སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྤྱི་སེམས་མེད་པའི་མི་དེ་ནི། ཚོར་བ་མེད་པའི་རྡོ་དང་འདྲ།
[ 2018/7/21 12:12:00 | By: vase ]
 


 སྤྱི་སེམས་མེད་པའི་མི་དེ་ནི། ཚོར་བ་མེད་པའི་རྡོ་དང་འདྲ།


   ༧  ང་ཚོ་སྤྱི་ཚོགས་ཀྱི་བྱ་བ་མི་འདྲ་བ་གང་ཞིག་གཉེར་སའི་ཚོགས་པ་དང་། གཞན་སློབ་གྲྭ་དང་དགོན་སྡེ་དང་ཆུང་ས་ནས་ཁྱིམ་ཚང་གི་ཚོགས་པ་སོགས་འདུ་འཛོམ་གྱི་ཚོགས་པ་གང་ཞིག་ལ་ཞུགས་མཁན་ཡིན་ཚུན་ཆད། མི་ཚང་མ་ལ་སྤྱི་སེམས་ཟེར་བ་དེ་དགོས་ངེས་རེད། སྤྱི་སེམས་ཟེར་བ་དེ་མི་སྒེར་གྱི་བྱ་བཞག་འགྲུབ་པའི་ཆེད་དང་མི་སྒེར་གྱི་ཁ་ཕོར་དང་མགོ་རྣའི་ཆེད་དུ་ཁོ་ན་མ་རེད། རང་ཉིད་ཚོགས་པ་དང་གླིང་ཁ་གང་གི་སྒོ་ལ་ཞུགས་པའི་མི་བུ་ཞིག་ཡིན་ན། ཚོགས་པ་དེ་ལ་ཡར་རྒྱས་དང་གྱོང་གུད་གང་བྱུང་ཚེ་རང་ཉིད་ལ་འཕེབ་གྲིབ་རང་བཞིན་དུ་བྱུང་ངེས་པ་རེད། དེའི་ཕྱིར་ན་སྤྱི་སེམས་ཡག་པོ་བྱེད་ཡ་དེ་རང་ཉིད་ཞུགས་སའི་ཚོགས་པ་དེ་ཡི་ཡར་རྒྱས་དང་བརྟན་རླིང་མཐུན་སྒྲིལ་དང་བདེ་འཇགས་ཡོངས་སུ་བྱུང་བའི་ཆ་རྐྱེན་ཟབ་མོ་ཞིག་རེད། ཤེས་བྱ་གང་ཞིག་ཡིན་ཡང་ཡིན་ལུགས་ལ་བློས་ཤེས་པར་བྱ་རྒྱུ་ཡོད་པ་བཞིན་སྤྱི་སེམས་བྱེད་ཡ་ལ་སྦྱང་རྒྱུ་ཡོད་ངེས་རེད། དང་པོ་ཁ་རང་ལ་སྐོར་ནས་སྤྱི་སེམས་བྱེད་ཡ་ལ་སྦྱོང་པ་དགོས་རེད། རང་ཉིད་ཀྱི་ཅ་ལག་དང་ཁོར་ཡུག་སོགས་རང་ཉིད་ལ་ཕན་པའི་བཟང་ཕྱོགས་ཀྱི་བྱ་བ་སྒྲུབ་ཡ་ལ་ལུས་ངག་གི་འབད་པ་བྱ་ལུགས་དང་། རང་ཉིད་ལ་དགོས་པའི་དཔལ་འབྱོར་གསོག་འཇོག་བྱ་ཡ་ལ་གྲོན་ཆུང་གི་སེར་སྣ་དང་ཉར་ཚགས་ག་འདྲ་དགོས་ཀྱིན་འདུག་པ་དེ་ཁ་ནང་ལ་སྐོར་ནས། སློབ་གླིང་དང་ཁྱིམ་ཚང་སྤྱི་ཡི་ཅ་ལག་ལ་ཉར་ཚག་དང་། ཁོར་ཡུག་ལ་དོ་སྣང་དགོས་པ་རང་ལ་དཔེ་ལྟོས་ནས་ཧ་གོ་གི་རེད། སྤྱི་སེམས་མེད་མཁན་གྱི་མི་དེ་སློབ་གླིང་དང་འདུ་འཛོམས་ཀྱི་ཚོགས་པ་གང་ལ་ཞུགས་ཀྱང་ཚོགས་པ་དེ་ཡི་འགན་ཁུར་མ་ཤེས་ལ་མི་ཡི་ཚོར་བ་མེད་པའི་རྡོ་དང་གཅིག་པ་རེད། ཆེ་ས་ནས་རྒྱལ་ཁབ་དང་སློབ་གྲྭ་དང་དགོན་སྡེ་སོགས་སྤྱི་ཚོགས་ཀྱི་ཚོགས་པ་གང་ཞིག་ཡིན་ཀྱང་ཡར་རྒྱས་འགྲོ་ཡ་ལ་ཚད་གཞི་ཡོད་མ་རེད། ཡར་རྒྱས་འགྲོ་ཡ་དེ་ཚོགས་པ་དེར་ཞུགས་ཀྱི་མི་བུ་ཆེ་ཆུང་ཀུན་གྱིས་འབད་པ་དང་། གུས་གུས་རུག་རུག་བྱེད་དགོས་ཡ་རེད་མ་གཏོགས་ཚོགས་པའི་མིང་འཛིན་ལས་སྣེ་བ་གཅིག་བུ་ལས་གཞན་ལ་འགན་ཁྲི་མེད་པ་ཁྱོན་ནས་མ་རེད།  ཚོགས་པ་དེ་ཡི་དབུ་འཛིན་པ་ཅག་ནི་ཚོགས་པ་དེ་ཡི་ལས་ཀ་གང་གཉེར་བ་དེ་ཡི་དང་པོའི་སྣེ་ཁྲིད་མཛུབ་སྟོན་པ་ཞིག་རེད། ཚོགས་པ་དེ་ཡི་དོན་དག་ཆེ་ཆུང་གང་སྒྲུབ་ཀྱང་ལས་སྣེ་བ་གཅིག་པུས་སྒྲུབ་མི་ཐུབ་ཀྱང་ཚོགས་པའི་དབུ་འཛིན་པ་དེ་ནི། དཔེར་ན་ཅ་ལག་མང་པོའི་གསེབ་ནས་གྱད་རྡོ་ཆེན་པོ་ཞིག་བང་དགོས་ན་འདི་དང་འདི་བང་ཟེར་ནས་མཛུམ་མོ་བཙུགས་མཁན་ལྟ་བུ་ཞིག་རེད། གྱད་རྡོ་ཆེན་པོ་དེ་ཚོགས་པའི་དབུ་འཛིན་པ་གཅིག་པུས་ཐེག་མི་ཐུབ་པ་ཚོགས་མི་ཚང་མས་ཤུགས་རྒྱབ་དགོས་པ་ནང་བཞིན་རེད། དེང་སང་སློབ་གླིང་དང་སྤྱི་ཚོགས་གསེང་དུ་མི་མང་པོ་ཞིག་གི་སོ་སོས་འབད་པ་གང་ཡང་མི་ནུས་ལ་ཚོགས་པའི་མགོ་འཛིན་དང་ལས་སྣེ་བ་བཅས་ཀྱིས་བྱ་བ་གང་ཞིག་གཉེར་སྐབས། ང་ཡིན་ན་འདི་འདྲ་བྱེད་རྒྱུ་འདུག ཁོ་ཡིན་ན་ཨེ་འདྲ་བསམ་བཞིན་འདུག་ཁྱོད་ཚོས་བྱ་བ་སྒྲུབ་སྟངས་མ་འཇོན་པའི་སྐད་ཆ་སྦོམ་པོ་བཤད་མཁན་བྱུང་སྲིད་པ་རེད། དེ་ནི་གནའ་མིའི་གཏམ་དཔེ་ལ། ཐད་ནས་ལྟས་ན་གླེན་པ་མཁས་ཟེར་བ་ནང་བཞིན་རེད། བྱ་བ་གང་ཞིག་སྒྲུབ་པའི་རྒྱུད་རིམ་ཁྲོད་དུ་བརྗོད་དུ་མི་ཕོད་པའི་དཀའ་ཁག་དང་། དྲན་དུ་མ་མྱངས་བའི་ཚོར་བ་ག་འདྲ་ཞིག་སྐྱེ་མིན་དེ་མི་སོ་སོ་བྱ་བ་དེ་ཡི་སྒོ་ལ་ཞུགས་ནས་འགན་ཕྲག་ཐོག་ཏུ་མ་བབས་བར་དུ་ཧ་གོ་གི་མ་རེད།  ད་ལྟའི་སྤྱི་ཚོགས་འདི་ནི་སྤྱི་ཚོགས་རྙིང་པ་དང་མི་འདྲ་བར་ལུགས་གཉིས་ཀྱི་བྱ་བ་གང་ལ་ཞུགས་རྗེས། སྐྱ་སེར་སོ་སོ་དང་རྒན་གཞོན་སོ་སོ་ཁོར་ཡུག་སོ་སོ་བའི་སར་ནས་བྱ་བ་གང་འཚམས་ཤིག་འགྲུབ་ཐུབ་པ་དགོས་ངེས་རེད། ཁ་ཅིག་གིས་རང་གི་ཁྱིམ་ཚང་དང་བཟའ་ཉོབ་སོགས་ལ་ལོ་གཅིག་གི་འཚོ་བའི་ཐག་གཅོད་ཙམ་ཡང་མི་ཐུབ་ལ། དུས་རྟག་ཏུ་ཁ་ཕྱི་ལ་རང་སྐོར་ནས་གཞན་ལ་མ་འཇོན་མ་ནུས་པའི་མཛུབ་མོ་ཁོ་ན་བཙུགས་ནས་མི་ཚེ་རྫོགས་བཞིན་པ་མང་པོ་ཡོད་རེད། མི་གཞན་གྱི་བྱ་བ་ཡོད་ཚད་ལ་སྣ་གཉེར་རང་བྱེད་དགོས་ན་དཀའ་ལས་ཁག་པོ་རེད། མི་སུ་ཡིན་རུང་སྐྱོན་ཡོན་གཉིས་ཀྱི་ཆ་ཡོད་རེད། སྐྱོན་མེད་པའི་མི་དང་འཛེར་མེད་པའི་ཤིང་ཡོད་མ་རེད། དང་པོ་སོ་སོས་གདམས་ཁ་བྱས་པའི་ལམ་ཁ་གང་ཞུགས་ཚེ་དེ་མ་ཡིན་པའི་གཞན་གྱི་བྱ་བ་ལ་མཐོང་ཆུང་དང་དམའ་འབེབས་ཉུང་དུ་བྱེད་ནས། ལམ་ཁ་སོ་སོར་བསྐྱོད་དགོས་པ་ལས་རང་ཉིད་ཀྱི་བྱ་བ་དང་མི་མཐུན་པའི་བྱ་བ་ཡོད་རྒུ་ལ་སྣ་གཉེར་དང་ཁོང་ཁྲོ་དམོད་འབོད་ཁོ་ན་བྱས་པ་ཙམ་གྱིས་ཡར་རྒྱས་ཆེན་པོ་ཞིག་དང་། ཐོན་བསྐྱེད་འབེལ་པོ་ཞིག་དཀའ་མོ་རེད། ཁ་ཅིག་ནི་སོ་སོས་ལུགས་གཉིས་ཀྱི་བྱ་བ་གང་ལ་གཉེར་མི་ནུས་ལ་མི་ཚེ་གཅིག་ལ་གཞན་གྱི་བྱ་བ་ལ་སྨོད་ར་དང་བརྙས་བཅོས་ཁོ་ནའི་ངང་མི་ཚེ་འདའ་མཁན་མང་ཐག་ཆོད་ཡོད་རེད། དེ་ཚོ་ནི་འདི་ཕྱི་གཉིས་གང་ལ་སྨན་པའི་བྱ་བ་སྒྲུབ་མི་ཐུབ་པའི་མི་བུ་རྗེས་ལུས་པ་ཁོ་ན་ཞིག་རེད། མི་བུ་ཀུན་གྱིས་ཡང་ན་ཚོང་ལས་སོགས་དཔལ་ཡོན་འཕེལ་སྐྲུན་གྱི་སྒོ་ནས་ཚེ་འདི་ལ་དགོས་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆ་རྐྱེན་འགྲིག་ཐག་ཆོད་ཅིག་དང་། ཡང་ན་ཚེ་ཕྱི་མ་ལ་དགོས་པའི་དགེ་སྒྲུབ་སྡིག་སྤང་སོགས་གང་ཞིག་ལ་ནམ་ཉིན་མཚན་ལྟོས་མེད་དུ་འབད་དགོས་པ་ལས་ཉིན་གུང་བཟའ་བཏུང་རྙེད་པ་ཙམ་དང་། མཚན་གུང་གཉིད་ཉལ་ཤེས་པ་ཙམ་གྱིས་མི་ལུས་ཐོབ་པའི་དོན་གོ་རྩ་བ་ནས་མི་ཆོད་དོ། ས་འོག་གི་འབུ་གྲོ་མ་ཡན་གྱུར་པས་སོ་སོའི་ཚེ་གཅིག་གི་བཟའ་བཏུང་དང་ཉིན་གཅིག་གི་འཚོ་བ་ལ་སྤྱོད་ཤེས་ངེས་རེད་དོ། གཞན་ཞིག་ནས་གོ་ནོར་ཐེབས་མི་རུང་བ་དེ་ནི་ང་རང་སྤྱི་སེམས་ཆེན་པོའི་མི་བུ་ཞིག་དང་། ནུས་པ་རླབས་ཆེན་གྱི་སྣེ་ཁྲིད་པ་ཞིག་རྩ་བ་ནས་མ་ཡིན་ཀྱང་། སོ་སོས་བསམ་བློའི་འཁྱེར་སོ་འདྲ་པོ་དེ་ང་ཚོ་ཚང་མས་སྤྱི་སེམས་དགོས་རྒྱུ་དེ་གལ་ཆེན་ཡིན་ས་རེད་སྙམ་པའི་དྲན་རྟོག་མངོན་དུ་ལྡངས་ཐེངས་ཤིག་ལ་རང་ཤག་དྲི་བཟང་སྤོས་ཁང་ནས་བྲིས་སོ།།

སྤྱི་ལོ་/༢༠༡༨/༧/༢༡/ཉིན་/ཁྱུང་ནག་བསོད་ནམས་བློ་གྲོས/ནས་སྤེལ་ལོ།།



 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.