དཀོན་མཆོག་རྩ་གསུམ་འདུས་པའི་གསོལ་འདེབས་བཞུགས།
ཨེ་མ་ཧོ།
དབྱིངས་ཉིད་ཁྱབ་བདལ་གནས་ལུགས་དེ་བཞིན་ཉིད། །
རང་འབྱུང་ཡེ་ཤེས་འོད་གསལ་སྙིང་པོའི་དོན། །
མ་བཅོས་རང་བབ་ངང་དུ་རྣམ་དག་པའི། །
བླ་མ་བོན་གྱི་སྐུ་ལ་གསོལ་བ་འདེབས། །
རང་བཞིན་འོད་གསལ་ཡེ་ཤེས་འོད་ལྔའི་གདངས། །
སྐུ་དང་ཐིག་ལེ་ཡེ་ནས་སྣང་བའི་ཆ། །
མ་འགག་ལྷུན་གྲུབ་ངང་དུ་རང་གསལ་བའི། །
བླ་མ་རྫོགས་པའི་སྐུ་ལ་གསོལ་བ་འདེབས། །
གཉིས་མེད་ཡེ་ཤེས་མཉམ་པ་ཉིད་ཀྱི་ངང༌། །
ཐུགས་རྗེ་རྩལ་སྣང་སྣ་ཚོགས་མ་འགག་པར། །
རོ་གཅིག་ཤུགས་འབྱུང་ངང་དུ་རྣམ་རོལ་བའི། །
བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །
སྐུ་གསུམ་བདག་ཉིད་བླ་མར་གསོལ་བཏབ་མཐུས། །
བདག་སོགས་མཁའ་མཉམ་ཐེག་ཆེན་ལམ་ཞུགས་ནས། །
དཔོན་གསས་བླ་མ་སངས་རྒྱས་མངོན་མཐོང་གིས། །
དོན་རྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས། །
སྤངས་དང་རྟོགས་པའི་ཡོན་ཏན་མཐར་ཕྱིན་ཞིང༌། །
ཁམས་གསུམ་འགྲོ་བ་མ་ལུས་སྐྱོབ་པའི་མགོན། །
མ་ནོར་ཐར་པའི་ལམ་བཟང་སྟོན་མཛད་པའི། །
བླ་མ་སངས་རྒྱས་ངོ་བོར་གསོལ་བ་འདེབས། །
ཚད་གསུམ་ཟུང་འབྲེལ་དོན་དམ་འདུས་མ་བྱས། །
འཕྲུལ་ངག་བདེན་པའི་རང་བཞིན་གཡུང་དྲུང་བོན། །
ཐེག་པ་རིམ་དགུ་སྒོ་བཞི་མཛོད་ལྔ་སོགས། །
བླ་མ་བོན་གྱི་ངོ་བོར་གསོལ་བ་འདེབས། །
སྤང་སྒྱུར་གྲོལ་བའི་ལམ་ཞུགས་བོན་བསྟན་འཛིན། །
རིག་གྲོལ་གཉིས་ལྡན་ཚོགས་མཆོག་ཀུན་གྱི་ཞིང༌། །
ས་བཅུ་ལམ་ལྔའི་བདག་ཉིད་སེམས་དཔའི་ཚོགས། །
བླ་མ་གཤེན་རབས་ངོ་བོར་གསོལ་བ་འདེབས། །
མཆོག་གསུམ་ངོ་བོ་བླ་མར་གསོལ་བཏབ་མཐུས། །
སྐྱེ་བ་འདི་དང་ཕྱི་རབས་ཐམས་ཅད་དུ། །
བླ་མ་དཀོན་མཆོག་གསུམ་དང་མི་འབྲལ་བར། །
བྱང་ཆུབ་ལམ་ཞུགས་ས་ལམ་མཐར་ཕྱིན་ནས། །
བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །
དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །
གདུལ་བྱའི་དོན་དུ་བཤེས་གཉེན་གཟུགས་སུ་བྱོན། །
བྱིན་རླབས་ཐུགས་རྗེ་སྐལ་ལྡན་སྨིན་མཛད་པའི། །
རྒྱུད་གསུམ་བླ་མ་རྣམས་ལ་གསོལ་བ་འདེབས། །
བོན་ཉིད་སྐྱེ་མེད་ངང་ལས་མ་གཡོས་ཀྱང༌། །
ཐབས་དང་ཐུགས་རྗེ་ཞི་དང་ཁྲོ་བོར་སྣང༌། །
མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པའི། །
ཡི་དམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །
སྟོང་ཉིད་མཁའ་ལ་ཐུགས་རྗེ་ཤུགས་ཀྱིས་འགྲོ། །
གདུལ་བྱའི་སྣང་ངོར་འདོད་དགུའི་གཟུགས་སུ་རོལ། །
བརྩེ་གདུང་དབང་གིས་དམ་ལྡན་སྐྱོང་མཛད་པའི། །
གནས་གསུམ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །
རྩ་གསུམ་ཀུན་འདུས་བླ་མར་གསོལ་བཏབ་མཐུས། །
སྐྱེ་འཆི་བར་དོའི་སྣང་ཞེན་མ་ལུས་པ། །
སྐུ་གསུམ་ལམ་བྱེད་ཐབས་མཆོག་བསྐྱེད་རིམ་གྱིས། །
སྣང་སྲིད་དག་པ་ལྷ་ཡི་དཀྱིལ་འཁོར་དུ། །
ཡོན་ཏན་འཕྲིན་ལས་འགྲུབ་པར་བྱིན་གྱིས་རླབས། །
ངོ་བོ་སྐྱེ་མེད་རྣམ་དག་བོན་གྱི་སྐུ། །
ཡེ་ཉིད་སྟོན་པ་ཀུན་ཏུ་བཟང་པོ་སོགས། །
རང་སེམས་ངོ་སྤྲོད་བདག་འཛིན་རྩད་གཅོད་པའི། །
གྲོལ་ལམ་གསང་རྒྱུད་བླ་མར་གསོལ་བ་འདེབས། །
རང་བཞིན་འགག་མེད་ལྷུན་གྲུབ་ལོངས་སྤྱོད་རྫོགས། །
ཐུགས་རྗེའི་སྟོན་པ་གཤེན་ལྷ་འོད་དཀར་སོགས། །
དབང་བཞི་བསྐུར་ནས་སྐུ་བཞི་སྨིན་མཛད་པའི། །
སྒྱུར་ལམ་ནང་རྒྱུད་བླ་མར་གསོལ་བ་འདེབས། །
གཉིས་མེད་རྩལ་ལས་གང་འདུལ་སྤྲུལ་པའི་སྐུ། །
རྣམ་མཁྱེན་སྟོན་པ་རྒྱལ་བ་གཤེན་རབ་སོགས། །
བསླབ་གསུམ་སྒོར་བཅུག་ལུང་རིག་སྟོན་མཛད་པའི། །
སྤང་ལམ་ཕྱི་རྒྱུད་བླ་མར་གསོལ་བ་འདེབས། །
མཁྱེན་དགོངས་རྟོགས་པའི་ཟབ་དོན་སྨིན་གྲོལ་སྤེལ། །
དགོངས་རྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །
བསྙེན་སྒྲུབ་མཐར་ཕྱིན་ཕྱི་ནང་ལྷ་ཞལ་ཁུམས། །
སྒྲུབ་རྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །
ཕྱི་ནང་གསང་བའི་རྒྱུད་ལུང་མན་ངག་སྟོན། །
བཀའ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །
ཟབ་གཏེར་སྙན་བརྒྱུད་དབང་ལུང་མན་ངག་སྤེལ། །
གཏེར་སྟོན་གཤེན་གྱེར་རྨ་དབྱིལ་གསོལ་བ་འདེབས། །
གདུང་བརྒྱུད་བྱིན་རླབས་འགྲོ་དོན་ཕྱོགས་མེད་མཛད། །
བྲུ་ཞུ་སྤ་རྨེའུ་ཁྱུང་ལ་གསོལ་བ་འདེབས། །
གོང་མའི་བརྒྱུད་འཛིན་འོག་མའི་ལམ་སྣ་འདྲེན། །
བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས། །
སྡེ་གསུམ་བོན་གྱི་འགྲོ་བ་འདྲེན་མཛད་པའི། །
རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །
སྐུ་གསུམ་མཆོག་གསུམ་རྩ་གསུམ་བརྒྱུད་པ་གསུམ། །
དབྱེར་མེད་རྩ་བའི་བླ་མ་རིན་པོ་ཆེ། །
རྩེ་གཅིག་མོས་གུས་གདུང་ཤུགས་དྲག་པོ་ཡིས། །
གསོལ་བ་འདེབས་སོ་ཐུགས་རྗེས་དགོངས་སུ་གསོལ། །
བདག་ནི་ཐོག་མེད་གོང་ནས་ད་ལྟའི་བར། །
སྲིད་པ་འཁོར་བའི་གནས་སུ་ཡང་ཡང་འཁྱམས། །
བྱས་པ་ཐམས་ཅད་དོན་མེད་དུས་འདས་ན། །
ད་ནི་ཐུགས་རྗེས་བཟུང་བའི་དུས་ལ་བབ། །
འབད་ཀྱང་དོན་མེད་འཇིག་རྟེན་བྱ་བ་ལ། །
ཞེན་པའི་དབང་གིས་རང་ཉིད་མི་བསླུ་བར། །
རྙེད་དཀའི་དལ་འབྱོར་འཆི་བ་དྲན་པ་ཡིས། །
བློ་སྣ་དགེ་ལ་ཕྱོགས་པར་མཛད་དུ་གསོལ། །
འཁོར་བའི་ལས་འབྲས་ཉེས་དམིགས་ཤེས་པ་ཡིས། །
དགེ་སྦྱོར་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །
བྱམས་དང་སྙིང་རྗེས་བྱང་ཆུབ་སེམས་སྦྱང་སྟེ། །
ལམ་གྱི་འཁྲུལ་པ་སེལ་བར་བྱིན་གྱིས་རློབས། །
རིང་ནས་གོམས་པའི་བག་ཆགས་གཞན་དབང་གིས། །
རྣམ་རྟོག་སྤྲོས་པའི་རང་སེམས་མི་འཆིང་བར། །
སྟོང་ཞིང་བདག་མེད་དེ་བཞིན་ཉིད་མཐོང་ནས། །
འཁྲུལ་སྣང་དབྱིངས་སུ་ཞི་བར་བྱིན་གྱིས་རློབས། །
བསྟན་འཛིན་གཤེན་པོ་བྲུ་ཞུ་སྤ་རྨེའུ་སོགས། །
བསྟན་སྤེལ་སྐྱེས་མཆོག་འཕྲིན་ལས་རྒྱས་འཕེལ་ཞིང༌། །
འཆད་རྩོད་རྩོམ་པའི་བོན་བསྟན་ཕྱོགས་བརྒྱར་རྒྱས། །
གཤེན་བསྟན་ཡུན་རིང་གནས་པར་བྱིན་གྱིས་རློབས། །
མདོ་དང་སྔགས་སེམས་སྙིང་པོའི་ལམ་རིམ་ཀུན། །
སྨིན་གྲོལ་རྒྱབ་བརྟེན་ལམ་ནས་ཉེར་དྲངས་ཤིང༌། །
ཁྲིམས་གནས་ཐོས་བསམ་སྒོམ་པའི་རིམ་པ་ཡིས། །
བཤད་སྒྲུབ་བསྟན་པ་དར་བར་བྱིན་གྱིས་རློབས། །
རྒྱལ་བསྟན་འཛིན་པའི་སྐྱེས་བུ་མཆོག་རྣམས་ལ། །
དགྲ་བགེགས་བར་ཆད་རྐྱེན་གྱིས་མི་ཚུགས་པར། །
སྐུ་ཚེ་བརྟན་ཞིང་མཛད་འཕྲིན་མཐའ་རུ་ཕྱིན། །
བསྟན་འགྲོའི་དོན་ཆེན་འགྲུབ་པར་བྱིན་གྱིས་རློབས། །
སྤང་སྒྱུར་གྲོལ་བའི་ལམ་ཞུགས་གཡུང་དྲུང་སྤུན། །
ཐུགས་མཐུན་ཁྲིམས་གཙང་སྒོ་གསུམ་དགེ་སྤྱོད་ལས། །
བག་མེད་ལེ་ལོའི་རྣམ་པར་མི་གཡེང་བར། །
རྒྱལ་བསྟན་གཞུང་བཞིན་བསྒྲུབ་པར་བྱིན་གྱིས་རློབས། །
མདོར་ན་བདག་སོགས་སེམས་ཅན་མ་ལུས་པ། །
ཚེ་འདིར་ཚེ་རིང་ནད་མེད་བསམ་དོན་འགྲུབ། །
ཕྱི་མ་བོན་ཉིད་འོད་གསལ་བར་དོ་རུ། །
བླ་མ་དཀོན་མཆོག་མདུན་ཁར་བྱོན་ནས་སུ། །
འཁྲུལ་སྣང་ངོ་སྤྲོད་རིག་པ་དབྱིངས་སུ་སྤོར། །
སྐུ་གསུམ་བདེ་ཆེན་འབྲས་བུ་ས་ཐོབ་ཤོག །
ཅེས་པ་འདིའང་རང་གི་གཅེན་པོ། སེམས་བསྐྱེད་སློབ་དཔོན་དྲང་སྲོང་ཚུལ་ཁྲིམས་ཡེ་ཤེས་དགོངས་པ་བོན་དབྱིངས་སུ་གཤེགས་ནས་དགུང་ཞག་ཚང་སྐབས་སྐྱོ་སྣང་རབ་ཏུ་འཕེལ་ནས་བླ་མ་དཀོན་མཆོག་རྣམས་ལ་མཐའ་ཞུ་འོད་ཟེར་མཐའ་རྒྱས་པས་གསོལ་བ་དྲག་ཏུ་བཏབ་པའོ། །སྨར་རོ། །
- ཟིན་ཐོ་གོང་མ།གྲོགས་པོ་ཡོངས་ལ་དཀའ་དྲིན་ཆེ་ཞུ་ཞོར་ལ་ང་རང་ངོ་སྤྲོད་བྱེད་
- ཟིན་ཐོ་འོག་མ།བྱ་བྲལ་ཚུལ་ཡེའི་གསུང་བརྩོམ་འོས་སྦྱོར་