སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཤར་གྱི་མཛོད་ཆེན་བླ་མའི་མཛད་རྗེས་དྲན་པ།
[ 2018/5/29 12:32:00 | By: vase ]
 



ཤར་གྱི་མཛོད་ཆེན་བླ་མའི་མཛད་རྗེས་དྲན་པ།


ཁྱུང་བསོད་བློ།


༧ ཐག་རིང་སངས་རྒྱས་ས་དེ་ཐུང་སར་བཏུགས།

གདོས་ཐག་འཁོར་བའི་རྒྱ་ཡི་སྦུབ་རྒྱ་བཀྲོལ།

དུག་ལྔའི་ལྕགས་ཀྱི་ཐུ་ལུམ་རིག་པས་བཞུས།

བདེ་དྲོད་མེ་དཔུང་འབར་བའི་ཐབ་ལྷ་ཞིག


རང་རྒྱུད་རྭ་ཅོ་འདྲ་བའི་གས་གསེབ་ནས།

ཐ་སྙད་ཀོ་གྱོང་དམར་པོ་ལག་གིས་མཉེས།

རྟོག་གེ་ཕལ་གྱིས་ཚིག་སྐམ་བཏུ་ཉིན་མོར།

བདེན་དོན་ཉིང་ཁུ་ལོན་མཁན་ཁྱེད་ཉིད་བྱོན།


གཡོ་སྒྱེ་སྤྲེད་རྒན་གྱར་སའི་བྲག་རྩ་ནས།

སྒོམ་ཆེན་ཕལ་ཆེར་གཉིད་ལ་ཤོར་ཉིན་མོར།

གཡའ་རི་གངས་བྲག་འབར་བའི་རྩེ་མོ་ནས།

ཀློང་སྒོམ་མངོན་དུ་བྱེད་མཁན་ཁྱེད་ཉིད་བྱོན།


རྫུན་གྱི་ཕས་རྒོལ་བཏུལ་བའི་བདེན་དོན་རྣོ།

བདག་འཛིན་གཡུལ་སོ་བཀག་པའི་གོ་ཁྲབ་འཐུག

སྒྲིབ་གཉིས་ཡུག་ཏུ་ཕུད་པའི་ཕྱགས་མ་ཆེ།

བདེན་ཁས་ས་མཐར་བསྐྱོད་པའི་རྣལ་འབྱོར་ཞིག


ཆིག་ཁྲི་བརྒྱད་སྟོང་གོང་ནས་དབུ་ཁྱུད་བྲིས།

བོན་གྱི་སྒོ་བཞི་མཛོད་ལྔའི་ཕོ་བྲང་གི

དཔྱམ་གྱི་ཀ་བཞི་གདུང་དྲུག་བཀོད་ཉིན་མོར།

ཁྱེད་ཉིད་ཚངས་ཐིག་བཏབ་པའི་བཟོ་པ་ཞིག


ཐལ་རྡུལ་རུ་དཔུང་བསྟར་བའི་ཆར་སྨག་གསེབ།

ཉམ་རྒུད་གསར་རྙིང་དུས་ཀྱི་ཁུགས་སོ་ནས།

ཕྱོགས་རིས་གྲུབ་མཐས་འཐེན་ཁྱེར་བྱེད་ཉིན་མོར།

གཤེན་བསྟན་རུ་དར་བསླངས་བའི་དེད་དཔོན་ཞིག


ཉམས་ཀྱི་དགོངས་པ་ཟབ་པའི་ཁྱེད་གསུང་པོད།

དབྱངས་ཀྱི་བརྗོད་བྱ་བཙན་པའི་ཁ་ཞེང་གིས།

རླབས་ཀྱི་ཁྱབ་གདལ་ཆེ་བས་འཁོར་འདས་ཁེབ།

སྤང་བླངས་སྐྱོན་ཡོན་གསལ་བའི་ལེའུ་ཐོ་ཞིག


ཤ་སྤྲུལ་ཡང་སྲིད་ཟེར་ནས་མ་འདེམས་ལ།

རུས་སྤྲུལ་རིགས་ཁུང་དེད་ནས་མ་གཅེས་ལ།

སྐུ་གསུམ་དགོངས་རྫོགས་དོན་གྱི་སྤྲུལ་སྐུ་སྟེ།

ཡེ་ཤེས་གཤོག་རྩལ་རྒྱས་པའི་གཤེན་རབ་ཅིག


སྲིད་ཀྱི་གོ་སའི་ཁྲི་ལ་མ་འཇུས་ལ།

དམངས་ཀྱི་སྒོར་མོའི་དོད་དུ་མ་རྔམ་ལ།

འཚོ་བ་ངན་ངོན་ཙམ་གྱི་དཔེ་ཆ་བ།

མཉམ་མེད་བླ་མ་དགྱེས་པའི་དཀའ་ཐུབ་ཅིག


གྃཞི་ལ་ཡེ་ཤེས་རིག་པའི་སྤྱན་མིག་རྣོ།

ལྃམ་ལ་ལྷུན་གྲུབ་རྩལ་གྱི་ཉམས་སྣང་སྐྱིད།

འབྲྃས་བུ་ཟུང་འཇུག་རྫོགས་པའི་སེམས་དཔའ་སྟེ།

ཀ་དག་ལྷ་ཞལ་མཇལ་བའི་ཀུན་བཟང་ཞིག


སྐུ་གཟུགས་རིད་པོ་གྱུར་པའི་དཀའ་ཐུབ་པ།

དགོངས་པ་དཔེ་ཆས་ཚོན་པའི་དཔེ་ཆ་བ།

རྟོགས་པ་ཀློང་དུ་བརྡོལ་བའི་རྫོགས་ཆེན་པ།

རིག་པའི་རྒྱལ་ཁམས་སྐོར་བའི་དེད་དཔོན་ཞིག


བག་ཆགས་ཟབ་ས་ཞིག་ནས་རིགས་པ་སད།

ཁ་ཞེང་ཆེ་ས་ཞིག་ནས་མཚན་དཔེ་བཞད།

བྱིན་ཅན་གདན་ས་ཞིག་གི་དེད་དཔོན་ཏེ།

གོ་ལ་རྡིར་རྡིར་སྒུལ་བའི་གཡུ་འབྲུག་ཅིག


ལྟ་བ་མཐོ་ས་ཞིག་ནས་ཡས་སུ་ཕུབ།

སྤྱོད་པ་ཕྲ་ས་ཞིག་ནས་མས་ལ་འཛེགས།

ལྟ་སྤྱོད་ཟུང་དུ་འབྲེལ་བའི་རི་ཁྲོད་པ།

ཐབས་ཤེས་བླ་ན་མེད་པའི་འཕགས་པ་ཞིག


རིག་པས་མཐྃའ་བྃཞི་བྲལ་བའི་རྒྱ་ཁྱོན་དཔོག

དགོངས་པས་དགྃའ་བྃཞི་ཡེ་ཤེས་མེ་དཔུང་སྤརད།

རྟོགས་པས་སྣྃང་བྃཞི་ཟད་པའི་ས་ལ་བསྐྱེལ།

རྐྱང་དེད་ཡང་རྩེ་ཐེག་པའི་རྣལ་འབྱོར་ཞིག


ལྟག་དགྱེའི་རྟོག་གེ་འགའ་ཞིག་གུག་གུག་བཟོས།

ནོམ་ཆེན་ཕྱུག་པོ་རེ་ཞིག་འཇོང་འཇོང་བཟོས།

སྙིང་རྗེས་སྤྲང་པོ་མང་ཞིག་བདེ་བདེ་བསྐྲུན།

ཞི་རྒྱས་དབང་དྲག་འཛོམས་པའི་གཙོ་ལྷ་ཞིག


འཆྃད་ལ་རབ་འབྱམས་རིག་པའི་ཆུ་འགོ་ཁྱེད།

རྩོདྃ་ལ་ཕས་རྒོལ་བཅོམ་པའི་ཐོག་མདའ་ཁྱེད།

རྩོམྃ་ལ་མཛོད་ཆེན་སྡེ་ལྔའི་བདག་པོ་ཁྱེད།

སྐུ་ཚེ་གཞན་དོན་མཛད་པའི་སྒྲོན་མེ་ཞིག


ཤེསྃ་རབྃ་རྣོ་ལ་སྨྲ་སེང་ཀེང་ཙེའི་ལྷ།

ཚུལྃ་ཁྲིམྃས་གཙང་ལ་པད་སྡོང་དཔག་བསམ་ལྗོན།

ཏིངྃ་འཛིནྃ་གཏོས་ལ་ཏི་སེ་དཀར་པོའི་གངས།

བསླབ་གསུམ་སེམས་དཔའ་གསོ་བའི་འོ་མ་ཞིག


མཁསྃ་པ་བརྒྱ་ཡིས་ཟབ་ཚད་མ་སྡོས་ལ།

བཙུནྃ་པ་སྟོང་གི་ནོར་གྱིས་མ་སོད་པའི།

བཟྃང་པོ་འབུམ་གྱིས་ཕྱུག་པའི་ཁྱེའུ་སྟེ།

འཛམ་གླིང་མཁས་བརྒྱ་དགྱེས་པའི་པོ་ཏི་ཞིག


ཟང་ཟིང་ནོར་ལ་སྦྱིནྃ་པྃའི་གཏོང་སྒོ་ཕྱེས།

འཆལ་མེད་ཚུྃལ་ཁྲིམྃས་གཙང་མའི་རུ་དར་སྒྲོན།

ཉེས་ཅན་དགྲ་ལ་བཟོདྃ་པྃའི་གོ་ཁྲབ་ཅན།

བྱུར་འདྲེ་རྒྱལ་འགོང་བཏུལ་བའི་གཤེན་དམག་ཅིག


པོད་ཀྱི་གཞུང་ལ་བརྩོནྃ་འགྲུྃས་རྟ་ཕོ་བཅིབས།

བླ་མེད་གདིང་ལ་བསྃམ་གཏྃན་ཏིང་འཛིན་བརྟན།

རུ་ཏྲ་བཏུལ་བའི་སྟོབྃས་མཆོགྃ་ཚད་མེད་མངའ།

མྱུར་མགྱོགས་བང་རྩལ་ཆེ་བའི་གྱི་ལིང་ཞིག།


མ་ནུས་པ་ལ་སྙིངྃ་རྗེཾའི་སྤྱན་ཆབ་འབྲུག

མི་ནུབ་བསྟན་ལ་རྒྱལ་ཁའི་སྨོནྃ་ལྃམ་བཙན།

བསྟན་འགྲོའི་དོན་ལ་ཐྃབས་ཤེསྃ་དཔལ་བེའུ་བཀྲ།

ཕྱིན་བཅུའི་སྤྱོད་པ་ཞིབ་པའི་བཙུན་པ་ཞིག


ཨ་ཕ་གཤེན་རབ་ཚང་གི་མཚེར་ས་ཁར།

རིག་གཞུང་རྩི་ཏོག་ལང་ཚོ་བཞད་ཉིན་མོར།

སྤང་རྒོད་རློན་པའི་ཤ་མོང་གསེར་ཤ་མ།

རིན་ཆེན་གསེར་ནག་འདྲ་བའི་སེམས་དཔའ་ཁྱེད།


སྲོག་རླུང་ཞུགས་ནས་སེམས་རྩ་མ་འཁྲུགས་ལ།

བདག་ཕྱོགས་གདོན་གྱིས་ཁྲག་རྩ་མ་སྦོས་ནས།

གནས་ལུགས་གཞུང་ལ་དཔྱོད་པའི་བུ་ཡིན་ན།

ཁྱེད་གསུང་གངས་ཀྱི་གཡུ་མཚོ་ཧུབ་གང་བཏུང་།


དབྱར་གཞུང་མདོ་སྔགས་སེམས་ཀྱི་ཞིང་ས་ལ།

ཤར་གྱི་མཛོད་ཆེན་སྡེ་ལྔའི་སྙེ་ལོ་ཡག

ཉམས་ཀྱི་སྒོམ་སྒྲུབ་སྙེ་མའི་གྲ་ལོ་རྒྱས།

སྤངས་རྟོགས་ཆེན་པོའི་བྱ་དགའ་ཁྱེད་ཀྱིས་བཞེས།


ཤེས་རིག་རྐང་པ་བརྐྱངས་བསྐུམ་མ་ཤེས་ལ།

ཡེ་རིག་མ་མཐོང་ཁྲག་རླུང་འཕྱུར་ཉིན་མོར།

ཡིག་འབྲུ་ཞིང་ཚད་མཐུག་པའི་གསུང་རབ་ཀྱི།

རྐང་རྗེས་གངས་ལ་བཞག་མཁན་དཔོན་གསས་ཁྱེད།


རྣལ་འབྱོར་ཁྱེད་ཉིད་གནས་ལུགས་སྒོམ་ལ་བྱང་།

དུས་མཐའི་སྒོམ་ཆེན་སྐད་འཕྲིན་རྩེད་ལ་གོམས།

སྡོད་ལུགས་འདྲ་ཡང་ཡིན་ལུགས་མི་འདྲ་བས།

ཁྱེད་ཀྱི་རྣམ་ཐར་ཡང་ཡང་མཇལ་བར་ཤོག


མཁྱེན་བརྩེའི་དགོངས་པའི་རླབས་ལ་ཕྱོགས་རིས་མེད།

མཁྱེན་དཔྱོད་ཐུགས་རྗེའི་ཤུགས་ལ་ཉེ་རིང་མེད།

མཁྱེན་སྟོབས་སྡོང་གྲོགས་མཛད་ལ་གཡེང་བ་མེད།

མཁྱེན་ལྡན་བླ་མ་ཁྱེད་ཀྱིས་མཁྱེན་པར་གསོལ།


བདེ་ཆེན་ཀུན་བཟང་རྒྱལ་བའི་རྒྱལ་ས་ཟིན།

མཁས་གྲུབ་ཁྱུང་ཆེན་འཕུར་བའི་མཁའ་ལམ་ནས།

འཇའ་ལུས་འཕོ་ཆེན་གཤེགས་པའི་གཤོག་པ་ཅན།

ཀུན་མཁྱེན་གྲུབ་དབང་བཀྲ་ཤིས་རྒྱལ་མཚན་བསྟོད།


སྤྱི་ལོ་༢༠༡༨/༥/༢༧/བོད་ཟླ་/༤/༡༣/ཀུན་མཁྱེན་ཤར་རྫ་པ་འཇའ་ལུས་འཕོ་ཆེན་གཤེགས་པའི་དུས་དྲན་ཉིན་མོར་རྗེས་དྲན་ཚུལ་དུ་མི་ཕྱེད་དད་པས་སྨྱུག་ཁ་སྒུལ་ནས་ཤར་ཤར་བྲིས་སོ།།


 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.