་དྲུག་གསོས་སུ་བཞེས་གནང་མཛད། །

 

ཐོས་བསམ་སྒོམ་པའི་དོན་སྙིང་ཕུང་པོའི་གཏེར། །

མཁྱེན་བརྩེ་ནུས་པའི་འོད་སྟོང་གཡོ་བ་ཅན། །

གང་སྐུ་རང་ཡུལ་ཕྱོགས་སུ་སྒྱུར་དང་ལྷན། །

མཐའ་ཀླས་འགྲོ་རྣམས་ཕན་བདེའི་སྣང་བ་འབར། །

 

རིགས་བཟང་གསེར་ཞུས་ཞིང་ས་ཡངས་པའི་ཁར། །

བསླབ་པ་གསུམ་གྱི་ལོ་འབྲས་ཡོངས་སུ་སྨིན། །

སྡེ་སྣོད་གསུམ་ལ་བློ་གྲོས་ཆེར་རྒྱས་པའི། །

གཞན་ཕན་སྙིང་རྗེའི་བདག་ཉིད་ཁྱེད་ལས་སུ། །

ཞེས་བར་སྐབས་སུ་ངལ་གསོའི་ཚིགས་སུ་བཅད་པའོ། །

དེ་རྗེས་ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་ཀྱི་རྒྱལ་བསྟན་མཛད་འཕྲིན་སྐྱོང་བའི་དགོན་སྡེ་ཆེན་པོ་ཀོ་དགོན་དུ་ྋསྐྱབས་རྗེ་སྨན་རིའི་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་གདན་འདྲེན་ཞུས་ཏེ། རྒྱལ་བསྟན་འཆད་ཉན་གྱི་སློབ་ཁྲིད་སྐྱོང་བ་དང་བསྟུན་མཐའ་ཞུ་དམ་པ་མཆོག་ཀོ་དགོན་དུ་ཕེབས་ནས་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་གི་མདུན་ནས་ཐོས་བསམ་སྦྱང་བརྩོན་གནང་བའི་སྐོར་ལ། ལེགས་བཤད་ལམ་རིམ་དང༌། བཀའ་རྟེན་སུམ་བརྒྱ་པ། ཡེ་ཁྲི་མཐའ་སེལ། ཐེག་འགྲེལ་མེ་ལོང་དགུ་སྐོར། རྗེ་ཡི་ཐེག་འགྲེལ། སློབ་དཔོན་ཉིད་ཀྱིས་མཛད་པའི་གསང་སྔགས་བཀའ་འགྲེལ་གསལ་བྱེད། རྫོགས་ཆེན་གྱི་དགོངས་སེལ་བཅས་གཞུང་ཁག་བདུན་ལ་སློབ་སྦྱོང་གནང་ཞིང༌། གོ་ལོ་ཐོས་ལོ་སོགས་ལུང་ཙམ་གྱིས་ཆོག་པར་མ་དགོངས་ཏེ། སྔ་དྲོ་དཔེ་ཁྲིད་ཀྱི་ཐོག་དོགས་གནས་རྣམས་སློབ་དཔོན་མཆོག་ཞུ་དྲིས་ལེགས་པར་མཛད་ཅིང༌། ཕྱི་དྲོ་འཆད་རྭ་ནང་ཕེབས་ཏེ་རྩོད་པའི་སྦྱོང་བརྡར་ཚད་མེད་གནང་བ་དང་བཅས་སློབ་དཔོན་མཆོག་གིས་གདམས་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་བཞེས་གནང་མཛད། སློབ་དཔོན་མཆོག་གིས་ཀྱང་གཞུང་དོན་དཔྱད་པས་ཞུ་དྲིས་ཐད་ངོ་མཚར་བསྔགས་བརྗོད་ཡང་ཡང་མཛད་པ་ཞེས་བདག་གིས་ཐོས་སོ། །

རབ་འབྱམས་རྒྱལ་ཀུན་འདུས་གཙོ་བཤེས་གཉེན་མཆོག །

དྭངས་དྭངས་སྒོ་གསུམ་གུས་པ་ཆེར་བརྟེན་ནས། །

མན་ངག་བོན་སྡེ་དབྱར་གྱི་དགའ་ཚལ་དུ། །

བློ་རིག་གཤོག་པ་རྒྱངས་ལ་ཁྱེད་ལས་སུ། །

ཞེས་ཀྱང་ཐལ་ལོ། །

དེ་རྗེས་རྩེ་བླ་མཆོག་སྤྲུལ་རིན་པོ་ཆེས་རྩེ་དགོན་བཤད་གྲྭ་བ་ཚང་མ་བསྡུ་རུག་བྱས་ཏེ། མཆོག་ཉིད་ཀྱི་དགོངས་བཞེད་ལྟར་མཚན་ཉིད་བཤད་སྒྲུབ་འདུས་སྡེ་སྒྲིག་འཛུག་གནང༌། སྐབས་དེར་མཐའ་ཞུ་རི་ཁྲོད་པ་མཆོག་དང༌། འཛིན་གྲྭ་རྒན་པ་རྣམས་རེས་སྐོར་བྱས་ཏེ། འཛིན་གྲྭ་འོག་མ་རྣམས་ལ་དཔེ་ཁྲིད་གནང་ཞིང་ཐོས་བསམ་འཆད་ཉན་གྱི་སྦྱོང་པ་དུས་ཡུན་དུ་སོང༌།

ལོ་དེའི་དགུན་ཁ་རྩེ་བླ་མཆོག་སྤྲུལ་རིན་པོ་ཆེ་ནས་དགོངས་ཞུས་ཐོབ་སྟེ། མཐོང་གྲོལ་རི་ཁྲོད་དུ་ཕེབས་ནས་མུན་མཚམས་ཞེ་དགུ་གཅིག་བཞུགས་གནང་མཛད། དེ་རྗེས་ཁྱི་བྱ་ལོར་ ༡༩༩༣ བོད་ཟླ་དང་པོའི་ཚེས་བཅུ་ལ་དམ་པ་མཆོག་དགུང་ལོ་ཉེར་བརྒྱད་ལོ་དེར་ཁྱུང་ནག་བསམ་གཏན་གླིང་དུ་ཕེབས་ནས། མདོ་སྨད་བླ་མ་བྱ་བཏང་ཚེ་དབང་འགྱུར་མེད་ཀྱི་དངོས་སློབ་ཞྭ་དཀར་ཉེར་ལྔའི་ནང་ཚན་ཁྱུང་ནག་མཁན་མཆོག་བོན་དབྱིངས་རང་གྲོལ་ཞལ་ལྔ་ནས་དངོས་གཞི་སྐུ་གསུམ་རང་ཤར་དང༌། ཉམས་ཁྲིད་སྙིང་གི་རྒྱ་ཅན། ཚེ་དབང་བོད་ཡུལ་མའི་ཁྲིད་སྐོར། ཀུན་བཟང་སྙིང་ཐིག དབྱིངས་རིག་མཛོད་བཅས་ཀྱི་ཁྲིད་གནས་ཉམས་བཞེས་སྦྲག་མར་ཟླ་བ་ལྔ་ཙམ་བཞུགས། དེ་མཚམས་མཁན་རིན་པོ་ཆེའི་མདུན་ནས་སྐུ་གསུམ་རང་ཤར་གྱི་དབང་གཞི་དང༌། བདེ་འདུས་དབང་གཞི་བཅས་ཞུས། བླ་སྒྲུབ་འདོད་འབྱུང་རིན་ཆེན་གྱི་དབང་ལུང་དང༌། བཀའ་སྲུང་ལྷ་མོ་དང་བྲག་བཙན་རྗེས་གནང་བཅས་ཐོབ། དེ་ནས་མཁན་རིན་པོ་ཆེས་མཐའ་ཞུ་དམ་པ་མཆོག་དང་ལྷན་དུ་ཡོད་པའི་གྲོགས་མཆེད་ཚང་མ་ལ་ཞྭ་དཀར་དང་གཟན་དཀར་གནང་ནས་བཀའ་སློབ་གསུང་དོན། ཁྱེད་རྣམས་འབྱོར་པ་མཁས་བཙུན་ལྡན་པའི་བླ་སྤྲུལ་རྣམས་པས་རྫོགས་པ་ཆེན་པོའི་བོན་འདི་ཉམས་ལེན་ཆུ་བོའི་རྒྱུན་ལྟར་མཛད་ནས། མྱོང་བ་ཉམས་ལེན་མ་ཤི་བར་དུ་བརྩོན་དགོས་ཤིང༌། དེ་མིན་ཟླ་ཤས་ཞག་ཤས་ཙམ་ཉམས་སུ་ལེན་ཚུལ་མཛད་ནས་ཤིན་ཏུ་ཟབ་པའི་ཁྲིད་ལུང་དབང་གསུམ་ཐོབ་པའི་ང་རྒྱལ་ཏེ། ཉམས་ལེན་མི་མཛད་པར་གོ་ལོ་ཐོས་ལོ་ཙམ་ལུས་འགྲོ་དོན་གྱི་མིང་ཁུར་དཀོར་ནག་གང་རེག་མཛད་ན་ཅི་ཡང་མི་ཕན་པས་ད་ནས་བཟུང་ཉམས་སུ་ལེན་དགོས་དུས་གྲོང་ནག་དང་དགོན་པར་བསྡད་ན་ཡང་དག་དགེ་སྦྱོར་མི་འགྲུབ་པས། དབེན་པའི་རི་ཁྲོད་བཙལ་ཏེ་འཚོ་བ་དཀའ་ཐུབ་སྤྱོད་ནས་དུག་གསུམ་སྐྱེ་བའི་འཁོར་གཡོག་སོགས་འདུ་འཛིའི་བྱ་བ་སྤངས་ཏེ། ཉམས་ལེན་མཛད་རྒྱུའི་དམ་བཅའ་བཞག་ནས་དེ་དོན་སྒྲུབ་དགོས་པ་དེ་མ་བརྗེད་པར་མཛོད་དགོས་གསུངས་པས། མཐའ་ཞུ་དམ་པ་མཆོག་དང་དབང་ལུང་ཁྲིད་ཞུས་པ་ཚང་མས་དབེན་པའི་རི་ཀྲོད་བཟུང་སྟེ་ལོ་བཅུ་གསུམ་དང་ལོ་བདུན་ལོ་ལྔ་བཅས་བསྙེན་སྒྲུབ་ཉམས་ལེན་གྱི་ངོ་བོ་བསྐྱང་རྒྱུའི་དམ་བཅའ་ཕུལ་གནང་མཛད།

དཔེ་ཆ་འདི་ཁྱུང་ནག་དགེ་བཤེས་ཕུན་ཚོགས་དབང་འདུས་མཆོག་ནས་བརྩོམ་གྲུབ་རྗེས་ཁྱུང་ནག་དགེ་བཤེས་ཆེན་མོ་དགེ་ལེགས་སྦྱིན་པ་མཆོག་གི་སྦྱིན་བདག་མཛད་ནས་གློག་གླད་དུ་ཡིག་བསྟར་བྱས་པ་བཞིན་ལས་ད་ལན་མ་དཔེ་མ་སྙེད་པའི་ཞུ་དག་ཐུབ་མ་སོང་འཕྲོ་རྣམ་ཐར་སྨད་ཆ་ལ་གཟིགས་པར་འཚལ་ལོ།།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.