།
བསླབ་བྱ་གོར་ཁའི་སྒྲོན་མེ།
བསོད་ནམས་དབྱར་གྱི་སྤང་ལྗོངས་ལས་འོངས་པའི། །
ཟས་ནོར་གཉེན་འདུན་པད་ཚལ་རྒྱས་པ་དག །
དགྲ་གྱོད་རྩོད་འཁྲུགས་སད་སེར་དགྲ་བྲལ་བ། །
སྤྱོད་ཤེས་ཁྱིམ་པའི་རྐང་དྲུག་ཚོགས་རྣམས་སྐྱིད། །
ཟས་ནོར་འབྱོར་བའི་ཕྱུག་དང་དབུལ་ཀྱང་རུང༌། །
ཁྱི་སྤྱང་ལྷན་ཅིག་གནས་པའི་ངང་ཚུལ་ལྟར། །
ནང་རྩོད་ནུབ་འཛིང་ཉིད་ཀྱིས་དུས་འདའ་བ། །
གཉེན་འདུན་བྲལ་དང་ཁྱིམ་ཚང་འཐོར་བ་སོགས། །
མིས་འཕྱ་རང་སྡུག་ཁྱིམ་དེ་ཀྱེ་མ་ཧུད། །
ཁྱིམ་བདག་གཙོ་བོ་བཟའ་མི་སུའང་རུང༌། །
མཛངས་ཤིང་བློ་དྲང་ཁོག་ཡངས་རང་བཞིན་བཟང༌། །
ཁྱིམ་མི་ཉེ་འབྲེལ་ཡུལ་གྲོང་ཀུན་དང་མཐུན། །
ཟས་ནོར་བསོག་གཏོང་ཚོད་ཟིན་ཁྱིམ་སྐྱོང་མཁས། །
བཟའ་དཔོན་བཟང་ན་བཟའ་མི་སྐྱིད་ཅེས་གྲགས། །
རང་གཞན་ཕན་ཚུན་བདེ་སྡུག་བསམ་ཤེས་མེད། །
རང་དོན་རང་བདེ་ཁོ་ན་དོན་དུ་གཉེར། །
བསགས་དང་གསོག་པ་རང་དོན་ལྟོ་རྒྱབ་ཙམ། །
ཁྱིམ་དང་བུ་ཕྲུག་སྐྱ་ཧྲུལ་ཐལ་ལེ་གཏོང༌། །
ཤོ་སྦག་རྒྱན་དང་རྩོད་འཁྲུག་མི་ཚེ་འདའ། །
ཕྱི་རྩོད་ནང་འཛིང་ཁྱིམ་ཚང་ཕུང་ལ་སྦྱར། །
བཟའ་དཔོན་ངན་པའི་བཟའ་ཚང་ཀྱི་ཧུད་ཧུད། །
ཕ་མ་རྒན་རབས་ཁྱོ་ལ་གུས་ཤིང་བརྩི། །
ལས་ལ་བརྩོན་ཞིང་ཁྱིམ་སྐྱོང་བྱ་བར་མཛངས། །
ཡུལ་མི་ཁྱིམ་མཚེས་ཀུན་དང་མཐུན་སེམས་ཆེ། །
བུ་ཕྲུག་བྱམས་ཤིང་གོ་རིག་ཤེས་བཟང་བའི། །
ཁྱིམ་བདག་མོ་དེའི་ཁྱིམ་ཚང་དྲོ་སུབ་སུབ། །
ཕ་མ་རྒན་རབས་མིག་ནང་གྲ་རྩེ་འདྲ། །
ཁྱོ་ལ་དབྱེན་དང་ཕྲ་མས་གཞན་མཐུན་དཀྲུག །
ལས་ལ་མི་བརྩོན་ཟ་ཉལ་ཕག་དང་འདྲ། །
བུ་ཕྲུག་ལོང་ལ་གཏོང་ཞིང་སྐྱོང་དར་ཞན། །
གོ་རིག་ཤེས་དམན་ཡུལ་གྲོང་ཀུན་དང་འཐབ། །
མོ་ངན་བུ་མོའི་ཁྱིམ་ཚང་ཐལ་འཚུབ་འཚུབ། །
ཕ་མའི་ངག་ཉན་རྒན་རབས་གུས་ཤིང་བཀུར། །
ཤེས་རིག་སྦྱོང་བརྩོན་ཡ་རབས་ལས་ལ་མོས། །
ཐ་མག་ཆང་རག་གཡོ་ཁྲམ་ལས་མི་སྤྱོད། །
ལས་ལ་བརྩོན་ཞིང་གཞུང་དྲང་བསམ་པ་དཀར། །
ཡུལ་གྲོང་ཁྱིམ་མཚེས་ཀུན་གྱིས་སྨོན་པའི་ཡུལ། །
བུ་ཕྲུག་བཟང་ན་ཁྱིམ་གྱི་ནོར་བུ་མཆོག །
བརྩེ་ལྡན་མ་ཕའི་ངག་ལ་རྣ་མི་གཏོད། །
ཡུལ་མི་ཁྱིམ་མཚེས་རྒན་རབས་སེམས་སུན་འཇུག །
ཤེས་རིག་སློབ་དང་ཡ་རབས་ལས་མི་བརྩོན། །
ལས་ལ་བྱོལ་ཞིང་ཟས་ལ་ཁྱི་བཞིན་རུབ། །
རྐུན་ཇག་ཁྲམ་དང་གཡོ་སྒྱུས་གཞན་མགོ་བསྐོར། །
མ་རབས་བུ་ཕྲུག་ཁྱིམ་གྱི་ཐེའུ་རང་དངོས། །
བསོད་ལྡན་མི་ལུས་ཐོབ་པའི་འགྲོ་བ་རྣམས། །
གཉེན་འདུན་ཕ་མ་སྤུན་མཆེད་འཛོམ་པའི་དུས། །
མི་མཐུན་འབྲལ་བྱེད་གཞི་མ་རྩོད་འཁྲུག་ཉིད། །
ཟས་ནོར་ལོངས་སྤྱོད་ཞིང་ཁང་འཛོམ་པའི་དུས། །
བཤིག་གཏོར་དབུལ་ཕོངས་གཞི་མ་རྩོད་འཁྲུག་ཉིད། །
ཡུལ་གྲོང་ཁྱིམ་མཚེས་མཐུན་ཞིང་འགྲོགས་པ་ལ། །
ཕན་ཚུན་མི་བདེའི་གཞི་མ་རྩོད་འཁྲུག་ཉིད། །
དེ་ལྟར་རྩོད་འཁྲུག་ལས་ངན་སྤྱོད་པ་ནི། །
ཚེ་འདིར་རྒྱལ་ཁྲིམས་ཆད་པ་དབབ་བྱེད་ཡིན། །
ཕྱི་མ་ངན་སོང་དམྱལ་བའི་སྣ་འདྲེན་ཡིན། །
དེ་ཕྱིར་བསམ་ཤེས་ཅན་གྱི་མི་ཡོད་ན། །
རང་སྡུག་རང་གིས་ཉོ་བ་དོན་མེད་ཡིན། །
བསམ་སྤྱོད་ཐ་དག་དགེ་ལ་བཀོལ་བྱས་ནས། །
གཏན་བདེའི་འབྲས་བུ་སྒྲུབ་པ་མ་ནུས་ཀྱང༌། །
གནས་སྐབས་འཇིག་རྟེན་བདེ་སྐྱིད་ལོངས་སྤྱོད་རྣམས། །
རྩོད་མེད་ལོངས་སུ་སྤྱོད་ཤེས་བདེ་བ་ཡིན། །
མཐའ་ཞུ་ཚུལ་ཁྲིམས་ཡེ་ཤེས་ཀྱིས་བྲིས་སོ། །
- ཟིན་ཐོ་གོང་མ།བྱ་བྲལ་ཚུལ་ཡེའི་གསུང་བརྩོམ་འོས་སྦྱོར་
- ཟིན་ཐོ་འོག་མ།རྗེ་བཙུན་མཐའ་ཞུ་ཚུལ་ཁྲིམས་ཡེ་ཤེས་མཆོག་གི་རྣམ་ཐར། སྟོད་ཆའོ