སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
མཐའ་ཞུ་ཚུལ་ཁྲིམས་ཡེ་ཤེས་ཀྱི་རྣམ་ཐར་སྨད་ཆ་ | 2012/5/25 16:17:00

དེ་ལྟར་མཁན་མཆོག་གི་གསུང་དོན་ལྟར་མཐའ་ཞུ་དམ་པ་མཆོག་གི་ཐུགས་སྣང་ལ་ཡང་སྔར་སྦྱང་བརྩོན་གནང་བས། གྲུབ་ཆེན་ཤར་རྫ་བས། སྔོན་འགྲོའི་ཁྲིད་ཡིག་གི་གདམས་ངག་ས་ལེར་གསལ་བ་འདི་ལྟར། བླ་མས་གསུངས་པ་དེ་རང་གི་རྒྱུད་ཐོག་ཏུ་འཁེལ་བར་གཞུང་ཐོག་ཏུ་མ་ལུས་པར་ཕྱི་བཤོལ་དགྲ་ལ་མ་ཤོར། ལེ་ལོའི་སད་ཀྱིས་མ་ཁྱེར་བ། སྣ་བྲོད་ཀྱི་ཕྱམ་ལ་མ་ཡལ་བར་བྱ་བ་གལ་ཆེ་བའོ། །ཞེས་དང༌། དཔོན་གསས་ཀྱིས་སྣ་ནས་ཁྲིད། གདམས་ངག་གི་ལྕག་གིས་བྲབ། བརྩོན་འགྲུས་ཀྱི་གྲོགས་ཀྱིས་བསྐྱོར། འཇིགས་པའི་ཆུ་བཞི་ལ་མ་ཤོར་བར་སྐུལ་ཅིག རྒྱུག་ཅིག ཚེ་ལ་ངེས་པ་མེད། འཆི་བ་ལ་རང་དབང་མེད། བདུད་ལ་ཡི་ཆེས་མེད། ཅེས་གསུངས་པ་ལྟར་སྙིང་ནས་བརྩོན་འགྲུས་བསྐྱེད་ཅིང་ལམ་མཐར་ཕྱིན་པར་བྱེད་དགོས་པ་གལ་ཆེན་གསུངས་པ་དེ། ད་ལན་རང་ཉིད་ཀྱིས་ལག་ཏུ་ལེན་པས་དུས་ཐོག་ཏུ་ཁེལ་ཡོད་པར་དགོངས་ནས། དབེན་པའི་རི་ཁྲོད་བཙལ་ཏེ། ལྟ་སྒོམ་བསྙེན་སྒྲུབ་ཀྱི་རྒྱུད་སྐྱོང་བའི་གྲབ་མཛད་དོ། །

དེ་ཡང་ག་རྒྱ་ཁྱུང་སྤྲུལ་རིན་པོ་ཆེས་གསུངས་དོན། དབེན་གནས་རི་ཁྲོད་འགྲིམ་པ་ལ། །གདམས་ངག་མང་པོ་ཚང་དགོས་ཤིང༌། །ཡི་གེ་འབྲི་ན་སྣག་ཤོག་ལྟར། །ཞེས་དང༌། དེ་སྐད་དུ། འདོམ་སྟོན་པ་ཚུལ་འོད་ཀྱི་ཞལ་ནས་ཀྱང༌། ལམ་བླ་མ་མེད་ན་ནམ་འབྱོར་བ། །ཐང་དཀྱིལ་ལུས་པའི་ལོང་བ་འདྲ། །ཉམས་ཅན་དམར་ཁྲི་མ་བྱས་ན། །ཕོ་ཚོད་གོ་བ་བཟང་ལགས་ཀྱང༌། །བདེ་ཆེན་ལམ་སྣར་ཟིན་དུས་མེད། །ཞེས་གསུངས་པ་ལྟར། མཐའ་ཞུ་དམ་པ་མཆོག་གིས་དགུང་གྲངས་ཉེར་གཅིག་ནས་དགུང་གྲངས་ཉེར་བརྒྱད་བར་དུ་སྟོད་མངའ་རིས་ཀྱི་མཁས་བཙུན་ལྡན་པའི་བླ་སྤྲུལ། བར་ཧོར་གྱི་ཉམས་རྟོགས་ལྡན་པའི་བླ་མ། སྨད་ཁྱུང་པོའི་རྒྱུད་གསུམ་བསྟན་པའི་བདག་ཉིད། མཚན་ཉིད་ཚང་བའི་བླ་མ་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ནས། ཕྱི་སྤང་ལམ་འདུལ་བའི་མདོ་དང༌། ནང་སྒྱུར་ལམ་གསང་བ་སྔགས། གསང་བ་གྲོལ་ལམ་རྫོགས་པ་ཆེན་པོའི་བོན་སྡེ་རྣམས་ཁྲིད་རྒྱུད་མྱོང་གོམས་ལྡན་པའི་བླ་མཁན་དེ་དག་གི་མདུན་ནས་དབང་ལུང་ཁྲིད་གསུམ་ཉམས་བཞེས་སྦྲག་མར་སྦྱོང་བརྩོན་ཡང་དག་པར་མཛད་དོ། །

དེ་ནས་མཐའ་ཞུ་དམ་པ་མཆོག་དགུང་གྲངས་ཉེར་དགུ་ཤིང་ཁྱི་ ༡༩༩༤ ལོའི་བོད་ཟླ་བརྒྱད་པའི་ཡར་ཚེས་རྒྱལ་ཕུར་སྒྲུབ་སྦྱོར་ཉིན་གཟི་ཡར་ཀིའམ་གནས་མཆོག་དབལ་མོ་འབྲོང་རིའི་ཞོལ་དུ་རི་ཁྲོད་མཚམས་ཁང་ཆུང་ངུ་ཞིག་བཞེང་རྩིས་ཀྱིས་མཐའ་ཞུ་དམ་པ་མཆོག་དང་གྲྭ་པ་ཁ་ཤས་ཀྱིས། ཀློང་རྒྱས་དང་དུས་འཁོར་གྱི་དཀྱིལ་འཁོར་ཞལ་ཕྱེས་ནས་བཀྲ་ཤིས་པའི་ས་སླང་མཛད། ཡབ་མཐའ་ཞུ་ཀུན་ལེགས་རིན་པོ་ཆེ་དང་གཅུང་པོ་རྣམ་རྒྱལ་གྲགས་པ་སོགས་བླ་གྲྭ་དྲུག་ཙམ་གྱིས་ས་སྙིང་བསྒྲུབས་ནས་གཏེར་བུམ་སྦས། ཉེ་འབྲེལ་ཡུལ་མི་རྣམས་ཀྱིས་རྡོ་བརྩེགས་གི་མཚམས་ཁང་མཛོད་མིག་ཅན་ཞིག་བཞེངས། ཁོང་བླ་གྲྭ་ཚང་མས་མདོ་འབུམ་གཟུངས་གསུམ་ས་བདག་འཁྲུག་བཅོས་གསོལ་ཁ་མངན་མདོས་བཅས་བཅའ་འདོན་བྱས། སཙྪཱ་དང་ཆུ་གཏོར་གྲངས་མང་བསགས་ནས་ཡུལ་ས་གཞི་བདག་ས་བདག་ཀླུ་གཉེན་ལྷ་སྲིན་སྡེ་བརྒྱད་དང་བཅས་སྤ་རྐོང་ངོ༌། །དེ་ནས་བཟུང་སྐུ་ཞིང་ལ་མ་ཕེབས་བར་ཐུན་དང་ཐུན་བཅད་ནས་བསྙེན་སྒྲུབ་ཉམས་ལེན་ཆུ་བོའི་རྒྱུན་ལྟར་བརྩོན་འགྲུས་བྱས་པའི་ཉིན་བཞིན་གྱི་མཛད་རིམ་མདོར་བསྡུས་ནི། དགུན་ཁ་ཐོ་རེངས་ཆུ་ཚོད་ལྔ་དང་སྐར་མ་སུམ་ཅུ་དཔྱིད་དབྱར་སྟོན་གསུམ་ལ་ཆུ་ཚོད་དྲུག་ནས་ཡར་བཞེངས་ཏེ། ཨ་ལི་ཀ་ལི་སོགས་འགྱུར་སྔགས་ཅི་རིགས་གསུང་མཐར་དྷ་རུ་བཀྲོལ་ཏེ་རྩ་རླུང་གསོལ་འདེབས་དང་བསྟང་ར་རྣམ་གསུམ་སྔོན་དུ་བཏང་ནས་རླུང་ཐུན་ཉེར་གཅིག་རེ་ཆག་མེད་མཛད། དེ་ནས་བླ་མའི་རྣལ་འབྱོར་འདོད་འབྱུང་གཏེར་གྱི་བུམ་བཟང་དང་བཀའ་དྲིན་ཐོབ་པའི་བླ་མ་རྣམས་ཀྱི་གསོལ་འདེབས་ཚར་རེ་གསུངས་ནས་ཉམས་ལེན་གྱི་ཏིང་འཛིན་ཐུན་གཅིག་བཞུགས། གྲོལ་ནས་དྲན་པའི་ཨ་དཀར་དགོངས་འདུས་གསོལ་འདེབས་དང༌། བསྙེན་པ་སྟོང་རེ་ཆགས་མེད་བགྲང༌། ནམ་ལངས་ནས་རྣམ་འཇོམས་གཟུངས་ཁྲུས་དང༌། རྒྱུན་སྤྱོད་ལྟར་ཁྲུས་གཟུངས་འདོན་ནས་ཁྲུས་དང་གཙང་སྦྲ་མཛད་ཅིང༌། དཔྱིད་དབྱར་སྟོན་གསུམ་ལ་ཆབ་གཏོར་རྩིས་འགོ་བདུན་པ་དང༌། བདུད་རྩི་ཆུ་རྒྱུན་འཛམ་གཏོར་ཀླུ་གཏོར་ལན་ཆགས་གཏོར་མ་བར་དོའི་གཏོར་མ་ཆུ་སྦྱོར་གྲོ་ནག་སོགས་ཆབ་ཚང་གཏོང་གནང་མཛད། མཐར་ཡོན་ཆབ་སོགས་རྣམ་ལྔ་བཤམས་ནས་ཡན་ལག་བདུན་པ་རྒྱས་བསྡུས་གང་ལྕོག་དང༌། གསོ་སྦྱོང་བསྡུས་པ་རེ་ཆག་མེད་མཛད།

ཆུ་ཚོད་བདུན་དང་སྐར་མ་སུམ་ཅུ་ཙམ་ནས་ཞོགས་ཇ་བཞེས་ཏེ་དཀར་གསུར་དང་བསང་བསྡུས་མ་རེ་གསུངས་མཐར་ཐོད་རྒལ་གཟིགས། ཆུ་ཚོད་དགུ་དང་སྐར་མ་སུམ་ཅུ་ནས་གཡུང་དྲུང་སེམས་དཔའི་སྒྲིབ་སེལ་ལྟུང་བཤགས་དང་མ་རྒྱུད་བསྐང་བཤགས་གསུངས་ནས་ཕྱག་ཉིས་བརྒྱ་རེ་ཕུལ་མཛད། གཞུང་གཞན་གྱི་བསྙེན་སྒྲུབ་ལ་ཞུགས་མེད་ན་བླ་སྒྲུབ་འདོད་འབྱུང་རིན་ཆེན་ལྟར་བསྙེན་པ་རྣམས་བརྒྱ་རེ་བཟླས། བསྙེན་མཚམས་ལ་བཞུགས་སྐབས་བླ་སྒྲུབ་འཛབ་ཚར་གསུམ་རེ་གསུངས་ཏེ། ཕྱག་འཚལ་རྒྱུ་ཁུར་ནས་གཞུང་གང་ཡིན་གྱི་འཕྲིན་ལས་བཏང༌། འཛབ་འགོར་སླེབས་དུས་འཁྱལ་ཚིག་སྤངས་ཏེ་བསྙེན་བ་བགྲངས། ཆུ་ཚོད་བཅུ་གཉིས་ནས་ཉིན་དགུང་གསོལ་ཚིགས་གནང༌། ཆུ་ཚོད་དང་པོ་ནས་སློབ་གཉེར་བ་ཡོད་ཚེ་འཆད་ཉན་བློ་དང་འཚམས་པར་འདྲི་རྟོགས་བསྐྱར་ཞུས་ཀྱི་སྒོ་ནས་མཛུབ་ཁྲིད་སྨར་བ་གནང༌། དེ་མིན་ཕྱག་སྐོར་དང་སཙྪ་གདབ་པའམ་ཕྱག་བྲིས་འབྲི་བ་སོགས་མཛད་དོ། །

ཆུ་ཚོད་གསུམ་པ་ནས་ངག་འཁྱལ་སྡོམ་སྟེ་བསྙེན་པ་བཟླས། ཆུ་ཚོད་ལྔ་དང་སྐར་མ་སུམ་ཅུ་ནས་དགོངས་ཇ་བཞེས་ཏེ་ཐོད་རྒལ་གཟིགས། ཆུ་ཚོད་བདུན་དང་སྐར་མ་སུམ་ཅུ་ནས་དབལ་འབར་སྟག་སླག་ཅན་གྱི་བཀའ་སྐྱོང་བསྡུས་པ་དགོང་སྔོན་འདི་ཡི་དང་དྲེའུ་དམར་ནག་བདུན་བཙན་རྒྱལ་པོ་བཅས་བསྐུལ་བསྡུས་རེ་གསུངས་ནས་གཏོར་མ་སྨན་རག་འབུལ་གནང་མཛད། སྤྱི་འགྲོའམ་སྒྲུབ་གཞུང་གང་ཡིན་གྱི་དམར་ལམ་ཁ་སྐང་བྲོ་ཕྱྭ་ཚེ་དང༌། དྲན་པ་ཚེ་སྒྲུབ་བསྙེན་པ་བརྒྱ་རེ་བཅས་ཆག་མེད་བགྲངས། གསང་མཚམས་སྐྱབས་འགྲོ་བཅས་དང་དམར་གསུར་གསུང་མཐར་མ་ཏྲོ་བརྒྱ་ཚར་དང་ས་ལེ་འོད་བརྒྱ་ཚར་བཅས་བགྲངས། གཤེད་དམར་དུ་ཏྲི་སུ་གཞུང་དང་ཨ་དཀར་སྟོང་གསུམ་རེ་ཉིན་གཅིག་ལྟར་ཆད་མེད་བགྲངས། མཐར་གདུགས་དཀར་གཟུངསང་སྒྲུབ་དང་བྱམས་མ་སྔགས་བསྟོད་སྟག་བཟློག་བཅས་གསུངས་མཛད་ནས་ཚེ་དབང་སྨོན་ལམ་བོན་སྐུ་སྨོན་ལམ་བསྟན་རྒྱས་སྨོན་ལམ་གསུང་མཐར་བསྔོ་སྨོན་རྒྱས་བསྡུས་གང་ལྕོག་རེ་གསུངས་ནས་ཡིག་བརྒྱ་ཉེར་གཅིག་རེ་བཟླས་ནས་བདུད་རྩི་འབེབས་སྦྱང་གི་ལས་སྒྲིབ་སྦྱང༌། ཆུ་ཚོད་བཅུ་དང་སྐར་མ་གསུམ་བར་རྣམ་ཐར་རམ་དྲང་ངེས་ཀྱི་ཁྲིད་སོགས་ལ་དཔེ་གཟིགས་མཛད་དེ་མཚམས་དྷ་རུ་བཀྲོལ་ཏེ་ལུས་སྦྱིན་བཏང༌། དེ་ནས་རྒྱུན་གཅོད་ལྟར་ཨ་དཀར་དགོངས་འདུས་དང་སྙིང་པོ་ཅི་ནུས་རེ་བགྲངས་ནས་ཉམས་ལེན་གྱི་ཏིང་འཛིན་ཐུན་གཅིག་བཞུགས་མཐར་གཉིད་སྣང་འོད་གསལ་ང་ངང་དུ་གཟིམས་ཚུལ་མཛད་དོ། །

རི་ཁྲོད་དུ་རྒྱུན་ལྡན་ཚེས་བརྒྱད་དང༌། ཚེས་བཅོ་ལྔ༌། གནམ་གང་བཅས་སུ་ཡབ་སྲས་བཅུད་དྲིལ་དང་བོད་ཡུལ་མ། བླ་སྒྲུབ་འདོད་འབྱུང་རིན་ཆེན། འཇའ་ལུས་ཡབ་སྲས་བླ་སྒྲུབ། སྣང་ཞིག་བླ་སྒྲུབ་སྤྲོས་བྲལ་ཚོགས་ཆེན་སོགས་གང་རུང་གི་ཚོགས་འཁོར་བཏང་ནས་ཚོགས་གླུ་ལེན་གནང་མཛད།

དེ་ལྟར་དགུང་ལོ་ཉེར་དགུ་ནས་སོ་དྲུག་ཞིང་ལ་མ་ཕེབས་བར་དུ་རྣམ་གཡེང་ལེ་ལོའི་དབང་དུ་དུས་སྐད་ཅིག་ཀྱང་མ་ཤོར་བར་མཚན་བཅས་མཚན་མེད་ཀྱི་དགེ་སྦྱོར་ཆུ་བོའི་རྒྱུན་ལྟར་མཛད་པ་ནི། རྒྱུ་འབྲས་ལ་ཡིད་ཆེས་ཤིང༌། བསླུ་བ་མེད་པའི་འབྲས་བུ་མངོན་དུ་བྱ་རྒྱུ་ཡོད་པ་ལ་ཐེ་ཚོམ་བྲལ་བའི་རྟགས་སུ་མངོན་ནོ། །

དེ་ལྟར་ཉིན་བཞིན་གྱི་མཛད་རིམ་མདོར་བསྡུས་ཙམ་ཞིག་ཞུས་ནས་སྒོས་སུ་སྒྲུབ་གཞུང་རེ་རེའི་བསྙེན་སྒྲུབ་ཉམས་ལེན་མཛད་ཚུལ་ནི། ༡༩༩༤ ལོའི་བོད་ཟླ་བརྒྱད་པའི་ནང་ཚུན་དུ་རི་ཁྲོད་མཚམས་ཁང་བཞེང་གྲུབ་ནས་བོད་ཟླ་དགུ་པའི་ཚེས་གཅིག་ཉིན་ཚེ་དབང་བོད་ཡུལ་མའི་སྒྲུབ་པ་དབུ་བཙུགས་པ་དང༌། དབལ་མོ་འབྲོང་རིར་གཉན་ཁྲོད་འགྲིམ་ནས་མན་ངག་དགོངས་གཅོད་རྣམ་གསུམ་ལྟར། དུས་དྲུག་ལུས་སྦྱིན་མཛད་དེ་ཟླ་བ་གསུམ་བཞུགས་ཏེ། བོད་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་གྲོལ། བོད་ཟླ་བཅུ་གཉིས་པའི་ཚེས་གསུམ་ནིན་ཞི་བ་ཨ་གསལ་གྱི་བསྙེན་སྒྲུབ་ལ་བཞུགས། དགུང་ལོ་སུམ་ཅུ་ཤིང་ཕག་ལོར་ ༡༩༩༥ ཟླ་བ་བརྒྱད་པའི་ཡར་ཚེས་ལ་ལམ་ལྷ་དགོན་པའི་གྲྭ་བ་གཅིག་རི་ཁྲོད་དུ་འབྱོར་བ་དེ་དག་སློབ་བུ་ཚུལ་ཁྲིམས་མཆོག་ལྡན་སོགས་ཀྱིས་ཞུས་པའི་ངོར་སྡེ་སྣོད་མཛོད་དང་ཀུན་བཟང་སྙིང་ཐིག་ཉམས་ཁྲིད་སྙིང་གི་རྒྱ་ཅན་བཅས་ཐུན་བར་རྣམས་སུ་ཁྲིད་སྨར་བ་གནང༌། ཟླ་བ་བཞི་པའི་ཚེས་ཉི་ཤུའི་ཉིན་ཞི་བའི་མཚམས་ལས་གྲོལ་ནས་སླར་ཟླ་བ་ལྔ་པའི་ཚེས་གཅིག་ནས་དབལ་གསས་ཀྱི་སྐུ་མཚམས་དམ་པར་བཞུགས། ཟླ་བ་བཅུ་པའི་ཚེས་གཅིག་ཉིན་གྲོལ། ཚེས་བཅོ་ལྔ་ཉིན་མེ་རི་བཀའ་མའི་བསྙེན་མཚམས་ལ་བཞུགས། དེའི་སྐོར་སྐྱ་སེར་ཉི་ཤུ་ལྷག་ཙམ་རི་ཁྲོད་དུ་འབྱོར་བ་རྣམས་ལ་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་དང༌། དངོས་གཞི་སྐུ་གསུམ་རང་ཤར་འཁོར་འདས་རི་ཤན་བཅས་ཁྲིད་ལུང་བློ་དང་འཚམས་པར་གནང་ངོ༌། །ཟླ་བ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན་སྔོན་མ་འབུམ་སྙུང་གཞི་ཡོད་པ་དྲག་བསྐྱེད་མ་བྱུང་བར་ལུས་པ་དང༌། དེ་ལོ་བཞུགས་ཆེ་བའི་དབང་གིས་འབུམ་ནད་སྟོད་ལ་འཕྱུར་ནས་ཞལ་གྲགས་རྒྱུ་མེད་པ་སྐར་མ་སུམ་ཅུ་ཙམ་འགོར་སོང༌། སྤུན་རྣམ་གྲགས་ཀྱིས་སྨན་པ་གདན་དྲངས་ཏེ་ཁྲག་དང་མེ་རྩ་བྱས་པའི་སྙུང་ཅུང་ཙམ་དང་བས། ཡབ་ཀུན་ལེགས་དང་སྤུན་རྣམ་གྲགས་གཉིས་ནས་སྐུ་མཚམས་ལས་བཞེངས་ཏེ་སྨན་ཁང་དུ་སྨན་བཅོས་ཕེབས་རོགས་ཞུས་ཀྱང༌། མ་གསན་པར་ཟལ་ནས་ང་ནད་འདིས་ཡུན་རིང་འདུག་ས་མི་འདུག་པས་ད་ནི་དགེ་སྦྱོར་ཅི་འགྲུབ་བྱེད་པ་ལས་སྨན་བཅོས་འགྲོ་མི་ཁོམ་པ་ར་འདུག ད་ལྟ་ཡང་ཤི་གསོན་ཧ་མི་གོ་བས་ཁྱེད་ཚོས་རྣམ་ལྔ་བཅའ་རོགས་གྱིས་གསུང་ནས་བྱང་སྡོམ་བླང་སྟེ་འདའ་ཁའི་སྨོན་ལམ་ཞིག་མཛད་ནས་མེ་རི་བསྙེན་མཚམས་རྒྱུན་བསྐྱངས་སོ། །

བོད་སྨན་དང་རྒྱ་སྨན་ཁབ་བཅས་ཡར་མཚམས་ཁང་དུ་ཉོས་ནས་སྨན་བཅོས་བྱས། ཡབ་ཀུན་ལེགས་དང་སྤུན་རྣམ་གྲགས་གཙོས་བླ་གྲྭ་མང་པོས་སྟག་ལའི་སྟོང་ཚོགས་དང་ལས་མཐའ་ཆ་ཚང་གཤིན་རྗེ་ཚང་བཟློག་དབལ་གསས་ཚོགས་བརྒྱ་བཟློག་བྱ། ཚེ་སྒྲུབ་བླ་བསླུ་འཆི་བསླུ་ལོ་གྲངས་ལན་ཆགས་རྒྱ་འཇལ་ཆང་བུ་བརྒྱ་རྩ་མདོ་འབུམ་གཟུངས་གསུམ། བྱམས་མ་དང་ཁྲོ་བོ་འུར་འདོན་ཨ་དཀར་ཁྲི་འབུམ་བཅས་ཞབས་བརྟན་བསྒྲུབས་པའི་མཐུས་སྐུ་སྙུང་པ་ཡར་ཡར་དྭངས་ཀྱང་སེང་དྲག་ནི་མ་བྱུང༌། སྨན་པས་བཞུགས་ཆེ་ནས་ཁྲག་འཁོར་རྒྱུགས་ཡག་པོ་མ་བྱུང་བས་ནད་དུ་འདུག་པས་འགྲོ་འདུག་འགུལ་སྐྱོད་མང་ཙམ་བྱེད་དགོས་ཞུས་པས། དེ་ནས་ཐོ་རེངས་ཕྱག་ཉིས་བརྒྱ་དང་ཉིན་དགུང་དབལ་མོ་འབྲོང་རིར་ཞབས་སྐོར་ཕེབས་པ་བཅས་མཛད་དོ། །

མཆོག་ཉིད་དགུང་གྲངས་སོ་གཅིག་ ༡༩༩༦ ལོའི་བོད་ཟླ་ལྔ་པའི་ཚེས་ལྔ་ཉིན་མེ་རིའི་སྐུ་མཚམས་ལས་གྲོལ་ཏེ། སླར་ཚེས་བཅོ་ལྔ་ཉིན་དྲན་པ་ཡང་གསང་གི་སྒྲུབ་པ་ལ་བཞུགས། དེ་སྐོར་སློབ་བུ་ཚུལ་ཁྲིམས་དབང་གྲགས་རབ་བྱུང་ཞུས་ནས་སྔོན་འགྲོ་དངོས་གཞི་བཅས་སྦྱང་ནས་རི་ཁྲོད་དུ་བསྡད་སོང༌། ཟླ་བ་བརྒྱ་པའི་ཚེས་བཅོ་ལྔ་ཉིན་དྲན་པ་ཡང་གསང་ཀྱི་སྐུ་མཚམས་ལས་གྲོལ་ཏེ། དྲན་པ་ཚེ་སྒྲུབ་ཟླ་བ་གཅིག་དང་ཞག་བཅུ་བསྒྲུབས། དེའི་སྐབས་མཐའ་ཞུ་འོད་ཟེར་མཐའ་རྒྱས་དང་སྐུ་ཚ་ཉི་མ་འོད་ཟེར་བཅས་གྲྭ་བཙུན་ཁ་ཤས་ལ་སྡེ་སྣོད་མཛོད་དང་ལུང་རིག་མཛོད་བདེ་སྨོན་རྣམ་གསུམ་གྱི་ཁྲིད་རྒྱས་པ་གནང་། ཟླ་བ་བཅུ་པའི་ཚེས་གཅིག་ནས་ཟླ་བ་བཅུ་གཉིས་པའི་ཚེས་གཅིག་བར་རྣམ་འཇོམས་ཟླ་བ་གཉིས་བསྒྲུབས། ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན་ཚེ་དབང་བོད་ཡུལ་མའི་བསྙེན་སྒྲུབ་ལ་བཞུགས།

དམ་པ་མཆོག་དགུང་གྲངས་སོ་གཉིས་སྤྱི་ལོ་ ༡༩༩༧ ལོའི་ཟླ་བ་དང་པོའི་ཚེས་བཞི་ལ་སྤུན་འབྲིང་བ་རྣམ་རྒྱལ་གྲགས་པ་དགོངས་པ་བོན་དབྱིངས་སུ་གཤེགས་སོང༌། སྐབས་དེར་མཐའ་ཞུ་དམ་པ་མཆོག་ཐུགས་ཤིན་ཏུ་ཕམ་ནས། སྙིང་རྗེའི་སྤྱན་ཆབ་ཁྲུམ་ཁྲུམ་དུ་འཐོར་ཞིང༌། ངའི་གཅུང་པོ་དེ་སྐུ་ཚེ་མ་ཟིན་པར་ཞིང་དུ་ཕེབས་སོང༌། ད་རྗེས་སྡོད་ཚོས་དགེ་བ་ཅི་ཐུབ་བྱ་དགོས་གསུངས་ནས་འོད་ཟེར་མཐའ་རྒྱས་དང་ཁོང་སྐུ་མཆེད་གཉིས་ཀྱིས་ཞག་གསུམ་གྲོས་བཞི་ཉིན་ཁྱུང་པོ་ཁུལ་གྱི་སྐྱབས་མགོན་བླ་སྤྲུལ་རྣམས་གདན་དྲངས་ནས་ངོ་སྤྲོད་དང་འཕོ་བ་ཞུས། རྩེ་དགོན་སོགས་ཐག་རིང་བའི་དགོན་སྡེ་ཁག་ལ་བསྔོ་འབྲེལ་ཕུལ། དམ་པ་མཆོག་དང་ཚ་བོ་ཉི་མ་འོད་ཟེར་གཉིས་ཀྱིས་དགུང་ཞག་ཞེ་དགུའི་རིང་ཀུན་རིག་སྒྲོན་མའི་མཆོད་སྦྱིན་མཛད་ནས་ཁྱུང་ཡུལ་གྱི་བླ་ཆེན་ཁག་རིམ་བཞིན་གདན་དྲངས་ནས་བདུན་བྱང་གཞུས། གཞན་བླ་གྲྭ་རྣམས་ཀྱིས་ཀློང་རྒྱས་མཆོད་སྦྱིན་མཛད། ཉེ་འབྲེལ་ཡུལ་མི་རྣམས་ཀྱིས་རོགས་སྐྱོར་འོག་བདུན་གསུམ་གྱི་ནང་ཀློང་རྒྱས་དང་ཀུན་རིག་ཆ་གཉིས་བཅས་གསེར་དངུལ་གྱིས་བྲིས་ནས་དར་གདུགས་རྒྱལ་མཚན་བཟོ་རྒྱུ་དང་བཅའ་སྒྲིག་ཐོན་ཏེ། བླ་གྲྭ་བཅོ་ལྔ་ཙམ་གྱིས་ཞག་བརྒྱད་ལ་འདོན་འཚོགས་མཛད་ནས་གདུང་ཁྲུས་དང་ལུས་ཡིག་བཅས་སྦྱར་ནས་སྐུ་གདུང་ཞུག་ལ་ཕུལ། མཚམས་སུ་ཡོ་བྱང་རྣམས་བླ་མཆོད་ལ་འབུལ་བ་དང་སྤྲང་སློང་ལ་སྦྱིན་པ་ཡང་དག་མཛད་དོ། །

དེ་རྗེས་མཐའ་ཞུ་དམ་པ་མཆོག་ལ་ཟང་ཟིང་ཅི་ཡོད་ཀྱིས་ཀུན་རིག་ལྷ་འཁོར་ཆ་ཚང་གི་ཐང་ཀ་དང༌། ལྷ་ཀླུ་མི་ཡི་གཤེན་གསུམ་གྱི་ཐང་ཀ་བཞེངས། རས་ལ་ཡིག་བརྒྱ་ཁྲི་འབུམ་གདབ། རྡོ་ལ་ཐར་མདོ་རྒྱས་པ་ཚར་གཅིག་རྐོས་པ་མཛད་ནས་རྒྱུ་ནོར་བསྔོ་བ་ཡང་དག་མཛད། དེ་རྗེས་རི་ཁྲོད་དུ་ཟླ་བ་གསུམ་པའི་ཚེས་ལྔ་ཉིན་ཡར་ཕེབས་ནས་ཨ་དཀར་སྒྲིབ་སྦྱང་ཞེ་དགུ་གཅིག་བཞུགས། ཐུན་བར་རྣམས་སུ་རྡོ་མང་པོ་རུག་ནས་ཚ་ཁང་གཅིག་བཞེངས་ཏེ། སཙྪཱ་ཁྲི་སྟོང་མང་པོ་གདབ་ནས་དེ་གར་བཞུགས་སུ་གསོལ། གདུང་རུས་དང་གདུང་ཐལ་གཅིག་ཀྱང་མ་ལུས་པ་སཙྪཱ་གདབ་ནས་གནས་ཀྱི་རི་རྩེར་སྒྲུབ་ཕུག་ན་བཞུགས་སུ་གསོལ།

དེའི་སྐོར་སློབ་བུ་ཚུལ་ཁྲིམས་འགྱུར་མེད་རབ་ཏུ་བྱུང་ནས་རི་ཁྲོད་དུ་རྒྱུན་བསྡད་བྱས་པས་དེ་ལ་སྔོན་འགྲོའི་ཁྲིད་དང༌། དངོས་གཞི་བཅས་ཀྱི་ཁྲིད་སྨར་བ་གནང་ནས་ཉམས་ལེན་བྱེད་དུ་བཅོལ། མཚམས་སུ་ཕྱི་འཁོར་འདས་རི་ཤན་ཞེ་དགུ་གཅིག་དང༌། ནང་འཁོར་འདས་རི་ཤན་ཞེ་དགུ་གཅིག་བཅས་སྒོམ་བཟླ་ཟུང་འབྲེལ་གྱི་ཚུལ་བསླབ་པའི་ཉམས་སུ་བླངས། མཐའ་ཞུ་རི་ཁྲོད་པ་མཆོག་ཟླ་ལྔ་པའི་ཚེས་བཅོ་ལྔ་སྐོར་ནས་བསྙེན་བསྙུང་ཆ་ལྔ་བཅུ་ལྷག་ཙམ་བཞུགས་ནས་སྙིང་པོ་རྣམ་གསུམ་ཡིག་བརྒྱ་བཅས་འབུམ་ཕྲག་མང་པོ་བགྲངས། དབལ་མོ་འབྲོང་རིར་སྐོར་བ་བརྒྱ་ཕྲག་ཁ་ཤས་བྱོན་མཛད་པས་འབུམ་སྙུང་གཞི་ཡོད་པ་དེ་ཆེས་ཆེར་དྭངས་ནས་སྨན་གསོལ་མི་དགོས་པ་ཞིག་བྱུང༌།

ཟླ་བ་བདུན་པའི་ཚེས་བཅོ་ལྔ་ནས་བྱམས་མའི་བསྙེན་མཚམས་བཞུགས། དེ་སྐོར་ཁུ་བོ་བྱང་ཆུབ་རྒྱལ་མཚན་དང་ཚུལ་ཁྲིམས་བློ་ལྡན་གཉིས་རབ་ཏུ་བྱུང་ནས་རི་ཁྲོད་དུ་རྒྱུན་བསྡད་བྱས་པས་དེ་ཚོར་ཐུན་བར་རྣམས་སུ་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་ཁྲིད་རྒྱས་པ་གནང༌། ཟླ་བ་དགུ་པའི་ཚེས་སུམ་ཅུ་ཉིན་བྱམས་འི་སྐུ་མཙམས་ལས་གྲོལ། ཟླ་བ་བཅུ་པའི་ཚེས་བཅུ་ཉིན་ནས་སྔོན་འགྲོ་འབུམ་དགུ་གཅིག་བསགས་སྦྱང་དབུ་བཙུགས་ཏེ་རི་ཁྲོད་པ་མཆོག་དང་ཁུ་བོ་བྱང་ཆུབ་རྒྱལ་མཚན་དཔོན་སློབ་གཉིས་ཀྱིས་མནྜལ་འབུལ་རྒྱུ་འབྲུ་སྣ་རྒྱ་མ་ཉིས་བརྒྱ་དང་འབྲས་རྒྱ་མ་བཞི་བརྒྱ་བཅས་ཁྱོན་བསྡོམས་རྒྱ་མ་དྲུག་བརྒྱ་གྲ་སྒྲིག་མཛད་ནས་ཐོ་རེངས་སྔ་མོ་ནས་ཡར་བཞེངས་ཏེ་སྔོན་འགྲོ་རྩ་རླུང་སོགས་ཞལ་འདོན་རྒྱུན་ལྡན་ལྟར་གསུངས་ནས་སེམས་བསྐྱེད་སྐྱབས་འགྲོ་ཕྱག་ཡིག་བརྒྱ་མནྜལ་བླ་མའི་རྣལ་འབྱོར་བཅས་ཉིན་རེ་སྟོང་ཕྲག་གཉིས་རེ་བསགས་པས་ཞག་ལྔ་བཅུ་ལ་འབུམ་ཕྲག་རེ་འགྲོ། ཞག་གསུམ་ལ་ཆད་གསབ་མཛད་དེ་མཙམས་སྣིང་པོ་རྣམ་གསུམ་རེ་གཅིག་ཁྲི་ཉིས་སྟོང་ལྔ་བརྒྱ་རེ་བསགས་པས་ཞག་བརྒྱད་ལ་འབུམ་ཕྲག་གསུམ་སོང༌། ཞག་གཉིས་ལ་ཆད་གསབ་མཛད་ཁྱོན་ཞག་མ་དྲུག་ཅུ་རེ་གསུམ་ལ་སྒོམ་བཟླ་ཟུང་འབྲེལ་གྱིས་སྔོན་འགྲོ་འབུམ་དགུ་གྲངས་ཀ་ལོན་པ་བསགས་སྦྱང་མཛད། མནྜལ་འབུལ་རྒྱུ་འབྲུ་སྣ་ལྔ་ལ་རིན་ཆེན་སྣ་ལྔ་དཀར་གསུམ་མངར་གསུམ་ཤིང་ཏོག་དང་བཟང་དྲུག་སོགས་མེ་ཏོག་སྣ་ཚོགས་དྲི་བཟང་ཅན་གྱི་སྤོས་སྣ་གང་འཛོམས་བཅས་སྤུས་གཙང་ཡིད་འོང་གལ་ཆུང་དུ་མ་སོང་བའི་གྲབ་ཚགས་སུ་ཚད་པར་བསགས་ནས། ཚིག་བཤད་སྟོང་རེའི་མཚམས་སུ་བརྗེ་ལེན་མཛད་ནས། རྗེས་སུ་འབྲུ་རིགས་སྤྲང་སློང་དང་བྱ་བྱེའུ་ལ་སྦྱིན་པ་བྱས་སོ། །

དམ་པ་མཆོག་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་ཚེ་དབང་བོད་ཡུལ་མའི་སྒྲུབ་པ་ལ་བཞུགས། ཐུན་སྲིང་རྣམས་སུ་གཉུག་མར་གནས་པའི་སློབ་མ་གཅུང་པོ་འོད་ཟེར་མཐའ་རྒྱས་དང་།སྐུ་ཚ་ཉི་མ་འོད་ཟེར་། ཁུ་བོ་བྱང་ཆུབ་རྒྱལ་མཚན། ཚུལ་ཁྲིམས་མཆོག་ལྡན། ཚུལ་ཁྲིམས་འགྱུར་མེད། ཚུལ་ཁྲིམས་བློ་ལྡན། ཚུལ་ཁྲིམས་དབང་གྲགས། སྐུ་ཚ་དཔལ་མཆོག་སོགས་ལ་བློ་དང་འཚམས་པའི་དབང་ལུང་ཁྲིད་གསུམ་གནང༌། ཐུན་བར་སྐབས་བསྙེན་པ་བགྲང་བཞིན་དུ་དབལ་མི་འབྲོང་རིར་ཞབས་སྐོར་ཕེབས་པ་མཛད།

ས་སྟག་སྤྱི་ལོ་ ༡༩༩༨ དགུང་ལོ་སོ་གསུམ་ཕེབས་པའི་ཟླ་བ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་བོད་ཡུལ་མའི་སྐུ་མཚམས་ལས་གྲོལ། ཟླ་བ་གསུམ་པའི་ཡར་ཚེས་ནང་དམ་པ་མཆོག་དང་སྐུ་ཚ་ཉི་མ་འོད་ཟེར་གྲྭ་བཙུན་བསྟན་འཛིན་ཚུལ་ཁྲིམས། དཔོན་སློབ་གསུམ་གྱི་སྔར་ལོ་ལྟར་ཞག་མ་དྲུག་ཅུ་སྐོར་ལ་སྔོན་འགྲོ་འབུམ་དགུ་ཚར་གཅིག་བསགས་སྦྱང་སྒོམ་བཟླ་ཟུང་འཇུག་གི་སྒོ་ནས་ཚིག་དོན་ཡ་མ་བྲལ་བར་ཉམས་སུ་བླང༌། དེ་མཚམས་བསམ་ལྷུན་བསྙེན་མཚམས་སུ་བཞུགས། ཟླ་བ་དྲུག་པ་ཡས་མས་ཙམ་དུ་སྐྱབས་རྗེ་སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་ཡབ་ཡུལ་དུ་ཕྱག་ཕེབས་ནས་ཁྱུང་ཡུལ་དགོན་སྡེ་ཁག་ལ་ཆིབས་བསྒྱུར་ནས་དབང་ལུང་ཁྲིད་གསུམ་གནང་སྐབས་དེ་གར་ཕེབས་ནས་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་པར་མཛད་དོ། །

ཟླ་བ་བརྒྱད་པའི་ཚེས་༼་་་་༽སྐོར་ནས་གེ་ཁོད་བསྙེན་སྒྲུབ་མཛད་ནས་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ཉིན་གེ་ཁོད་མཚམས་ལས་གྲོལ་ནས་སླར་འབྲུག་གསས་རྩ་སྒྲུབ་ཀྱི་མཚམས་ལ་བཞུགས། དམ་པ་མཆོག་གི་གཅུང་པོ་མཐའ་ཞུ་འོད་ཟེར་མཆོག་སྔོན་རྐོང་པོ་བོན་རི་དང་ཙ་རི་བཅས་ལ་གནས་སྐོར་ཕེབས་ནས་ཟླ་བ་བཅུ་གཉིས་པའི་ཚེས་ལྔ་ལ་ཚུར་འབྱོར་ཏེ་རི་ཁྲོད་དུ་ཕེབས་སྐབས་ཁོང་གིས་བསྙེན་སྒྲུབ་ཀྱི་ཞོར་དུ་ཐོད་རྒལ་གྱི་ཉམས་ལེན་སྐྱོང་བཞིན་བཞུགས་འདུག་གསུང༌། དེའི་སྐོར་ཞོགས་པ་ཤར་དགོང་མོ་ནུབ་ཕྱོགས་ཀྱི་ཉི་ཟེར་ལ་གཟིགས་བཞིན་ཡོད་ཀྱང༌། ཟླ་བ་དང་པོའི་ཕྱིན་ཆད་དེ་ལས་ལྡོག་སྟེ་གཟིགས་པར་ཐོས་སོ། །དེ་དུས་མཐའ་ཞུ་འོད་ཟེར་མཐའ་ཡས་ཁོང་གིས་ཞུས་པའི་ངོར་བྱང་སེམས་བརྒྱ་རྩ་པ་དང་ལྔ་བཅུ་པའི་ཁྲིད་རྒྱས་པ་ཞིག་དང་ཞལ་ཟས་མར་མེ་ལ་སོགས་རྣམ་ལྔ་བརྒྱ་རྩ་བརྒྱད་བཤམས་ནས་འོད་ཟེར་མཐའ་ཡས་འཁོར་དང་ཁོང་གི་ཨ་ཁུ་བྱང་ཆུབ་བཅས་ལ་བྱང་སེམས་ཀྱི་སྡོམ་པ་གནང༌། མཐའ་ཞུ་འོད་ཟེར་ཁོང་ལ་མཚན་གཞན་ཕན་བདེ་ཆེན་སྙིང་པོ་ཞེས་གསོལ་ནས་བསླབ་བྱ་སེམས་ལ་ཅི་ཕན་གནང་མཛད་དོ། །

དམ་པ་མཆོག་དགུང་ལོ་སོ་བཞི་ས་ཡོས་ལོའི་ ༡༩༩༩ ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་སྐུ་མཚམས་ལས་གྲོལ་ཏེ། ཟླ་བ་གསུམ་པའི་ཚེས་ཉི་ཤུ་བར་ཐུན་མཚམས་སུ་ཆུ་གཏོར་འབུམ་ཐེར་གཅིག་གཏོང་གནང་མཛད། དེ་རྗེས་སྟེང་ཆེན་དགོན་ཚེ་དབང་རྣམ་རྒྱལ་དང༌། ཁྱུང་ནག་དགོན་ཤེས་རབ་ཚུལ་ཁྲིམས་ཀོ་དགོན་ཚུལ་ཁྲིམས་ཕུན་ཚོགས་སོགས་སློབ་མ་མང་པོས་ཞུས་པའི་ངོར་བོད་ཟླ་བཞི་པ་ནས་དབུ་བཙུགས་ཏེ། དབྱིངས་རིག་མཛོད་དང༌། ཀུན་བཟང་སྙིང་ཐིག ཉམས་ཁྲིད་སྙིང་གི་རྒྱ་ཅན། ཚེ་དབང་བོད་ཡུལ་མའི་ཁྲི་སྐོར་བཅས་ཟླ་བ་བཞི་ལྷག་ཙམ་ལ་ཁྲིད་སྨར་བ་དང༌། རྫོགས་ཆེན་དབང་བཞི་བཅས་གནང་ངོ༌། །དེ་རྗེས་དམ་པ་རི་ཁྲོད་པ་མཆོག་དང༌། སྐུ་ཚ་ཉི་མ་འོད་ཟེར། ཁུ་བོ་བྱང་ཆུབ་རྒྱལ་མཚན། ཚུལ་ཁྲིམས་འགྱུར་མེད། ཚུལ་ཁྲིམས་བློ་ལྡན་བཅས་དཔོན་སློབ་ལྔའི་ཉམས་ལེན་གྱི་བོག་འདོན་དུ་དགོངས་ནས་རྩ་རླུང་སྦྱང་བརྩོན་མཛད་དེ་ཞག་མ་བརྒྱ་ཚང་ལ་ཁད་དུ་བོད་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་ཡབ་པད་མ་ཀུན་ལེགས་ཆ་ལུགས་ལྔ་ལྡན་སྐུ་ལུས་གཡོ་མེད་དྲང་པརོ་བསྲང་སྟེ་སྐུ་ཞི་བདེར་གཤེགས་སོང༌། ཁོང་གིས་གཅུང་པོ་འོད་ཟེར་མཆོག་གིས་མཐའ་ཞུ་རི་ཁྲོད་པ་མཆོག་དང་ཨ་ཁུ་བཅས་ལ་སྐུ་མཙམས་བཞེངས་ཏེ་མཐའ་ཞུ་བླ་བྲང་དུ་ཡབ་ཀྱི་དགུང་ཞག་བཞུགས་རོགས་ཞུས་པའི་ངོར་རི་ཀྲོད་པ་མཆོག་གིས་ད་ཡབ་ཀྱི་ཞལ་ནི་མཇལ། ང་གར་བསྡད་ཀྱང་ཁྱད་མེད། འོན་ཀྱང་གཅུང་པོ་ཁྱེད་ཀྱི་བསམ་ཚུལ་ལྟར་བྱེད་ཆོག་གསུངས་ནས་སྐུ་མཚམས་ལས་བཞེངས་ཏེ་མཐའ་ཞུ་ཁྱིམ་ཚང་དུ་ཕེབས་ནས་ཡབ་ཀྱི་སྐུ་གདུང་མདུན་ངོ་སྤྲོད་དང་གསོལ་འདེབས་འཕོ་བ་སོགས་མཛད། ཞག་གསུམ་གྲོས་བཞི་ཉིན་ནས་དགུང་ཞག་ཞེ་དགུ་རིང༌། མཐའ་ཞུ་རི་ཁྲོད་པ་མཆོག་དང་གྲྭ་བཙུན་གཅིག་གིས་ཞི་ཁྲོ་དགོངས་འདུས་དཀྱིལ་འཁོར་ཞལ་ཕྱེས་ནས་ཉིན་རེ་ཚོགས་འཁོར་རྒྱས་བསྡུས་ཚར་གཉིས་རེ་བཏང་མཛད། གྲྭ་བཙུན་བཅུ་གཅིག་གིས་ཀློང་རྒྱས་མཚན་བརྗོད་དང་མཆོད་སྦྱིན་ལེགས་པར་བྱས་ཤིང༌། ཁྱུང་ནག་ལྷ་སྡེ་དང་དབུ་ཁྲིད་རྣམ་པས་རོགས་བསྐྱོར་ཆེས་ཆེར་བྱས་ཏེ། ཀུན་རིག་ལས་བཞི་རྒྱུན་ལྔ་རྒྱས་པ་ཆ་གསུམ་དང༌། ཀློང་རྒྱས་སྟོང་ཤིང་ཆ་གཅིག་བཅས་གྲ་སྒྲིག་ལེགས་པར་མཛད་ནས་བླ་གྲྭ་བཅོ་བརྒྱད་ཙམ་གྱི་ཉིན་བཅུ་འདོན་ཚོས་བྱས། གདུང་ཞུས་དང༌། ལུས་ཡིག་གསེར་བྲིས་བཅས་སྦྱར་ནས་མེ་སྤར་སྐབས་མཐོང་གྲོལ་རྣམ་ལྷ་རིན་པོ་ཆེ་གདན་དྲངས་ནས་སྐུ་གདུང་ཞུག་ལ་ཕུལ་བས་སྐབས་དགུན་ཡིན་ཡང་དགུན་ཁང་གི་ཤར་ཕྱོགས་ནམ་མཁར་འཇའ་འོད་སྣ་ལྔའི་གུར་ཁྱིམ་བཀྲ་ལམ་མེ་བ་ཉི་ཤར་ནས་ཉི་གྲོས་བར་ཤར་བ་ཡུལ་སྡེ་ཚང་མས་མཇལ་ཁ་ཐོབ་པ་མ་ཟད། ནམ་མཁའ་ནས་སྒྲ་གྲགས་པ་དང་ས་གཡོ་བ་སོགས་སྐྱ་སེར་ཚང་མར་དགེ་སེམས་སྐྱེས་པ་དང་ངེས་འབྱུང་ཤར་བ་བཅས་ལྟས་བཟང་པོ་བྱུང་ངོ༌། །

རྗེས་འཇུག་དད་རྟེན་ཤ་རི་རམ་དཀར་པོ་གསུམ་དང་འཕེལ་གདུང་རིང་བསྲེལ་ཤེལ་མདོག་ལྟར་དཀར་དམར་སྔོ་ལྗང་སོགས་གྲངས་མང་བྱོན་འདུག་གོ། །དགུང་ཞག་ཞེ་དགུའི་ནང་དུ་མཐའ་ཞུ་རི་ཁྲོད་པ་མཆོག་ཉིད་གཙོས་པས་བསྙེན་སྙུང་ཆ་ཉེར་གཅིག་འགྲོ་བར་བྱས། ཁོང་གིས་འདུལ་ཆོག་ལྷ་འཁོར་ཆ་ཚང་གི་ཐང་སྐུ་གཅིག་དང༌། ངན་སོང་སྒོ་གཅོད་ཀྱི་ཐང་སྐུ་གཅིག་བཅས་བཞེངས། སྟོན་པའི་སྐུ་འདྲ་གསེར་ཟངས་ཅན་ཁྲུ་གང་བ་གཅིབ་བསླུས། གཡུང་དྲུང་སེམས་དཔའི་སྒྲིབ་སེལ་ལྟུང་བཤགས་ཀྱི་རྡོ་འབུམ་ཚར་གཅིག་གི་འགྲོ་སོང་བཏང༌། འབོ་ལོག་ནོར་བུ་ནས་ཐར་མདོའི་རྡོ་འབུམ་ཚར་གཅིག་གདུང་འདབ་མཆོད་འབུལ་བྱས། ཟླ་བ་དང་པོའི་ཚེས་ཉེར་བརྒྱད་ཉིན་དགུང་ཞག་ཞེ་དགུ་གྲོལ་ནས་ཡར་རི་ཁྲོད་དུ་ཕེབས་ཏེ་གདུང་རུས་དང་གདུང་ཐལ་ཚང་མ་སཙྪཱ་གདབ་ནས་དབལ་མོ་འབྲོང་རིའི་རྩེར་བྲག་ཕུག་ཏུ་བཞུགས་སུ་གསོལ། མཐའ་ཞུ་རི་ཁྲོད་པ་མཆོག་དགུང་ལོ་སོ་ལྔ་ལྕགས་འབྲུག་ལོ་ ༢༠༠༠ ཟླ་བ་གཉིས་པའི་ཚེས་བཅུ་ཉིན་ཨ་དཀར་སྒྲིབ་སྦྱང་ཞེ་དགུ་གཅིག་བཞུགས་མཛད། ཁོང་གི་གཅུང་པོ་འོད་ཟེར་མཆོག་ཟླ་བ་ལྔ་པའི་ཚེས་གཅིག་ཉིན་ལྷ་སར་ཕྱིན་ནས་རྩེ་ཕོ་བྲང་པོ་ཏ་ལ་དང་ར་མོ་ཆེའི་ལྷ་ཁང་སེ་འབྲས་དགའ་གསུམ་བཀྲ་ཤིས་ལྷུན་པོ་བཅས་ལ་མཆོད་ཐིགས་བརྒྱབ།

གཡུང་དྲུང་གླིང་དང༌། སྨན་རི། གཤེན་ཚང༌། ཞུ་ཚང༌། རྨེའུ་ཚང་བཅས་ལ་བསྔོ་འབྲེལ་ཕུལ་སོང་ནས་ཟླ་བ་གཉིས་ལྷག་འགོར་ཏེ་རང་ཡུལ་དུ་འཁོར། ཁོང་གིས་གཅེན་པོ་ལ་གསོལ་བ་བཏབ་པའི་ངོར་ཟླ་བ་བཞི་པའི་ཡར་ཚེས་ནང་མར་བླ་བྲང་དུ་ཕེབས་ནས་བཀའ་འགྱུར་དང་བརྟེན་འགྱུར་བཞན་ཡི་གེ་ཁ་ཐོར་སྤར་ལ་པོད་གྲགས་ཉིས་བརྒྱ་ལྷག་གི་དཀར་ཆག་མཛད་བྱང་ལེའུ་གྲངས་རྩིས་རྒྱ་བཅས་མཛད་དོ། །

ཟླ་བ་བཞི་པའི་ཚེས་བཅུ་གསུམ་ཉིན་ཡུལ་དགོན་ཚང་མས་རེ་འདུན་ལྟར་ཁྱུང་ནག་དགོན་པའི་བླ་གྲྭ་མཁན་སློབ་རྣམ་པའི་ཁོང་ཁྱུང་ནག་དགོན་བསམ་གཏན་གླིང་དུ་གདན་དྲངས་ནས་དགོན་པའི་དབུ་བླ་རུ་ཁྲི་བསྐོས་བྱས་ཁོང་ནས་འགྱེད་དང་མང་ཇ་གནང་བར་མཛད། སྐབས་དེར་ཁོང་གིས་བཀའ་སློབ་གསུང་དོན་ཁྱེད་བླ་སྤྲུལ་མཁན་པོ་རྟོགས་ལྡན་གྲྭ་བཙུན་རྣམ་པས་རང་ཁྲིམས་རང་གི་བསྡོམ་སྟེ་སངས་རྒྱས་བསྟན་པའི་རྐང་འཛིན་ནས་གཞན་གྱི་མིག་ལྟོས་ངན་པའི་དབང་དུ་མ་ཤོར་བ་མཛད་རོགས། ཞེས་ངའི་རེ་བ་ཡིན་སངས་རྒྱས་ཀྱི་བསྟན་པ་ནི་ཚུལ་ཁྲིམས་ཡིན། ཚུལ་ཁྲིམས་ནི་དགེ་འདུན་གྱི་སྡེ་ལ་རགས་ལས་པའི་ཁྱེད་འགྲོ་འདྲེན་ལ་རེ་བ་རྣམ་པའི་དབུ་ཁྲིད་དེ་དགོན་པར་བཞུགས་ནས་ཡང་དག་ཐར་པའི་ལམ་མ་ནོར་བ་བཤད་སྒྲུབ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འགྲོ་རྣམས་ཐར་པའི་ལམ་ལ་བཀྲི་ནས། བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་དགོས་པ་ལས། བོན་ལ་སྦྱང་བརྩོན་བྱས་པ་ཚང་མ་སྤྱོད་ཡུལ་གྲོང་དུ་མཛད། མི་ཚེ་དཀོར་ནག་ལ་འབག་ན། འདི་ཕྱིའི་དོན་གང་ཡང་མི་འགྲུབ་པས། ཅིས་ཀྱང་མི་མཛད་རོགས་གྱིས། ཁ་རྒྱབ་གཉིས་ནི་ཉམ་ཆུང་བྱིའུས་ཀྱང་སོས་པས། ཁྱེད་འགྲོ་འདྲེན་ལ་རེ་བ་རྣམ་པས། སངས་རྒྱས་བསྟན་པའི་ཆེད་དུ་བཤད་སྒྲུབ་ཀྱི་སྲོལ་ཚུགས་ཐུབ་མཛད་ནས་ཡུལ་སྡེ་དང་སྦྱིན་བདག་རྣམ་པའི་རེ་ལྟོས་ལ་མ་ཤོར་བ་རེ་བ་ཆེ། ཞེས་དང༌། སྤྱིར་ལྷ་སྐུ་གསེར་གདུང་ལས་སོགས་དད་རྟེན་བཞེངས་དགོས་ཀྱང༌། སྙིགས་དུས་འདིར་ཡུལ་དུས་ཀྱི་འཕོ་འགྱུར་ཆེ་བས་གཙོ་བོ་ནི་བཤད་སྒྲུབ་ཀྱི་བསྟན་པ་ཚུགས་ཐབས་མཛད་ནས། མ་འོངས་གཞོན་ནུ་གྲྭ་བཙུན་ཡར་ཚར་རིགས་ཐོས་བསམ་ཡོན་ཏན་ལྡན་པ་བྱ་རྒྱུ་དེ་གལ་ཤིན་ཏུ་ཆེ་བར་མཐོང་ངོ༌། །ཞེས་ཡང་ཡང་གདམས་པ་མཛད་དོ། །

དེ་ནས་དགོན་པ་འདིར་གཏན་བཞུགས་མཛད་རོག་ཅེས་སྡེ་ཚང་མའི་ཞུས་པ་བཞིན་བཞུགས་དགོངས་ཀྱང་དགོན་པའི་འགན་འཛིན་རྣམ་པའི་བཞུགས་སའི་ཁང་པ་སོགས་ཆ་རྐྱེན་གནས་སྐབས་མ་ཚང་ཞུས་པས་རི་ཁྲོད་དུ་ཡར་ཕེབས་ནས་དྲན་པ་ཚེ་སྒྲུབ་ཀྱི་སྨན་རྫས་འཛོམས་པར་བསགས་ཏེ། ཚེ་རིལ་བྱས་ནས་སྒྲུབ་པ་མཛད་དེ་བཞུགས། ཟླ་བ་བརྒྱད་པའི་ཚེས་ལྔ་ཉིན་ནག་སྟོད་ཚུལ་ཁྲིམས་མཐར་ཕྱིན་མཐའ་ཞུ་རི་ཁྲོད་པའི་མདུན་འབྱོར་ནས་རི་ཁྲོད་འདིར་གཏན་སྡོད་བྱས་ནས། དེ་སྦྱོར་སྒྲུབ་བསམ་པ་ཡིན་ཞུས་པས། ཁོང་གིས་དེ་ལྟར་ཡིན་ན་ལེགས་སོ། །རང་རེ་རྣམས་དབེན་གནས་ལ་དུས་རྟག་ཏུ་བསྡད་ཐུབ་པ་དགོས། རྣམ་གཡེང་སོས་དལ་དུ་མི་ཚེ་ཕུལ་བའི་མི་ཕན་པར་བརྩོན་འགྲུས་དྲག་པོའི་ཉིན་མཚན་འཁོར་ཡུག་ཏུ་དགེ་སྦྱོར་ཆུ་བོའི་རྒྱུན་ལྟར་འབད་དགོས་གསུངས་སོ། །

ཟླ་བ་དགུ་པའི་ཚེས་བཅོ་བརྒྱད་ཉིན་ཚེ་སྒྲུབ་མཚམས་ལས་གྲོལ། ཟླ་བ་བཅུ་པའི་ཚེས་གཅིག་ཉིན་འབྲུག་གསས་རྩ་སྒྲུབ་ཀྱི་བསྙེན་མཚམས་ལ་བཞུགས། དེ་སྐོར་སྔོན་འགྲོ་ཞུ་མཁན་རྣམས་ལ་ཐུན་བར་རྣམས་སུ་ཁྲིད་སྨར་བ་གནང༌། མཆོག་ཉིད་དགུང་ལོ་སུམ་ཅུ་ལྕགས་སྦྲུལ་ལོ་ཟླ་བ་དང་པོའི་ཚེས་བཅུ་ཉིན་སྐུ་མཚམས་ལས་གྲོལ། ཟླ་བཅུ་པའི་ཚེས་ཉི་ཤུ་ནས་རི་ཁྲོད་པ་མཆོག་དང་སློབ་བུ་རྒྱ་མཙོ་གཉིས་སྔར་ལོ་ལྟར་ཟླ་བ་གཉིས་ལ་སྔོན་འགྲོ་འབུམ་དགུ་བསགས་སྦྱང་འགྲོ་ངེས་སུ་མཛད། འདི་བརྩིས་པའི་སྔ་ཕྱི་སྔོན་འགྲོའི་བསགས་སྦྱང་འབུམ་དགུ་ཐེངས་དྲུག་ཡིན་གསུངས་སོ། །

ཟླ་བ་བཞི་པའི་ཡར་ཚེས་ནང་དད་ལྡན་སྦྱིན་བདག་རྣམས་ཀྱིས་ཕུལ་བའི་ཟང་ཟིང་དང་དངུལ་སོགས་རྒྱུ་ནོར་གང་ཡོད་གཏོང་མཛད་པ་དང་ཁོང་གི་གཅུང་པོ་འོད་ཟེར་ནས་ཀྱང་དངུལ་བརྒྱ་ཕྲག་ཁ་ཤས་བཏང་ནས་ཇོ་འབུམ་རེ་ལ་སྒོར་བརྒྱ་དང་ཉེར་ལྔ་རེ་ཡིན་པ་ཉིས་བརྒྱ་བརྒྱད་ཅུ་བསླུས་ཏེ་འཁོར་ཆེན་གཉིས་བཞེང་རྩིས་མཛད། བཀྲི་བྱེད་རས་དཀར་༼ཀང་ཁྲེ་༽བཞི་བརྒྱ་ལ་ཡིག་བརྒྱ་པར་གདབ་པ་དང་གཡག་ཀོ་སྲོག་ཤིང་ལྕགས་མདའ་སྦུ་གུ་སོགས་ཆ་ཚང་གྲབ་ཚགས་སུ་ཚུད་པར་མཛད་ནས་རང་དགོན་བསམ་གཏན་གླིང་དུ་འཛུགས་པར་དགོངས་ཀྱང་འགན་འཛིན་བསམ་དགེ་མཆོག་གིས་ཁང་པའི་ཆ་རྐྱེན་མེད་གསུང་ནས་འཛུག་མ་བཅོལ་བས་འཁོར་ཁང་གཅིག་བཞེངས་དགོས་དགོངས་ནས་བཞུགས།

ཟླ་བ་ལྔ་པའི་ཚེས་གཅིག་ནས་དྲན་པ་ཡང་གསང་གི་བསྙེན་སྒྲུབ་མཛད། དེའི་སྐོར་ཧོར་ལུང་དཀར་དགོན་པའི་གྲྭ་བཙུན་བློ་གྲོས་ཡེ་ཤེས་རི་ཁྲོད་དུ་འབྱོར་ནས་དམ་པ་མཆོག་ལ་ཞུས་པས་ངོར་དབྱིངས་རིག་མཛོད་ཉམས་ཁྲིད་སྙིང་ཐིག་སྐུ་གསུམ་རང་ཤར་ཐར་ལམ་སྡེ་དྲུག་མ་རྒྱུད་གཅོད་ཁྲིད་བཅས་ཁྲིད་ཟབ་རྒྱས་པར་མཛད་དོ། །ཟླ་བ་གཉིས་པའི་ཚེས་གཅིག་ནས་རྟེན་རྫས་སོགས་ཚང་བར་བསགས་ཏེ་དྲེའུ་དམར་ནག་བདུད་བཙན་རྒྱལ་པོ་བཅས་ཀྱི་བསྙེན་སྒྲུབ་མཛད།

ཟླ་བ་བཅུ་པའི་ཚེས་གཅིག་ཉིན་ནས་འབྲུག་གསས་རྩ་སྒྲུབ་ཀྱི་སྐུ་མཚམས་ལ་བཞུགས་སོ། །སྔ་ཕྱི་སྐུ་མཚམས་ནམ་བཞུགས་ཀྱང་ཉི་རྭ་ཆུང་ངུ་ལས། སྒོ་ཕྱིར་བྱོན་མྱོང་མེད་ཅིང་སློབ་གཉེར་བ་མ་གཏོགས་མཇལ་ཁ་མི་གནོང་ཞིང་བསྙེན་པ་བགྲང་དུས་གཞན་དང་ངག་མི་བསྲེ་བར་སྨྲ་བ་བཅད་དེ་དགེ་སྦྱོར་ལ་སྙིང་རུས་དང་བརྩོན་འགྲུས་ཤིན་ཏུ་ཆེན་པོ་མཛད་པ་ནི་རྒྱུས་ཡོད་དང་ཉེ་གནས་ཀུན་ཡིད་རང་དད་པའི་གནས་སུ་གྱུར་བར་མཛད་དོ། །

བོད་རབ་བྱུང་བཅུ་བདུན་ལྕགས་སྦྲུལ་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉི་བློ་གྲོས་ཡེ་ཤེས་དབལ་མོ་འབྲོང་རིའི་རྩེ་སྐོར་བྱོན་སྐབས་དགུན་ཟླ་ཡིན་ཀྱང་ལྷོ་ཕྱོགས་ནམ་མཁའི་མཐོང་ནས་ཁ་དོག་རྣམ་པར་བཀྲ་བའི་འཇའ་སྣེ་རྗེ་བཙུན་རི་ཁྲོད་པའི་མཚམས་ཁང་ཕྱོགས་སུ་ཟུག་པར་མཇལ་ཡོད་པ་འདུག ཡང་ཕྱི་ཉིན་ཚེས་བཅུ་བཞི་ཉིན་འཇའ་འོད་ཀྱི་གུར་ཁང་ལྟ་བུ་ཉེར་སྐོར་ཀུན་ཏུ་འཁྲིགས་ས་ཚང་ས་མཇལ་བས། ཉེ་གནས་རྣམས་ཀྱི་ཅ་ཡིན་ནམ་སྙམ་པ་བྱུང༌། ཚེས་བཅོ་ལྔ་ཉིན་ཡང་ལྷོ་ཕྱོགས་ནས་འཇའ་འོད་དཀར་སེར་དམར་ལྗང་རྣམ་པར་བཀྲ་བའི་འཇའ་སྣེ་གཟིམ་ཁང་སྟེང་ཟུག་འདུག་པ་ཚང་མས་མཇལ། ཞོགས་པ་དང་ཕྱི་དྲོ་ཁ་བའི་མེ་ཏོག་འདབ་ལྔ་ལྡན་དང་དྲུག་ལྡན་བཅས་མངོན་པར་བབས།

ཚེས་བཅུ་དྲུག་ཉིན་ཞོགས་པ་མེ་ཏོག་གི་ཆར་པ་རྒྱུན་མ་ཆད་པར་བབས་ནས་འཇའ་འོད་ཀྱི་རི་ཁྲོད་པའི་མཚམས་ཁང་གི་ཕྱོགས་ཡོངས་ནས་བསྐོར་ཏེ་འཇའ་འོད་ཀྱི་གུར་ཕུབ་པ་ལྟ་བུ་ཚང་མས་མཇལ། དམ་པ་མཆོག་ཕྱི་དྲོ་ཆུ་ཚོད་གསུམ་པར་གློ་བུར་དུ་སྙུང་ནས་དབུགས་ཀྱི་རྒྱུ་བ་མ་ཡལ་ཙམ་མ་གཏོགས་ཞལ་གྲགས་རྒྱུ་མེད་པ་གྱུར་སོང༌། ཉེ་གནས་སློབ་མ་རྣམས་ཀྱིས་སྨན་པ་གདན་འདྲེན་ཟུས་མི་དང༌། དམ་པ་མཆོག་གི་གཅུང་པོ་འོད་ཟེར་མཐའ་རྒྱས་འབོད་དུ་བཏང༌། ཆུ་ཚོད་ལྔ་པ་ཙམ་ནས་སྤྱན་གཟིགས་ཏེ་ཞལ་ཅུང་གྲགས་རྒྱུ་འདུགས་ཁྱེད་ཚོས་ང་ལ་མ་འཐམས་པར་མར་སྡོད་གསུངས། དེ་ནས་ག་ལེན་སྙུང་བསྲེང་སྟེ་སྐུ་ཁམས་སྔར་ལྟར་བསྟན་མཛད་ནས། སློབ་མ་རྣམས་དང་ཉེ་གནས་ཀུན་ལ་མཐའ་ཞུ་རི་ཁྲོད་པ་མཆོག་གི་ཞལ་ནས་སྔོན་རྫོགས་པའི་སངས་རྒྱས་སྟོན་པ་གཤེན་རབ་མི་བོ་ཡང་སྐུ་མི་རྟག་མྱ་ངན་ལས་འདས་པའི་ཚུལ་བསྟན། དེ་བཞིན་རྒྱལ་སྲས་གཡུང་དྲུང་སེམས་དཔའ་ལ་སོགས་གྲུབ་ཐོབ་གཤེན་པོ་རིམ་བྱོན་རྣམས་ཀྱང་སྐུ་ཞི་བར་གཤེགས། དེ་ལྟར་མཐོ་རྒྱལ་པོ་ནས་དམའ་སྤྲང་སློང་འབྱོར་ཕྱུག་བཙན་ཉམ་ལས་སོགས་སྐྱེ་འགྲོ་སྲོག་ཆགས་ཚང་མ་འཆི་བ་ལས་མ་ཐར། དེས་ན་ཚང་མ་འགྲོ་ས་འདི་ལས་མེད་པས། ང་འཆི་བ་ལ་བློ་འགྱོད་དང་སེམས་ཁྲལ་ཅུང་ཙམ་ཡང་མེད། ང་ཕོ་ལོ་བཅོ་བརྒྱད་ནས་ད་ལྟ་བར་དུ་དགེ་སྒྲུབ་སྡིག་སྤང་ཅི་ནུས་བྱས་པ་ཡིན། ཁྱེད་ཆོས་མི་ཚེ་ཡུད་ཙམ་འདི་ལ་ཕྱི་ཚུལ་གཏམ་སྙན་གྲགས་ཁ་རྒྱབ་ལྟོ་གོས་བཅས་ཀྱི་ཆེད་དུ་མ་སོང་བར་མཆོག་གསུམ་དཔང་པོ་བཞག་སྟེ་རང་གི་རང་ལ་མ་ཁྲེལ་བར་སྦྱོར་དངོས་རྗེས་གསུམ་ཚང་བར་འབད་བརྩོན་ལྷོད་མེད་བྱས་ཏེ་ཚེ་ལྷག་གང་ཡོད་དགེ་སྦྱོར་གནད་དུ་འཁེལ་བ་མཛོད་དང་ང་བློ་བདེ་བ་ཡིན། ཁྱད་པར་དུ་ང་བླ་མ་རྩི་མཁན་ཁྱེད་རྣམས་ལ་ངའི་རེ་བ་ཆེ་ཤོས་ནི་ངོ་ལྐོག་མེད་པའི་སྡོམ་པ་དམ་ཚིག་མིག་འབྲས་བཞིན་སྲུང་བའི་རེ་བ་ཤིན་ཏུ་ཆེ། ཉ་སྟོང་ཚེས་བརྒྱད་རྣམས་ལ་བསྙེན་སྙུང་གི་སྡོམ་པ་སྲུང་ན་ཕན་ཡོན་བསམ་བརྗོད་ལས་འདས་པ་ཡོད། འོན་ཀྱང་ཉ་ཁྲིམས་ཤ་ཆང་སྒོག་གཙོང་ལས་སོགས་མི་དགེ་བ་སྤང་ན་ཡང་ཕན་ཡོན་ཆེན་པོ་ཡོད་གསུངས་སོ། །

སྐབས་དེར་ཁོང་གི་གཅུང་པོ་འོད་ཟེར་མཐའ་རྒྱས་འབྱོར་བས་ད་གཅུང་པོ་འོད་ཟེར་ཁྱེད་ཕེབས་པ་ལེགས་གསུངས། ཁོང་གིས་རྩ་བལྟས་པས་རྩ་འཕར་གྲངས་ཚད་ལས་འདས་ཏེ་ལྟ་རྒྱུ་མི་འདུག་ད་ཅི་དྲག་སྙུང་གཞི་ཤིན་ཏུ་ཐུ་མོ་རེད་ཞུས་པས། དམ་པ་མཆོག་གི་སློབ་ཚུལ་མཐར་དང་ཨ་ཁུ་གཉིས་ནས་ང་ཚོས་ཁུར་ཏེ་རྫོང་སྨན་ཁང་དུ་གདན་དྲངས་ན་ཡག་གི་རེད་ཞུས་སོང་བས། མཐའ་ཞུ་རི་ཁྲོད་པ་མཆོག་གིས་གལ་གལ་སྐྱོན་གྱི་མ་རེད། ད་ལྟ་དེ་དགེ་བའི་བར་ཆོད་ཙམ་རེད། ང་སྨན་ཁང་དུ་འགྲོ་རྒྱུ་མིན་སེམས་ཐག་ཡིན་གསུངས་སོ། །

འོད་ཟེར་མཆོག་གིས་དེ་འདྲ་མ་གསུངས་ད་ལྟ་སྙུང་ཤིན་ཏུ་ལྗིད་པས་སྨན་བཅོས་བྱེད་དགོས། སྐུ་མཚམས་རྗེས་སུ་བཞུགས་ཆོག་གི་རེད། ད་ལྟ་ཁོང་རྣམས་གཉིས་ཀྱིས་ཞུས་པ་ལྟར་བྱེད་རོགས། ཞེས་ཞུས་པས། འོད་ཟེར་ཁྱེད་ཨུ་ཚུགས་མ་བྱེད་གཞེས་ཉིན་ཙམ་མ་དྲག་ན་འགྲོ། ད་ལྟ་ཁྱེད་ལ་སྨན་འདྲ་ཡོད་ན་ཟ་ཆོག་གསུངས། གུས་པ་ཁོང་གིས་སྨན་རྣམས་རིམ་བཞིན་ཕུལ། དམ་པ་མཆོག་གིས་ཡི་གེ་གསུང་གྲབས་མཛད་འདུག་པས། འོད་ཟེར་ཁོང་གིས་འདོན་ཡོང་ཁྱེད་སྐུ་ངལ་གསོ་དགོས་ཞུས་པ་ཡིན་ཀྱང༌། དམ་པ་མཆོག་གིས་ཨ་དཀར་སུམ་སྟོང་མ་ཏྲི་ས་ལེ་འོད་བརྒྱ་སྐོར་ཡིག་བརྒྱ་ཉེར་གཅིག་བཅས་གསུང་བཞིན་བཞུགས། འོད་ཟེར་ཁོང་གིས་འབྲུག་གསས་རྩ་སྒྲུབ་སྐུ་བསྟོད་དང་བཀའ་སྐྱོང་བྲོ་ཚེ་སྒྲུབ་སོགས་ཞལ་འདོན་ཚང་མ་བཏོན་པ་ཡིན་གསུངས།

དེ་སྐབས་དམ་པ་མཆོག་ཅི་ཡང་སྙུང་མེད་པ་ལྟ་བུར་མཛད་ནས་གསུར་བསྔོ་སྨོན་སོགས་གསུངས་ནས་བཞུགས། དེ་ནས་དྷ་རུ་བཀྲོལ་ཏེ་ལུས་སྦྱིན་མཁའ་འགྲོའི་གད་རྒྱངས་གསུངས་ནས་གཟིམས་སོང༌། ཐོ་རེངས་ཆུ་ཚོད་འཁོར་ལོས་༼༥།༣༠༽ཏང་ཏང་ཟེར་བའི་སྒྲ་བཏང་ཚེ་ཨ་ཀི་ཀ་ལི་གསུང་བཞིན་ཡར་བཞེངས་ཏེ་དྷ་རུ་བཀྲོལ་ཏེ་རྩ་རླུང་གསོལ་འདེབས་གསུངས་མཏར་དུག་རླུང་སོགས་སྔོན་དུ་བཏང་ནས་རླུང་ཐུན་ཉེར་གཅིག་ཙམ་བུད་མཛད། དེ་མཚམས་བླ་མའི་རྣལ་འབྱོར་གསུངས་ནས་ཉམས་ལེན་གྱི་ཏིང་འཛིན་ཐུན་གཅིག་བཞུགས་མཐར་ཨ་ཨོའཾ་ཧཱུྃ་གྱེར་སྤུངས་དྲན་པ་མུ་ལ་ཉེ་ལོ་ཡོ་ཧཱུྃ་འདུཿ ཞེས་སྟོང་གཅིག་བཟླས་ནས་ཆུ་ཚོད་བདུན་དང་སྐར་མ་སུམ་ཅུ་ཐོག་ཞོགས་ཇ་བཞེས། དེ་དུས་འོད་ཟེར་མཐའ་ཡས་ཀྱིས་ཆུ་རྟགས་དང་རྩ་བལྟས་པས་ཁྲག་མཐོ་བ་འདྲ་སྣང་ནས། ད་ལྟ་འདིར་མི་མང་པོ་འདུག་རྫོང་སྨན་ཁང་དུ་ཕེབས་རོགས་གྱིས། ཞེས་ཨུ་ཚུགས་བྱས་ནས་ཞུས་པ་མ་ཚད། ཁོང་གིས་ཕུར་པའི་སྒོ་དབྱེ་འདོན་རྩིས་བྱས་པས་གཅེན་པོ་ནས་ཨ་ཁ་འོད་ཟེར་མཐའ་ཡས་ཁྱེད་དེ་ལྟར་ཨུ་ཚུགས་མ་བྱེད་པར་ངས་བཤད་པ་ཉོན་དང་རྫོང་སྨན་ཁང་དུ་ཞག་ཁ་ཤས་རེད་ནས་འགྲོ། ངེད་སྤུན་གཉིས་དེ་སྔོན་གཅིག་བཤད་གཅིག་གིས་མ་ཉན་པ་ཧ་ལམ་ཡོད་ས་མེད། དེ་རིང་ངས་བཤད་པ་ཉོན་བསླུ་བ་མེད་པ་དཀོན་མཆོག་གསུམ་ཡིན་པའི་ཁྱེད་ཚོས་དྲན་པ་ཚེ་སྒྲུབ་བླ་བསླུ་འཆི་བསླུ་འདྲ་ཏོན་གསུངས། འོད་ཟེར་མཐའ་ཡས་ཁོང་གིས་ཡང་ན་ང་སྨན་ཁང་དུ་ཕྱིན་ནས་སྨན་ཉོ་སྟེ་མྱུར་དུ་སླེབས་འོང་མ་གཏོགས་རྩ་ཆུ་སོགས་གང་ལ་དཔྱད་ཀྱང་སྙུང་གཞི་ལྗིད་མོ་རེད་འདུག་ཞུས་པས་ཁྱེད་དེ་རིང་མ་འགྲོ། ང་སྐྱོན་མི་འདུག་རྩ་ཆུ་ཁ་སང་ལུས་དཀྲུགས་པས་རྐྱེན་རེད་གསུངས་ནས་མངགས་མ་གནང༌། ཁོང་བླ་གྲྭ་རྣམས་པས་ཚེ་སྒྲུབ་བཅས་ནས་གསུངས། རི་ཁྲོད་པ་མཆོག་ནས་བསང་དང་དཀར་བསུར། གཡུང་དྲུང་སེམས་དཔའི་སྒྲིབ་སེལ་ལྟུང་བཤགས་མ་རྒྱུད་བསྐང་བཤགས་བླ་སྒྲུབ་འདོད་འབྱུང་རིན་ཆེན་སོགས་ཞལ་འདོན་རྒྱུན་ལྡན་ལྟར་གསུངས་སོ། །འོད་ཟེར་མཏའ་ཡས་ཁོང་གིས་ཁྱེད་སྨན་ཁང་དུ་མ་ཕེབས་ཀྱང་དེ་རིང་ཡི་གེ་མི་གསུང་པར་སྐུ་ངལ་གསོས་ནས་བཞུགས་རོགས། སྙུང་བསྲེང་ན་ག་ལེར་བསྙེན་པ་གསུང་ཆོག་ཞུས་པས། རི་ཁྲོད་པ་མཆོག་གིས་ཡིག་གེ་བཏོན་པས་ཅི་སྐྱོན། ངས་དེ་རིང་ཅི་ཡང་ན་གི་མི་འདུག་གསུངས་ཏེ། འབྲུག་གསས་རྩ་སྒྲུབ་འཕྲིན་ལས་བཏང་ནས། ངག་བཅད་ཐུན་བཟུང་ནས་དབལ་ཕུར་བསྙེན་པ་བགྲངས་སོ། །ཉིན་དགུང་གསོལ་ཚིགས་སྐབས་རི་ཁྲོད་པ་མཆོག་གིས་ཁྱེད་ཚོས་རྨི་ལམ་བཟང་ངན་ཅི་འདྲ་གསུང་པས་འོད་ཟེར་མཆོག་ནས་ངེད་རི་དཀར་པོ་ཤིན་ཏུ་ཆེན་པོ་ཞིག་འདུག་པ་མཐོང་སྣང་ལ་དེར་སོང་བ་རི་དེ་ཚང་མ་ཅི་གུང་རེད་འདུག དེའི་རྩེར་ཤེལ་བུམ་གཅིག་འདུག་པ་མར་བླངས་པས་བུམ་པ་ནང་ཅི་གུང་བླུགས་ནས་ཁེངས་འདུག ངས་ཚུར་བླངས་པས་ལག་ནས་ཤོར་ཏེ་རི་དེའི་རྩར་ལྷུང་སོང༌། ཡང་དེར་སོང་བའི་རི་རྩ་དེ་ནི་མཚམས་ཁང་འདི་རེད་འདུག བུམ་པ་ནི་མཐོང་རྒྱུ་མི་འདུག མཚམས་ཁང་གི་ཕྱི་ནང་ཐམས་ཅད་འབྲས་དཀར་པོ་བཙོས་ཚར་བ་རི་ལྟར་སྤུངས་འདུག་པ་རྨིས་ཞུས་སོ། །དམ་པ་མཆོག་ནས་ཅི་མི་གསུང་བར་བཞུགས་ཡོད་པ་དང༌། ཁོང་གིས་མཆོག་ཉིས་དགོངས་ལམ་ཅི་མཁྱེན་ཞུས་པས་ཁོང་གིས་ཐང་ཤིན་ཏུ་ཆེན་པོ་ཞིག་ལ་ངའི་གཟན་འདི་ལྷུང་འདུག་པས་ཚུར་རྙེད་པ་རྨིས་བྱུང་གསུངས། དེ་མཚམས་ཁོང་སྤུན་མཆེད་གཉིས་ཀྱི་མ་རྒན་རི་ཁྲོད་པ་མཆོག་སྙུང་བ་ཐོས་ནས་རི་ཁྲོད་དུ་འབྱོར་ཡོད་པ་དང༌། འོད་ཟེར་ལགས་ཀྱིས་དེ་རིང་མ་ཁྱེད་འདིར་བསྡད་ནས་སྐོར་བ་འདྲ་སོང༌། སང་ཉིན་མཇལ་ཁ་གནང་ན་ལེགས་གསུང་པས་རི་ཁྲོད་པ་མཆོག་གིས་མ་འདིར་སླེབས་དུས་ང་ཐུགས་འཕྲད་མ་བྱས་ན་མ་སེམས་ཕམ་རྒྱུ་རེད་གསུངས་ནས་མཚམས་ཐུན་གནང་སྟེ་ར་ནང་མ་དང་གསུང་གླེང་ཏོག་ཙམ་གནང༌།

དེ་མཚམས་ཁ་བ་ཕྲན་ཙམ་བབས་པ་ཚང་མ་མེ་ཏོག་འདབ་ལྡན་དང་མཚམས་ཁང་གི་ཕྱོགས་ཡོངས་ནས་འཇའ་འོད་ཀྱིས་བཏུམས་པ་བྱུང་སོང་གསུངས། གྲང་ངར་ཅུང་ཙམ་བྱུང་བ་དང་མཚམས་ཁང་ནང་དུ་ཡར་ཁྲིད་ནས་མ་ཁྱེད་ཏོག་ཙམ་ལྷོད་ལྷོད་གྱིས་ནས་སྡོད། ཕྱི་དྲོ་ག་ལེར་ཁྱིམ་དུ་མར་སོང་འདིར་གོན་རྒྱུ་ཉུང་བས་མ་ཁྱེད་ལྷག་གས་ན་འོངས་གསུངས། དམ་པ་མཆོག་གི་ཡུམ་ཁྱིམ་དུ་མར་ལོག་སོང་བ་དང༌། ཁོང་གི་ཕྱི་དྲོ་ཕུར་པའི་འཕྲིན་ལས་བཏང་བཀའ་སྐྱོང་གཏོར་འབུལ་བྲོ་ཚེ་སྒྲུབ་སོགས་མཐར་ཕྱུང་སྟེ་གདུགས་དཀར་གཟུངས་དང་དུ་ཏྲི་སུ་གཞུང་གསུངས་ནས་ཨ་དཀར་སུམ་སྟོང་བསྒྲངས། རྒྱུན་གཅོད་ལྟར་སྐྱབས་སེམས་དང་འཛབ་སྒོམ་བཏང་ནས་སྙིང་པོ་རྣམ་གསུམ་བརྒྱ་སྐོར་རེ་དང་ཡིག་བརྒྱ་ཉེར་གཅིག་བསྒྲངས་མཏར་གསུར་དང་བསྔོ་སྨོན་རྒྱས་པ་གསུངས། ཚེ་དབང་སྨོན་ལམ་གདབ་པར་མཛད་ནས་བོན་སྐུ་སྨོན་ལམ་དབྱངས་ལ་གྱེར་ནས་དལ་མོས་ཚར་གཅིག་གསུངས་སོ། །

དེ་མཚམས་ཁོང་གིས་གཅུང་པོ་འོད་ཟེར་མཐའ་ཡས་ལ་འཕྲལ་ཕུག་གི་བསླབ་བྱ་མང་པོ་དང་དབང་ལུང་ཁྲིད་གསུམ་ཞུས་པའི་དང་པོ་རང་རྒྱུད་འདུལ་དགོས་ཚུལ་དང་མི་ཚེ་དཀོར་ནག་ལ་མ་འབག་པར་བྱས་ནས་བསྙེན་སྒྲུབ་སྒོམ་གསུམ་ལ་ནན་ཏན་དགོས་ཚུལ་དང༌། བསྙེན་གནས་སྙུང་གནས་ལ་ཕན་ཡོན་ཤིན་ཏུ་ཆེ་ཚུལ་དང༌། རང་གཞུན་ཀུན་གྱི་འབད་བརྩོན་བྱས་ནས་ཡུལ་དགོན་ཀུན་གྱི་གསོན་གཤིན་དགེ་སྐལ་དུ་བསྙེན་སྙུང་ཁྱབ་སྤེལ་དང་སྲོལ་ཚུགས་པ་དགོས་ཞེས་པ་ཡང་ཡང་གདམས་སོ། །

དགོང་མོ་ཆུ་ཚོད་བཅུ་པར་དྷ་རུ་བཀྲོལ་ནས་ལུས་སྦྱིན་མཁའ་འགྲོའི་གད་རྒྱངས་བཅས་གསུངས་ནས་གཟིམས། མཚན་ཆུ་ཚོད་གཉིས་དང་སྐར་མ་བཞི་བཅུ་མཚམས་ཆབ་བསིལ་ཏེ་ཡང་བཞེངས་ནས་ཙོག་པུར་བཞུགས་ཡོད་པ་དང༌། ཨ་ཁུ་བྱང་ཆུབ་གཅུང་པོ་འོད་ཟེར་གཉིས་མྱུར་དུ་ཡར་ལངས་ནས་ཁྱེད་སྙུང་གཞི་ཐུ་སོང་ངམ་ཞུས་པས། དམ་པ་མཆོག་གིས་དབུ་གཡུག་གཡུག་གནང་ནས་ཅང་གསུང་གནང༌། ཨ་ཁུ་བྱང་ཆུབ་ནས་ཆུ་ཁོལ་གསོལ་ཞུས་པས་ཕྱག་གིས་མི་ལེན་པར་ཕྱག་གཡུག་གཡུག་གནང་ནས་ཕར་སོང་གསུང་ཚུལ་མཛད་པ་དང༌། དེ་དུས་སྐུ་ལུས་ཡོངས་ནས་རླངས་པ་ཇ་རླངས་ལྟར་འཕྱུར་ཞིང༌། མཚམས་སུ་རླངས་པ་སྤོས་དུད་ཁོལ་བ་བཞིན་ཚུར་ཚུར་མཆེད་ནས་ཁང་པ་ཁེངས་པ་ཙམ་བྱུང་བ་དང༌། མར་མེའི་འོད་མདངས་ལས་རླངས་པ་ཚང་མ་འཇའ་ཙོན་སྣ་ལྔ་མཐོང་རྒྱུ་ཡོད་པ་བྱུང༌། དེ་རྗེས་སྐུ་ལུས་ནས་འཇའ་འོད་ཀྱི་རྣམ་པ་འོད་མདངས་དམར་སེར་སྨུག་རླངས་འཁོལ་བ་བཞིན་ཕྱུར་ཕྱུར་མཆེད་བཞིན་སྐུ་ལུས་གཡོ་མེད་དྲང་པོ་མདའ་ལྟར་སྲོང་ནས་དགོངས་པ་བོན་དབྱིངས་སུ་བདེ་བར་གཤེགས་སོ། །

ཀྱེ་མ་ཀྱི་ཧུད་སྐྱོ་གདུང་སྐྱེས། །

མཁས་བཙུན་གྲུབ་པའི་དབང་པོ་ཡི། །

ཡིད་འོང་དགྱེས་པའི་འཛུམ་ཞལ་དང༌། །

ཕན་མཛད་བརྩེ་བའི་གསུང་གི་གདངས། །

བྱམས་པའི་ཐུགས་ཀྱི་འགྲོ་སྐྱོང་ཚུལ། །

ད་ནི་དེ་དག་དྲན་པའི་ཚེ། །

སྐྱོ་གདུང་སེམས་ཀྱི་ཡི་ཡུལ་ལས། །

མཐོང་ཐོས་མཇལ་བའི་སྐལ་མེད་འདིས། །

ཀྱེ་མ་ཀྱི་ཧུད་སྐྱོ་བ་སྐྱེས། །

ད་ནི་ཇི་ལྟར་བྱ་སྙམ་ན། །

སྡུག་བསྔལ་སེམས་ལ་བཟོད་གླགས་མེད། །

དབང་མེད་པའི་མིག་ཆུ་ཤོར། །

མྱ་ངན་སྨྲེ་ངག་ངུ་འབོད་དང༌། །

ཉིན་མཚན་ཀུན་ཏུ་ཡིད་བློང་ཞིང༌། །

དབུགས་རིང་འཐེན་བཞིན་སྙིང་རླུང་ལངས། །

བློ་སེམས་ཞུམ་པའི་ངང་དུ་གྱུར། །

ཞེས་མཐའ་ཞུ་འོད་ཟེར་ནས་སྨྲས་སོ། །

དེ་ལྟར་མཆོག་གི་མཛད་རྣམ་ཉུང་བསྡུས་ཤིག །

མཐའ་ཞུ་འོད་ཟེར་མཐའ་རྒྱས་མཚན་ཅན་གྱིས། །

གསུང་སྐུལ་མ་ཟློག་གུས་པས་ཕུལ་ལགས་ཀྱང༌། །

ནོར་མཆིས་བཤགས་སོ་དགེ་རྣམས་འགྲོ་ལ་སྦྱིན། །

རྣམ་དཀར་ཟླ་བའི་མདངས་འཛིན་གངས་ལྗོངས་ཡུལ། །

བྱང་སེམས་སྙིང་རྗེའི་བདག་ཉིད་འཕྲུལ་ངག་བོན། །

ལོ་རབས་སྟོང་ཕྲག་གསུམ་གོང་དུས་འདིར་བར། །

དར་བའི་རྒྱུད་འཛིན་ས་གཞིའི་རྡུལ་གྲངས་ཤོག །

གནས་ལྔའི་མཁའ་ལ་ཉམས་མྱོང་འཕྲུལ་གྱིས་འཕྱོ། །

རྣམ་རིག་གཤོག་དྲུག་རྒྱས་པའི་ཁྱུང་ཆེན་དེས། །

རྒྱལ་བསྟན་དཔག་བསམ་ཤིང་གི་རྩེ་མོ་ནས། །

བོན་དབྱངས་འཛམ་གླིང་ཁྱོན་ཀུན་ལྡིར་ལ་སྨོན། །

ཞེས་རྒྱུད་གསུམ་སྙིང་དོན་བཅུད་ཀྱིས་འཕྱུར་བུར་གཏམས་ཞིང་སུམ་ལྡན་ངུར་སྨྲིག་འཛིན་པ་ཟླ་བྲལ་མཐའ་ཞུ་རི་ཁྲོད་པའི་མཛད་རྣམ་ཡི་གེར་བཀོད་པ། ཤིང་སྤྲེལ་ལོའི་ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་སྟོབས་ལྡན་སྦྱོར་བ་ཉིན་མོར་རྩེ་དྲུག་ཤེལ་བྲག་གླིང་དེར་མཇུག་རྫོགས་པར་བྲིས་སོ། །ཞང་ཞུང་སྒོ་པའི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་སློབ་སྦྱོང་བ་ཁྱུང་ནག་ཕུན་ཚོགས་དབང་ལྡན་ནས་བྲིས་སོ། །དགེའོ། །

 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.